བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་ཆོས་མགུར།

    བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གསུང་།

བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་ཆོས་མགུར་ཚན་པ་གཉིས།

                 བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གསུང་།
ན་མོ་གུ་རུ།  
 
བཀའ་དྲིན་གསུམ་ལྡན་ཕ་རྒན།།
ཡེ་ཤེས་སྤྱན་ལྡན་ཁྱེད་ཀྱིས།།
བརྩེ་བས་གུས་ལྡན་བུ་ལ།།
རྒྱང་ནས་རྒྱུན་ལྡན་གཟིགས་ཤིག།
 
བ་མོས་ཡང་ཡང་མནར་བའི།།
སྤང་རྒྱན་མེ་ཏོག་སྨུག་པོས།།
ལང་ཚོ་ཁོ་བཞིན་འགྱུར་ཞེས།།
རྣམ་འགྱུར་བསྟན་ནས་གཤེགས་ཐལ།།
 
ཁ་རླུང་གྲང་བས་གཟིར་བའི།།
རི་ཐང་རྣམས་ཀྱི་རྩྭ་ཡིས།།
སྐྲ་ལོ་ཁོ་བཞིན་འགྱུར་ཞེས།།
རྣམ་འགྱུར་བསྟན་ནས་སྐྱ་ཐལ།།
 
ནམ་ཟླ་སྟོན་གྱིས་གཏུགས་པའི།།
རྩི་ཤིང་འབྲས་བུའི་ཚོགས་ཀྱིས།།
སོ་རྣམས་ཁོ་བཞིན་འགྱུར་ཞེས།།
རྣམ་འགྱུར་བསྟན་ནས་ལྷུང་ཐལ།།
 
སྐྱི་སེར་རླུང་གིས་བསྐྱོད་པའི།།
ལྗོན་ཤིང་ལོ་མའི་ཚོགས་ཀྱིས།།
མཛའ་བཤེས་ཁོ་བཞིན་འགྱུར་ཞེས།།
རྣམ་འགྱུར་བསྟན་ནས་གྱེས་ཐལ།།
 
ཉི་མ་སྟེང་དུ་བབ་པའི།།
རྩྭ་ཤིང་མགོ་ཡི་ཟིལ་བས།།
ནོར་རྫས་ཁོ་བཞིན་འགྱུར་ཞེས།།
རྣམ་འགྱུར་བསྟན་ནས་བསྐམས་ཐལ།།
 
ནམ་ཟླ་དགུན་གྱིས་གཏུགས་པའི།།
ཆུ་བྱ་ཕོ་མོའི་ཚོགས་ཀྱིས།།
ཕྱི་མར་ཁོ་བཞིན་འགྲོ་ཞེས།།
རྣམ་འགྱུར་བསྟན་ནས་འཕུར་ཐལ།།
 
མི་མེད་རི་ན་ཀུན་གྱིས།།
མི་རྟག་རྣམ་འགྱུར་བསྟན་བྱུང་།།
མི་ཁྱོད་མི་དགེ་སྤོངས་ལ།།
མི་ཚེ་དགེ་ལ་གཞོལ་ཅིག།
 
མགྲིན་པ་གླུ་ཡི་མཛོད་ནས།།
སྐྱོ་མགུར་གོས་འདི་ཐོན་སོང་།།
གང་གི་རྣ་བའི་མཛོད་ཁང་།།
སུས་བཞག་སེམས་ལ་ཕན་ནོ།།
 
ཕྱི་རོལ་དངོས་པོ་རྣམས་ཀྱིས།།
མི་རྟག་རྣམ་འགྱུར་བསྟན་དུས།།
དེ་འདྲའི་རྒྱང་གླུ་འཐེན་མཁན།།
ཚོགས་དྲུག་རང་གྲོལ་ཡིན་སྣང་།།
 
གླུ་འདི་ཐོས་ཚད་ཀུན་གྱིས།།
ལོ་འདི་གཞོན་པའི་དུས་སུ།
ཚེ་འདི་བློ་ཡིས་བཏང་ནས།།
ཆོས་འདི་བསྒྲུབ་པར་སྨོན་ནོ།།

ཞེས་པ་འདི་ཡང་འཁོར་བ་ལས་འདས་ཤིང་།  མྱང་འདས་ཀྱི་ས་ལམ་རེག་པའི་འདི་མེད་ཕྱི་མེད་ཀྱི་སྤྲང་བོས་རང་ལ་སྨྲས་པའོ།།
 
མགུར་ཚན་གཉིས་པ།

 
ཀུན་གྱིས་གཙུག་ཏུ་བཀུར་ན་ཡང་།།
ཁེངས་པ་དོར་ནས་ཞི་དུལ་གྱིས།།
མཛད་པས་འགྲོ་ཀུན་ཡིད་འཕྲོག་པ།།
འདྲེན་མཆོག་ཆོས་རྒྱལ་ཞབས་ལ་འདུད།།
འཁོར་བ་རྒྱལ་པོའི་བཙོན་ར་འདྲ།།
འཁྲུལ་སྣང་སྡུག་བསྔལ་དཔག་ཏུ་མེད།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
ཚེ་འདི་མདང་གི་རྨི་ལམ་འདྲ།།
ཟང་ཟིང་འཁྲུལ་བས་རང་ཉིད་བསླུ།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
རྣམ་གཡེང་ཚོང་འདུས་ལྟད་མོ་འདྲ།།
འདུ་འཛིའི་ངང་ལ་མི་ཚེ་འཆོར།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
འཆི་བདག་དགོང་ཁའི་གྲིབ་མ་འདྲ།།
སྐད་ཅིག་མི་སྡོད་ཚུར་ཚུར་འོང་།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ།།
ད་ལྟ་འཚོགས་ཀྱང་མྱུར་དུ་འབྲལ།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
མཛའ་བཤེས་ཤིང་ཁའི་བྱེའུ་ཆུང་འདྲ།།
མཐུན་པར་འགྲོགས་ཀྱང་སོ་སོར་འབྲལ།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
སྙན་གྲགས་ནམ་མཁའི་འབྲུག་དང་འདྲ།།
དར་ཅིག་གྲགས་པས་རང་ཉིད་བསླུ།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ།།
མང་པོ་བསགས་ཀྱང་གཞན་གྱིས་སྤྱོད།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ།།
བསླབ་དགོས་གནས་ལ་ཟད་པ་མེད།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
ཆོས་བརྒྱད་ནད་པའི་སྔས་སྟན་འདྲ།།
ཇི་ལྟར་བྱས་ཀྱང་བདེ་བ་མེད།།
འགྲོ་ན་འགྲོ་ན་དབེན་པར་སོང་།།
བྱེད་ན་བྱེད་ན་ལྷ་ཆོས་གྱིས།།
གང་ཡང་འགྲོ་བས་མ་འབད་པར།།
བདག་གི་དགེ་བས་ཡོངས་གྲོལ་ནས།།
འཁོར་བའི་རྒྱ་མཚོ་སྟོངས་ནས་ཀྱང་།།
ཞི་བའི་གྲོང་ཁྱེར་འགེངས་བར་ཤོག།

ཅེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ལ་ཕན་ཕྱིར་བླངས་པའོ།།
               རུས་ཀོག་གིས་ཡི་གེར་ཕབས།
                        རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease