འབྲུག་ཤག

    འབྲུག་པ་ཀུན་ལེགས་ཀྱིས་བརྩམས།


        ཀུན་ལེགས་ཀྱིས། འོ་མ་རྒན་ང་དེ་རིང་ནས་རྣལ་འབྱོར་བའི་སྤྱོད་པ་ལ་བརྟེན་ནས་ལྷ་སའི་ཁྲོམ་སྐོར་ལ་སོང་ཡོད་གསུངས་ནས་བྱོན་སོང་ངོ་།།  དེ་ནས་ཆོས་རྗེ་འགྲོ་བའི་མགོན་པོ་ཀུན་དགའ་ལེགས་པ་དེ་ཉིད་ངེས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་ལྷ་སའི་ཁྲོམ་དུ་ཕྱག་ཕེབས་པས་ལྷ་སའི་ཁྲོམ་ནམ་མཁའི་སྐར་ཚོགས་ལྟ་བུ་འདུག་པ་དེར་ཚོགས་པའི་མིག་ཡང་།  རྒྱ་གར་རྒྱ་ནག །  ཁ་ཆེ་བལ་པོ།  ལ་དྭགས་སྟོད་པ།  ཁམས་པ་བྱང་པ།  དབུས་གཙང་པ།  དྭགས་པོ་ཀོང་པོ།  འབྲོག་པ་ཞིང་པ།  རོང་བ་ལྷོ་པ་ལ་སོགས་པ་སོ་སོའི་ཡུལ་ནས་བླ་མ་དཔོན་པོ།  གྲྭ་པ་ཆོས་པ།  ཨ་ཎི་སྒོམ་ཆེན།  ཚོང་པ་གནས་སྐོར་བ་ལ་སོགས་པ་རྣམས་ལ་གསུང་ཆེན་པོས་འདི་སྐད་དོ།།  འོ་དེ་རིང་ཁྲོམ་འདིར་ཚོགས་པ་རྣམས་ཉོན་དང་།  ང་ར་ལུང་གི་འབྲུག་པ་ཀུན་ལེགས་བྱ་བ་རིས་མེད་འགྲོ་བ་སེམས་ཅན་གྱི་དོན་དུ་འོང་བ་ལགས་ཀྱིས།  ཁྱེད་རྣམས་རང་རང་སོ་སོའི་ཡུལ་དུ་ཆང་གང་དུ་ཞིམ།  བུ་མོ་གང་དུ་ལེགས་སོ་སོ་ནས་ང་ལ་ལན་སྐྱོལ་དང་གསུངས་པས།  ཁྲོམ་ཐམས་ཅད་ཧ་ལས་ཤིང་འོ་སྨྱོན་པ་དེས་ཅི་ཟེར་སེམས་ཅན་དོན་ལ་འོངས་བ་ཟེར་ཆང་དང་བུ་མོ་དྲིས་པའི་ཆོས་པ་གང་ན་ཡོད།  ཆོས་པ་ཡིན་ན་བླ་མ་སུ་བཟང་།  དགོན་པ་གང་དུ་སྐྱིད།  ཆོས་གང་དུ་དར་བ་སོགས་དྲིས་རྒྱུ་ནི་མི་འདུག།  ཆོས་པ་འདི་བུ་ཀོ་དམ་ལ་བཏགས་པའི་ཆོས་པ་ཡིན་ཡིན་འདྲ་ཟེར་བས།  དེའི་དཀྱིལ་ནས་མི་ཤ་དཀར་བའི་མདོག་གནག་པ།  མགོ་ཐོ་བ་འདྲ་བ།  མིག་ཕོར་བ་བམ་བགྲད་པ།  ཁ་གྲོད་པའི་གོང་འདྲ་བ།  དཔྲལ་བ་ལི་ཕོར་ཁ་བུབ་པ་ལྟ་བུ།  སྐེ་རྟ་རྔ་ཙམ་ལ་ལྦ་བ་རོང་རྩེ་ཙམ་བཏགས་པ་ཞིག་ན་རེ།  སྨྱོན་པ་ཁོ་རེ།  མི་ཡིན་ཟེར་ན་ཡུལ་མེད།  བྱ་ཡིན་ཟེར་ན་གདངས་མེད།  རི་དྭགས་ཡིན་ན་ཡིན་ན་གནས་མེད།  བྱོལ་སོང་ཡིན་ན་ཚང་མེད།  ཆོས་པ་ཡིན་ན་དགོན་སྡེ་མེད།  དགེ་སློང་ཡིན་ན་གྲྭ་ཚང་མེད།  བླ་མ་ཡིན་ན་གདན་ས་མེད་པའི་ཧམ་ཅན་ཁོ་རེ་ཉིན་མོ་ཤི་ཟས་དད་ཟས་དཀོར་ཟོས། མཚན་མོ་ཆང་བཏུང་བུད་མེད་རྐུ་རོ་བཞིན་ཉལ་བ་ཆོས་པ་མིན།  ཆོས་པ་ཡིན་ན་བརྒྱུད་པ་དགོས། བརྒྱུད་པ་སུ་ནས་མར་ཡིན་ཅེས་ཞུས་པས། བླ་མས་འོ་མི་ངན་ཁོ་རེ་གདོང་ལབ་མདོའི་གླུད་བཞིན་བྱས་ནས་ཁ་རོག་སྡོད། ངའི་འདི་བཙུགས་པ་དང་སྐྱེ་བ་གང་ཡིན་ཁྱོད་ཀྱིས་ཤེས་སམ།  ངའི་བརྒྱུད་པ་དྲིས་ནས་ཅི་བྱེད། ཅིས་ཀྱང་དགོས་ན་ཉོན་ཅིག་གསུངས་ནས། 


བརྒྱུད་པ་གང་ཡིན་ཟེར་ཙ་ན།།
བརྒྱུད་པ་མི་ངན་བརྒྱུད་པ་བཟང་།།
བརྒྱུད་པ་རྡོ་རྗེ་འཆང་ནས་ཡིན།།
བླ་མ་མི་ངན་བླ་མ་བཟང་།།
བླ་མ་དཔལ་ལྡན་འབྲུག་པ་ཡིན།།
ཡི་དམ་མི་ངན་ཡི་དམ་བཟང་།།
ཡི་དམ་བདེ་མཆོག་འཁོར་ལོ་ཡིན།།
མཁའ་འགྲོ་མི་ངན་མཁའ་འགྲོ་བཟང་།།
མཁའ་འགྲོ་རྡོ་རྗེ་ཕག་མོ་ཡིན།།
ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་།།
ཆོས་སྐྱོང་མགོན་པོ་ཕྱག་བཞི་ཡིན།།
ཞེས་པ་ལ་སོགས་པའི་མགུར་དབྱངས་འདི་གསུངས་པས།  ཁོ་ཡང་ལན་ཞུ་རྒྱུ་མ་བྱུང་བར་ཧར་གྱིས་ལུས་སོང་ངོ་།།

དེ་ནས་ཁྲོམ་དཀྱིལ་ནས་ཐོག་མར་ལྷ་ས་ནས་ཡིན་ཟེར་བའི་རྒན་པོ་ལས་ཅན་ཞིག་འདུག་པ་ལངས་ནས་ཕྱག་འཚལ་ཞིང་གླུ་དབྱངས་འདི་ཕུལ་ལོ།། 
དཔལ་ལྡན་འབྲུག་པ་ཀུན་ལེགས་ལ།།
ང་ནི་ལྷ་སའི་ཡུལ་ནས་ཡིན།།
ང་ཚོའི་ལྷ་སའི་ཡུལ་འདི་ལ།།
བུ་མོ་ལེགས་པའི་མིང་ཅན་ཡོད།།
ལེགས་པའི་མང་ཅན་བགྲང་མི་དགོས།།
ལེགས་པའི་མང་ཅན་བགྲང་དགོས་ན།།
ལྷ་སའི་དཔལ་བཟང་བུ་ཁྲིད་ཡོད།།
དབང་ཕྱུག་ཚེ་དབང་བཟང་མོ་ཡོད།།
ལྷ་སའི་སྐལ་བཟང་པདྨོ་ཡོད།།
འཛུམ་སྟོན་པ་སངས་རྒྱལ་མོ་ཡོད།།
ལྷ་སའི་བསོད་ནམས་སྒྲོན་མ་ཡོད།།
གར་མ་ཆོས་ཀྱི་དབང་མོ་ཡོད།།
ལྷ་སའི་སྒྲོན་སྒྲོན་ཨ་སྐྱིད་ཡོད།།
མིང་ཅན་བགྲངས་ན་འདི་ཙམ་ཡོད།།
མིང་མེད་ཡོད་ཚད་བསམ་ལས་འདས།།
གསུམ་ཆང་ཁག་མ་ལྷ་སར་ཡོད།།
ཐུགས་ལ་འདུག་གམ་རྣལ་འབྱོར་པ།།
ཞེས་ཞུས་པས། ཀུན་ལེགས་ཀྱི་ཞལ་ནས། འོ་ལྷ་སའི་ཡུལ་འདི་ན་ཆང་ཁག་བུ་མོ་ལེགས་པ་མང་པོ་འདུག་པས་ལན་ཅིག་བལྟ་དགོས་གསུངས།

ཡང་ས་སྐྱ་ནས་ཡིན་པའི་རྒན་པོ་གཅིག་གིས་འདི་སྐད་ཞུས་ཏེ།
དཔལ་ལྡན་ཀུན་དགའ་ལེགས་པ་ལ།།
ང་ནི་ས་སྐྱའི་ཡུལ་ནས་ཡིན།།
ང་ཚོའི་ས་སྐྱའི་ཡུལ་དེར་ཡང་།།
བུ་མོ་ལེགས་པའི་མིང་ཅན་ཡོད།།
ལེགས་པའི་མིང་ཅན་བགྲང་དགོས་ན།།
བུ་མོ་ཨ་གསལ་པདྨོ་ཡོད།།
ས་སྐྱའི་བུ་མོ་དགའ་སྐྱིད་ཡོད།།
བུ་མོ་ཨ་འབྲུག་ཟེར་བ་ཡོད།།
ས་སྐྱའི་ལྷ་ཆོས་དབང་མོ་ཡོད།།
ཨ་ས་ཚེ་རིང་སྒྲོལ་མ་ཡོད།།
བུ་མོ་ཟླ་གསལ་གཡང་སྐྱིད་ཡོད།།
བདེ་སྐྱིད་གསལ་སྒྲོན་ཟེར་བ་ཡོད།།
མིང་ཅན་བགྲངས་ན་དེ་ཙམ་ཡོད།།
མིང་མེད་ཡོད་ཚད་བསམ་ལས་འདས།།
གསུམ་ཆང་ཁག་མ་ས་སྐྱར་ཡོད།།
ཐུགས་ལ་འདུག་གམ་རྣལ་འབྱོར་པ།།
ཞེས་ཞུས་པས། ཡགས་ཡགས་ངས་ལན་ཅིག་སླེབ་ཡོང་གསུངས།

ཡང་ལ་དྭགས་ནས་ཡིན་པའི་རྒན་པོ་ཞིག་གིས་འདི་སྐད་ཞུས་ཏེ།
དཔལ་ལྡན་ཀུན་དགའ་ལེགས་པ་ལ།།
ང་ནི་ལ་དྭགས་ཡུལ་ནས་ཡིན།།
ང་ཚོའི་ལ་དྭགས་ཡུལ་དེར་ཡང་།།
བུ་མོ་ལེགས་པའི་མིང་ཅན་ཡོད།།
ལེགས་པའི་མིང་ཅན་བགྲང་དགོས་ན།།
ལ་དྭགས་ཚེ་དབང་ལྷ་སྒྲོན་ཡོད།།
བུ་མོ་ཆོས་སྐྱིད་ཟེར་བ་ཡོད།།
ལ་སྟོད་ཨ་ཚོང་བུ་མོ་ཡོད།།
བུ་མོ་ལྷ་ཅིག་བུ་ཁྲིད་ཡོད།། 
ཨ་མ་ཨ་སྐྱིད་ཟེར་བ་ཡོད།།
ཀརྨ་བདེ་ཆེན་པདྨོ་ཡོད།།
བསོད་ནམས་རྒྱལ་མོ་ཟེར་བ་ཡོད།།
མིང་ཙམ་བགྲངས་ན་དེ་ཙམ་ཡོད།།
མིང་མེད་ཡོད་ཚད་བསམ་ལས་འདས།།
གསུམ་ཆང་ཁག་མ་ལ་དྭགས་ཡོད།།
ཐུགས་ལ་འདུག་གམ་རྣལ་འབྱོར་པ།།
ཞེས་ཞུས་པས། ཡགས་ཡགས་ངས་ལན་ཅིག་སླེེབ་ཡོང་གསུངས། 

ཡང་ལྷོ་ནས་ཡིན་ཟེར་བའི་རྒན་པོ་ཞིག་ན་རེ། 
ཁྱེད་བོད་མི་ཚོ་ཁ་མ་དལ་ཁོ་རེ་བླ་མའི་མཚན་འབྲུག་པ་ཀུན་ལེགས་ཟེར་བ་མ་གཏོགས་བོད་པ་ཀུན་ལེགས་ཟེར་བ་ཞིག་མེད་ཟེར་ནས་བླ་མའི་ཞབས་ལ་གླུ་འདི་སྐད་ཅེས་ཞུས་ཏེ། 
དཔལ་ལྡན་ཀུན་དགའ་ལེགས་པ་ལ།།
ང་ནི་ལྷོ་ཡི་ཡུལ་ནས་ཡིན།།  
ང་ཚོའི་ལྷོ་ཡི་ཡུལ་དེར་ཡང་།།
བུ་མོ་ལེགས་པའི་མིང་ཅན་ཡོད།།
ལེགས་པའི་མིང་ཅན་བགྲང་དགོས་ན།།
ང་ཚོའི་འོ་ཆེ་ལུང་པ་ལུ།།
དགོས་སྐྱིད་དཔལ་མོ་ཟེར་བ་ཡོད།།
དགོན་ཡུལ་གསར་མཆོད་རྟེན་རྩ་བ་ལུ།།
དགོན་སྟོད་གསང་མོ་ཨ་འཛོམས་ཡོད།།
གཞུང་ཡུལ་ལོད་པའི་རྩ་བ་ལུ།།
པ་ཅང་ནམ་མཁའ་སྒྲོན་མ་ཡོད།།
གཞུང་ཡུལ་སྟོད་པའི་རྩ་བ་ལུ།།
སྟོད་པའི་དཔལ་བཟང་བུ་ཁྲིད་ཡོད།།
ཝང་ཡུལ་བར་མའི་རྩ་བ་ལུ།།
བར་མའི་ཆོས་འཛོམས་ཟེར་བ་ཡོད།།
སྤོ་གྲོ་བསམ་གཏན་རྩེ་མོ་ལུ།།
བླ་མ་ཉི་ཟླ་གྲགས་པའི་སྲས་མོ་ཡོད།།
ཤར་ཁྱུང་སེའི་ཙནྡན་རྩ་བ་ལུ།།
ཁྱུང་སེ་ཨ་ཞེ་རྒྱལ་འཛོམས་ཡོད།།
མིང་ཅན་བགྲངས་ན་དེ་ཙམ་ཡོད།།
མིང་མེད་ཡོད་ཚད་བསམ་ལས་འདས།།
གསུམ་ཆང་ཁག་མ་ལྷོ་ལ་ཡོད།།
ཐུགས་ལ་འདུག་གམ་རྣལ་འབྱོར་པ།།
ཞེས་ཞུས་པས།  ཡགས་ཡགས་ངས་ཡང་ལན་ཅིག་ལྷོ་ཆང་བཏུང་ལྷོ་རྒྱོ་རྒྱབ་འཐོན་འོང་གསུངས། 

ཡང་ཀོང་ཡུལ་ནས་ཡིན་པའི་རྒན་མོ་ཞིག་གིས་འདི་སྐད་ཞུས་ཏེ།
དཔལ་ལྡན་ཀུན་དགའ་ཀུན་ལེགས་ལ།།
ང་ནི་ཀོང་པོ་ཡུལ་ནས་ཡིན།།
ང་ཚོའི་ཀོང་པོའི་ཡུལ་དེར་ཡང་།།
བུ་མོ་ལེགས་པའི་མིང་ཅན་ཡོད།།
ལེགས་པའི་མིང་ཅན་བགྲང་དགོས་ན།།
ཀོང་པོ་ལྷ་ཆོས་པདྨོ་ཡོད།།
བུ་མོ་དཔལ་བཟང་ཟེར་བ་ཡོད།།
ཀོང་པོ་རིན་ཆེན་རྒྱལ་མོ་ཡོད།།
བུ་མོ་ཚེ་དབང་རྒྱལ་མོ་ཡོད།།
ཀོང་པོའི་བསྟན་འཛིན་བཟང་མོ་ཡོད།།
ཚེ་བརྟན་ལྷ་མོ་ཟེར་བ་ཡོད།།
ཀོང་པོའི་བུ་མོ་སུམ་ཆོག་ཡོད།།
མིང་ཅན་བགྲངས་ན་དེ་ཙམ་ཡོད།།
མིང་མེད་ཡོད་ཚད་བསམ་ལས་འདས།།
སུམ་ཆང་ཁག་མ་ཀོང་ཡུལ་ཡོད།།
ཐུགས་ལ་འདུག་གམ་རྣལ་འབྱོར་པ།།
ཞེས་ཞུས་པས། ཡགས་ཡགས་ཁྱེད་ཀོང་ཡུལ་དུའང་བུ་མོ་མང་པོ་ཡོད་ལ་འདུག  ཡོད་པས་མི་ཆོག་བལྟ་དགོས། དེ་ལས་ལྷག་པར་བུ་མོ་སུམ་ཆོག་ཟེར་བ་དེ་ན་ཚོད་ག་འདྲ་སོང་ཡོད་གསུངས།

1ཁ་བྱང་གཏན་ཁེལ་ཅང་མི་འདུག་པས་རྩོམ་སྒྲིག་པའི་བཏགས་པ་ཙམ་དུ་ཟད་དོ།།
             ཐིག་ལེ་དང་གྱད་མི་སོགས་མི་ལྔའི་ཡི་གེར་ཕབས།
                                རྩོམ་སྒྲིག་པ། མྱི་གསར་བ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease