བུ་ལོན།

    རྩོམ་པ་པོ། ཆོས་དབྱིངས་རྒྱ་མཚོ།


བུ་ལོན།

    ཆོས་དབྱིངས་རྒྱ་མཚོ། དཀར་མཛེས།
གཅིག
   འཕགས་པ་སྐྱབས་གཞུང་གི་བྱ་བར་ཞུགས་ནས་མི་ལོ་ཧྲིལ་པོ་བཅུ་ལྷག་འགོར་འདུག་པས། ཁྱོད་ཀྱིས་བསམས་ན་ད་ནི་འཕགས་པ་སྐྱབས་ཕྱུག་པོ་ཕྱུག་བདག་ཅིག་ཏུ་གྱུར་ཡོད་ངེས་རེད་འདོད་དམ། དྲང་མོར་བཤད་ན། ཁྱོད་རང་རྩ་བ་ནས་ནོར་སོང་བ་ཡིན་ཏེ། ད་ལྟའི་འཕགས་པ་སྐྱབས་ནི་ལོ་བཅུའི་སྔོན་གྱི་འཕགས་པ་སྐྱབས་ལས་ཀྱང་དབུལ་པོ་དབུལ་རྐྱང་དུ་ཆགས་ཡོད།
 

གཉིས།
   དགོང་མོ་དེར། འཕགས་པ་སྐྱབས་གཞུང་ལས་ཁང་གི་སྒོར་བུད་དེ་ཁྱིམ་ལ་ལོག་སྐབས། གློ་བུར་དུ་རླངས་འཁོར་གྱི་རྡོ་སྣུམ་ཟད་ལ་ཉེ་བའི་བརྡ་རྟགས་ཤར་འདུག་པ་མཐོང་།  “ཤུ་རེ་ཁོ། ད་ཡང་སྒོར་རྡོག་འགའི་བློ་ཐབས་མ་འཐེན་ན། རྐང་ཐང་དུ་ལས་ཞུགས་ལ་འགྲོ་དགོས་རྒྱུ་རེད།” འཕགས་པ་སྐྱབས་ཀྱིས་དེ་ལྟར་སྙམ་བཞིན་འདང་རྒྱག་གི་ཀློང་དུ་ཚུད་པས། རང་ཉིད་ཀྱིས་རླངས་འཁོར་ལ་ཁ་ལོ་སྒྱུར་བཞིན་པའང་བརྗེད་སོང་། གལ་ཏེ་ཁ་པར་གྱི་ཐོན་བརྡ་གྲགས་པ་མིན་ན། དགོང་མོ་དེར་འཕགས་པ་སྐྱབས་ལ་རླངས་འཁོར་གྱི་དོན་རྐྱེན་ཞིག་མི་འབྱུང་བའི་ངེས་པའང་མེད། འཕགས་པ་སྐྱབས་ཀྱི་རིག་པ་སོར་ཆུད་དེ་ཁ་པར་ལག་ལ་ལེན་སྐབས། འཆར་ཤེལ་ངོས་སུ་ཁང་བདག་ཅེས་པའི་ཡིག་འབྲུ་གཉིས་ཤར་འདུག་ཅིང་། ཡིག་འབྲུ་དེ་གཉིས་ནི་ཉེན་རྟོག་པའི་ལག་གི་གློག་དབྱུག་གཉིས་དང་འདྲ་བར་འཕགས་པ་སྐྱབས་ཀྱི་ལུས་སེམས་གཉིས་ཀ་འཕག་འཚག་ཅིག་བརྒྱབ་སྟེ་བློང་བློང་བོར་གྱུར་པས། སྔར་བཞིན་ཁ་པར་ལ་ཉན་པའི་སྤོབས་པ་མ་བྱུང་བས་ཡུད་ཙམ་ལ་ཅི་བྱེད་འདི་བྱེད་མེད་པར་ལུས།
“ཏུའུ་་་་་་ཏུའུ་་་་་་ཏུའུ་་་་་་” རྒྱབ་ཕྱོགས་ནས་རླངས་འཁོར་གྱི་དུང་སྒྲ་ཆེན་པོ་ཞིག་གྲགས་དུས། འཕགས་པ་སྐྱབས་ཀྱིས་གཞི་ནས་རང་ཉིད་ཀྱིས་ལམ་དཀྱིལ་ནས་འཁོར་སྒག་བསྡམས་ཏེ་རྒྱབ་ཕྱོགས་ཀྱི་རླངས་འཁོར་རྣམས་བཀག་འདུག་པ་ཚོར། “ཁང་གླ་མ་སྤྲད་ནས་ལོ་གཅིག་ལྷག་འགོར་སོང་། ཟླ་བ་རེར་སྒོར་སྟོང་གཅིག་དང་སུམ་བརྒྱ་ཡིས་བརྩིས་ན་ཁྱོན་བསྡོམས་སྒོར་ཁྲི་གཅིག་ལྷག་བབས་འདུག དེ་འདྲའི་མང་པོ་ཞིག་གང་ནས་འཁྱེར་ཡོང་། ཁང་གླ་ནི་ཇེ་མཐོ་ནས་ཇེ་མཐོ་དང་ཡོང་སྒོ་ནི་ཇེ་དམའ་ནས་ཇེ་དམའ་རེད། ད་ནི་ཇི་ལྟར་བྱས་ན་བཟང་ངམ།” འཕགས་པ་སྐྱབས་ཀྱི་བློ་ངོར་རྩིས་གཞི་འདྲ་མིན་དང་སེམས་ཁྲལ་སྣ་ཚོགས་ཀྱིས་རྐྱ་འཐབ་ཏེ་ལྷིང་འཇགས་སུ་གནས་ཐབས་བྲལ། འཕགས་པ་སྐྱབས་རང་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་དུས། ཐད་ཀར་ཁྱིམ་ལ་འཛུལ་བའི་སྙིང་སྟོབས་མེད་པར་རེ་ཞིག་སྒོ་ཁར་ལངས་ནས་འདུག་དགོས་བྱུང་། ཁོས་གསལ་པོར་ཤེས་ཡོད་དེ། ནང་སེམས་ཀྱི་དཀའ་སྡུག་དང་ངལ་དུབ་ཡོད་ཚད་ངོ་གདོང་དང་ལུས་ལ་ཁྱེར་ནས་ཁྱིམ་ལ་སོང་ན། ཆུང་མ་དང་བུ་ཕྲུག་ཚོར་དེ་ལས་ལྷག་པའི་སྡུག་བསྔལ་ཞིག་གཏད་ཡོང་བར་སྙམ་པས། ཁོས་སྒོ་འགྲམ་ནས་དབུགས་རིང་ཞིག་ཕྱུང་ཞིང་ངོ་གདོང་ལ་བཅོས་འཛུམ་ཞིག་བསྡུས་ཏེ་ཁྱིམ་དུ་འཛུལ་ཅིང་། སེམས་སྤྲོ་སྤྲོ་དང་ལུས་བདེ་བདེ་ཡིན་མདོག་གི་ངང་ནས་གོ་འགྲམ་དུ་བསྡད། འཕགས་པ་སྐྱབས་ཀྱི་ཆུང་མ་དགོང་ཟས་གཡོ་སྐོལ་ལ་བྲེལ་བཞིན་འདུག བུ་ཆུང་གིས་ཨ་ཕ་ནང་ལ་སླེབས་པ་མཐོང་མ་ཐག་བརྒྱུགས་ཡོང་སྟེ། “ཨ་ཕ། ཨ་ཕ། དགེ་རྒན་གྱིས་ང་ཚོར་སང་ཉིན་སློབ་གོས་ཉོ་བྱེད་ཀྱི་སྒོར་མོ་སྤྲད་དགོས་ཟེར”ཞེས་ཤིན་ཏུ་ནན་ཏན་གྱིས་བཤད་པ་ན། འཕགས་པ་སྐྱབས་ལ་ཡང་བསྐྱར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་སྐྱེས་ཤིང་། རང་ལུས་སུ་སྒོར་མོ་སྐར་གང་མེད་པ་དྲན་དུས་བུ་ཆུང་ལ་ཅི་ཞིག་བཤད་དགོས་པའང་མ་ཤེས་མོད། ཡུད་ཙམ་གྱི་རྗེས་སུ“འོ་ཡ་ཕ་ལོ། ཁྱོད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་གྱིས་དང་། ཨ་ཕས་ཅི་དགོས་ཉོ་ཆོག”ཅེས་རང་ཉིད་ལ་སེམས་ངར་སློང་ཞིང་བུ་ཆུང་ལ་སྙིང་ཕུར་རྡེབ་པའི་སྐད་ཆ་ཞིག་བཤད།
“ཧུན། ཅི་དགོས་ཉོ་ཆོག སྐྱག་པོ་བཙོང་ནས་ཉོ་ཟེར་བ་ཨེ་ཡིན།” འཕགས་པ་སྐྱབས་ཕ་བུ་གཉིས་ཀྱི་ཁ་བརྡ་མ་ཚར་སྔོན་འཕགས་པ་སྐྱབས་ཀྱི་ཆུང་མས་ཁ་གྲག་བྱུང་། “ཟླ་འདིའི་ཞིང་ལས་དངུལ་ཁང་གི་བུན་དངུལ་སང་ཉིན་སྤྲད་རན་པ་རེད། ཁང་བུན་སྤྲོད་རྒྱུར་ཡང་ཉིན་འགའ་ལས་མི་འདུག ཁྱོད་ཀྱིས་སྒོར་མོ་གྲ་སྒྲིག་འཚག་ཡོད་དམ།” ཆུང་མའི་སྐད་ཆ་དེས་འཕགས་པ་སྐྱབས་འདུག་བཟོད་མེད་པར་བཏང་། ད་ལྟ་ཉིད་ནས་ཡར་ལངས་ཏེ་ག་ཤེད་ཅིག་ལ་སྒོར་མོ་བཙལ་དུ་བུད་འགྲོ་སྙམ་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་མོད། འོན་ཀྱང་། གང་ལ་འགྲོའམ། ཇི་ལྟར་བཙལ་ལམ། འཕགས་པ་སྐྱབས་ནི་ཁ་རུ་ཁ་ཐུག་གི་དྲི་བ་རྣོ་ངར་ཅན་དེ་དག་གིས་མར་མནན་བྱུང་། ཐ་ན་འགུལ་ཙམ་བྱེད་པའི་སྤོབས་པའང་མེད་པར་གྱུར། འཕགས་པ་སྐྱབས་ཀྱིས་ཆུང་མའི་སྐད་ཆར་ལན་ཅི་ཞིག་གདབ་དགོས་མ་ཤེས་ལ། ཆུང་མ་དང་བུ་ཆུང་གཉིས་ཀྱིས་རིག་ས་མཐོང་ས་ནས་འདུག་བཟོད་ཀྱང་མེད་པར་གྱུར་བས། ག་ལེར་ཡར་ལངས་ཏེ་ཉལ་ཁང་དུ་ཕྱིན་པ་ན། “ཨ་རོག་འཕགས་པ། ནུབ་ཇ་མི་འཐུང་ངམ”ཞེས་ཆུང་མའི་སྐད་གདངས་གཉོམ་པོ་ཞིག་ཐབ་ཚང་ནས་གྲག་པ་འཕགས་པ་སྐྱབས་ཀྱིས་གསལ་ལ་མི་གསལ་བ་ཞིག་ཐོས་བྱུང་མོད། འོན་ཀྱང་། འཕགས་པ་སྐྱབས་ཀྱིས་ལན་ཅི་ཡང་མ་སྦྱིན་པར་ཐད་ཀར་མལ་ཁྲིའི་ཐོག་ཁ་སྦུབ་ཏུ་ལོག “དོམ་བུ་ལོན་མེད་ན་ཕྱུག་པོ་ཡིན།” འཕགས་པ་སྐྱབས་ཀྱིས་ཉལ་སའི་ནང་ནས་ཡུན་རིང་ཞིག་ལ་བསམ་བློ་བཏང་རྗེས། སེམས་བསམ་པའི་གཏིང་ནས་གནའ་མི་ཚོས་བཤད་པའི་གཏམ་དཔེ་འདི་ནི་དོན་ལ་གནས་པའི་སྐད་ཆ་ཞིག་རེད་འདུག་ཨང་སྙམ་བྱུང་།
 

གསུམ།
   འཕགས་པ་སྐྱབས་གཞུང་གི་བྱ་བར་ཞུགས་ནས་མི་ལོ་ཧྲིལ་པོ་བཅུ་ལྷག་འགོར་འདུག་པས་མི་ཚད། ཟླ་བ་རེར་སྒོར་མོ་སྟོང་ཕྲག་བརྒྱད་ལྷག་གི་གླ་ཕོགས་ལེན་བཞིན་ཡོད། དེ་ལྟར་བརྩིས་ན་ལོ་རེའི་ཡོང་སྒོ་ནི་སྒོར་ཁྲི་བཅུ་ལ་ཉེ་བའི་གྲངས་ཀ་འབོར་ཆེན་ཞིག་ཡིན། འོན་ཀྱང་། འཕགས་པ་སྐྱབས་ཀྱིས་ད་དུང་ཡང་ཁ་མི་སོས་རྒྱབ་མི་ཁེབས་པར་ཡོད་པ་དེ་ཅི་ཡིས་ལན་ནམ། ཁྱོད་ཀྱིས་བསམས་ན་འཕགས་པ་སྐྱབས་ཀྱིས་ཉིན་མཚན་མེད་པར་ཤོག་ཤོ་དང་འགྲིག་ཤོ་སོགས་བརྩེས་ནས་རྒྱན་པོ་འགྱེད་བཞིན་ཡོད་ངེས་རེད་འདོད་དམ། དྲང་མོར་བཤད་ན། ཁྱོད་རང་རྩ་བ་ནས་ནོར་སོང་བ་ཡིན་ཏེ། འཕགས་པ་སྐྱབས་ཀྱིས་ཤོག་ཤོ་རྩེད་མི་ཤེས་པར་མ་ཟད། ཆུང་ནས་ད་བར་དུ་རྒྱན་པོ་ཐེངས་གཅིག་ཀྱང་འགྱེད་མྱོང་མེད།
 

བཞི།
   ལོ་དེར། འཕགས་པ་སྐྱབས་སློབ་ཆེན་ལས་མཐར་ཕྱིན་ཏེ་ཐོག་མར་ལས་གནས་སུ་ཞུགས་དུས། ཆང་ས་བརྒྱབ་མ་ཚར་ལ་ཆུང་མ་བུ་ཕྲུག་ཀྱང་མེད། འཕགས་པ་སྐྱབས་ཀྱིས་མི་ཚེའི་ཁྲོད་ཀྱི་ཟླ་ཕོགས་ཐོག་མ་ལེན་དུས་བཤད་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་ཤིང་། ད་ནས་བཟུང་སྔོན་ཆད་ཀྱི་སྐྱ་ཟད་སྔོ་སྡུག་གི་འཚོ་བ་དང་ཁ་བྲལ་ཐུབ་སོང་བ་རེད་སྙམ། ཁོས་ཟླ་ཕོགས་ལས་རང་ཉིད་ལ་གྱོན་གོས་གསར་པ་ཆ་ཚང་ཞིག་ཉོས་ཤིང་ཟླ་གཅིག་གི་འཚོ་དངུལ་བཞག་རྗེས་ལྷག་མ་ཡོད་ཚད་ཁྱིམ་ལ་བསྐུར་བ་ན་ཕ་མས་གཉིས་ཀས་ཡིད་སེམས་མགུ་བའི་ངང“ངེད་ཚང་གི་བུས་གོ་ཆོད་སོང”ཞེས་ཁོ་ལ་བསྟོད་པ་བྱས་ཤིང་། ཁྱིམ་མཚེས་ཉེ་རིང་ཚང་མས་ཀྱང“ད་ནི་ཁྱེད་ཚང་ལ་ལས་བྱེད་པ་ཞིག་ཡོད་པས། ཁྱིམ་ཚང་གང་བོས་དཀའ་ལས་མྱོང་མི་དགོས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཆོག་པ་རེད”ཅེས་ཡི་རང་དང་ངོ་བསྟོད་ཀྱི་སྐད་ཆ་འདྲ་མིན་བཤད་པས། འཕགས་པ་སྐྱབས་ཀྱི་ཕ་མ་གཉིས་ཀས་ཀྱང་བདེན་ཅོག་ཅོག་གིས་གདོང་ལ་འཛུམ་ཞིག་ངོམ་བཞིན་འདུག
འཕགས་པ་སྐྱབས་བྱ་བར་ཞུགས་ནས་ལོ་གསུམ་ཙམ་ལོན་པ་ན། ཁོས་ཀྱང་འཇིག་རྟེན་མཐུན་འཇུག་གི་བྱ་བ་སྟེ་ཆུང་མ་བཙལ་ཅིང་བུ་ཕྲུག་གསོས་པས། སྔོན་ཆད་ལྟར་རང་ཉིད་ཀྱི་འགྲོ་སོང་ཉུང་ངུ་ལས་ལྷག་དངུལ་ཐམས་ཅད་ཕ་མར་སྐུར་བའི་འགྲོ་ལུགས་ལ་འགྱུར་ལྡོག་མི་གཏོང་ཐབས་མེད་བྱུང་།  སྐབས་དེར། འཕགས་པ་སྐྱབས་ཀྱི་རྒྱུན་ལྡན་གྱི་འཚོ་བར་དཀའ་ཁག་ཅི་ཡང་མེད་ཀྱང་། བར་སྐབས་ཤིག་ནས་བཟུང་འཕགས་པ་སྐྱབས་གཟའ་ཟླ་གཉིས་ཀས་ཀྱང་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཞིག་དགོས་པར་འདོད་དེ་ཉིན་མཚན་གཉིས་ལ་དེའི་ཕྱོགས་སུ་བསམ་བློ་བཏང་ཞིང་། མཐར་ཞིང་ལས་དངུལ་ཁང་ནས་སྒོར་མོ་བསྐྱིས་ཏེ་རྫོང་ཐོག་ནས་ཁང་པ་ཞིག་ཉོ་རྒྱུའི་ཐག་བཅད། འཕགས་པ་སྐྱབས་གཟའ་ཟླ་གཉིས་ཀས་དངུལ་ཁང་ནས་སྒོར་མོ་བསྐྱིས་ཏེ་ཁང་རིན་གྱི་ཕྱེད་ཀ་སྤྲད་རྗེས་ལྷག་མ་རྣམས་སྐབས་བགོ་བྱས་ནས་སྤྲད་རྒྱུ་བྱས་པ་དང་། དེའི་ཁར་དངུལ་ཁང་ལའང་ཟླ་རེར་བཞིན་མ་སྐྱེད་གཉིས་ཀ་སྤྲད་དགོས་པ་ན། འཕགས་པ་སྐྱབས་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་ཞན་དུ་གྱུར་བས། འཕགས་པ་སྐྱབས་ཀྱིས་སྔར་སྲོལ་ལྟར་ཕ་མ་གཉིས་ལ་སྒོར་མོ་སྐུར་རྒྱུ་མ་བྱུང་། དེ་ལྟར་ནའང་། ཕ་མ་གཉིས་ཀས་ཁོ་ལ་འཁང་ར་ཅི་ཡང་མ་བྱས་ལ། ནམ་རྒྱུན་ཁག་ཅི་ཡོད་ཅེས་བསམ་ཤེས་གནང་། “འདི་ལྟར་བསྡད་ན། ཉིན་ཞིག་སྤྲང་པོ་སྤྲང་ནག་ཏུ་མི་འགྱུར་བའི་ངེས་པ་མེད། ད་ནི་ཐབས་བཀོད་ཅིག་མ་འཐེན་རང་འཐེན་རེད།” ཉིན་ཞིག འཕགས་པ་སྐྱབས་ཀྱིས་ཆུང་མར་དེ་ལྟར་ལབ་པ་ན། ཆུང་མས་ཀྱང་མ་བགྲོས་རང་མཐུན་གྱི་སྒོ་ནས“འོ་ལེ། ཚོང་ལས་ཆུང་ཆུང་ཞིག་གཉེར་ན་མི་བཟང་ངམ། འདི་ལྟར་རང་དགར་བསྡད་ན་ཡོང་རྒྱུ་ཅི་ཡོད”ཅེས་འཕགས་པ་སྐྱབས་ལ་གྲོས་སྡུར་བྱས། མཐར་གཟའ་ཟླ་གཉིས་ཀ་གྲོས་ཁ་གཅིག་ཏུ་མཐུན་པ་ནི་རྫོང་གྲོང་དེ་ནས་ཚིག་ཇ་ཁང་ཆུང་ཆུང་ཞིག་གཉེར་རྒྱུ་དེ་རེད། གཅིག་ན་ཚོང་ལས་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་ཡར་རྒྱས་སུ་གཏོང་འདོད་དང་། གཉིས་སུ་རྫོང་གྲོང་དེར་དཔེ་ཀློག་གི་ཁོར་ཡུག་གཙང་མ་ཞིག་བསྐྲུན་པའི་ཆེད་དུ་ཡིན། འོན་ཀྱང་། གནད་འགག་ཆེ་ཤོས་ནི་རང་ཉིད་ཀྱི་ལག་ཏུ་སྒོར་མོ་གཅིག་ཀྱང་མེད་པས། ཡང་བསྐྱར་གཞན་ལ་སྒོར་མོ་གཡར་རོགས་ཟེར་བ་ལས་ཐབས་མེད་དོ།། དེ་ལྟར། འགྲོ་སོང་འབོར་ཆེན་བཏང་ནས་གཞན་དང་མི་འདྲ་བའི་ཚིག་ཇ་དཔེ་ཤག་ཅིག་གཉེར་མགོ་བརྩམས་པ་ན། ཐོག་མའི་ཆར་མགྲོན་པོ་རྣམས་ཀྱིས“ཚིག་ཇ་འཐུང་ཞོར་དཔེ་ཆར་ལྟ་ཆོག་པ་དང་། ཁོར་ཡུག་ཧ་ཅང་དྭངས་གཙང་དང་ལྷིང་འཇགས་ཡིན་པས་དཔེ་ཀློག་དང་སློབ་སྦྱོང་ལ་དགའ་མཁན་ཚོར་ཤིན་ཏུ་ཕན”ཞེས་བསྟོད་པའི་མཐེ་བོང་བསྒྲེངས་ཀྱང་། ཐ་མག་འཐེན་མི་ཆོག་ཅིང་ཤོག་ཤོ་དང་འགྲིག་ཤོ་སོགས་རྩེད་མི་ཆོག་པའི་ཁོར་ཡུག་འདི་ལ་རིམ་གྱིས་མགྲོན་པོ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། ཚིག་ཇ་ཁང་གི་ཡོང་སྒོའང་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་ཕྱིན་པས། མཐར་ཁང་གླའང་སྦྱིན་རྒྱུ་མི་རྙེད་པའི་ཚད་དུ་ལྷུང་། འཕགས་པ་སྐྱབས་ཚང་གིས་དངུལ་ཁང་དང་གཉེན་ཉེ་བ་བཅས་ཀྱི་ཟུར་ནས་སྒོར་མོ་མང་པོ་བསྐྱིས་ནས་འཚོ་བ་སྐྱིད་པོ་ཞིག་ཡོང་བའི་སླད་དུ་འབད་བརྩོན་ཆེན་པོ་བྱས་ན་ཡང་། མཇུག་མཐར་ཐོབ་བྱ་གཅིག་ཡོད་པ་ནི་བུ་ལོན་ལས་གཞན་གང་ཡང་མིན་པས། ད་ལྟ་འཕགས་པ་སྐྱབས་ཉིན་མཚན་གཉིས་ཀར་བུ་ལོན་གྱིས་དེད་ནས་ལྷོད་ཆགས་ཀྱི་འཚོ་བ་ཞིག་རོལ་ཐུབ་ཀྱིན་མེད་ལ། ནངས་ནུབ་གཉིས་ཀར་བུ་ལོན་སྤྲོད་ཐབས་ལ་བསམ་བློ་བཏང་ནས་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་ཐུབ་ཀྱིན་མེད། ད་ལྟ། འཕགས་པ་སྐྱབས་ཀྱི་ཉིན་མོའི་དྲན་པ་དང་མཚན་མོའི་རྨི་ལམ་ལྟ་བུར་གྱུར་ཡོད་པ་ནི་སྒོར་མོ་མང་པོ་ཡོད་པའི་ཕྱུག་པོ་ཕྱུག་བདག་ཅིག་ཏུ་འགྱུར་རྒྱུ་དེ་མ་ཡིན་པར། བུ་ལོན་སྐར་གང་མི་དགོས་པའི་སྟབས་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་ལ་རོལ་ཐུབ་རྒྱུ་དེ་ཡིན་མོད། འོན་ཀྱང་། བུ་ལོན་ཞེས་པའི་སྙིང་རྗེ་མེད་ཅིང་གདུག་རྩུབ་ཅན་དེས་ཉིན་མཚན་གཉིས་ཀར་ཁོ་ལ་འཐམ་འཁྱིད་བྱས་ནས་མི་གཏོང་བར་འདུག
 

ལྔ།
   འཕགས་པ་སྐྱབས་ཀྱིས་རྨི་ལམ་འདྲ་ལ་དོན་དངོས་ཡིན་པའི་རང་ཉིད་ཀྱི་འདས་སོང་ལ་ཕྱིར་དྲན་ཐེངས་གཅིག་བྱས་ནས་མཚམས་འདིར་སླེབས་དུས། ནམ་གུང་གི་ཆུ་ཚོད་བཅུ་གཉིས་པ་བརྒལ་འདུག་མོད། ཆུང་མ་དང་བུ་ཕྲུག་གཉིས་ནི་སྔ་མོ་ནས་གཉིད་ཀྱི་བདེ་བར་ཞུགས་ཟིན།
ནམ་གུང་གི་དུས་ཚོད་འདིར། ད་ནི་འཕགས་པ་སྐྱབས་ལའང་ཅི་བྱེད་འདི་བྱེད་མེད་པས“དོམ་བུ་ལོན་མེད་ན་ཕྱུག་པོ་ཡིན”ཟེར་བ་ཅིས་མ་བདེན་སྙམ་བཞིན་མིག་ཟུང་ཤུགས་ཀྱིས་བཙུམ་སྟེ་གཉིད་ཁུག་ཐབས་བྱས།

                    རྩོམ་སྒྲིག་པ།   མྱི་གསར་བ།

 

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

 

Signature is customized by Netease