སྒོ།

    འབྲོག་སྨྱུག


སྒོ།


         འབྲོག་སྨྱུག


       སྒོ་ཁ་དེར་ཁྱོད་དང་ཕྲད་ཙམ་བྱས་སོང་།   ཆང་རག་བཏུང་དྲག་པ་ནང་བཞིན་ངའི་གདོང་ཡོངས་སུ་དམར་པོར་གྱུར།   ཁྱོད་དང་ཕྲད་ཙམ་འདག་ཆལ་དང་སྦྱར་བྱུང་གི་དྲི་མ་དེའང་སྣ་ལ་ཐུལ་ཐུལ་བྱེད་ཀྱི་འདུག     ངའི་མཐོང་འདོད་ཀྱི་མིག་གཉིས་སྐར་མདའ་བཞིན་གདོང་ལ་འཁྱུག་ཙམ་བྱས་རིང་།   ཁྱོད་ནི་གོམ་སྟབས་ངང་ཉི་ཟླ་སྤྲིན་གསེབ་ལ་ཡུབ་པ་ལྟར་བུད་སོང་།   ངས་ཡང་བསྐྱར་གོ་སྐབས་ཤིག་བཙལ་ནས་མཐོང་འདོད་ཀྱི་རེ་བ་བྱེད་བཞིན་ཡོད་མོད།   ལོ་ཕྱེད་ཅིག་འདས་ཀྱང་མིག་ལ་རྡུལ་ཙམ་ཡང་འཆར་སྐལ་མ་བྱུང་།  
    སྣང་དག་དེ་ཙམ་མེད་དུས་ཤིག་ལ་ལོ་ཕྱེད་ཅིག་གི་ཡར་སྔོན་གྱི་སྒོ་དེ་བརྒྱུད་དགོས་བྱུང་།  ཁེར་རྐྱང་གི་སིལ་སྡོང་རིང་པོ་དེའི་དྲང་ཐད་ནས་ཉི་འོད་ག་ལེར་འཕོས་ཏེ་སྒོའི་རྩིག་ལྡེབས་སུ་ཁེལ།   མི་ཚོགས་ཀྱིས་མགོ་བོ་སྨད་དེ་གོམ་པ་གཅིག་རེ་གཅིག་རེ་སྤོ་བཞིན་སྒོ་དེའི་ཕྱོགས་ཡར་མར་ལ་ཕྱིན།     ང་རང་དེ་ལས་ལྡོག་ཏེ་ཡུད་ཙམ་རིང་ལུས་པར་གྱུར།   སྒོ་དེས་ཀྱང་ང་ལ་དྲི་བ་འདོན་པ་བཞིན་དྲང་ཐད་ནས་གཡོ་འགུལ་ཏོག་ཙམ་ཡང་མི་བྱེད་པར་འདུག    གློ་བུར་དུ་ཤོག་བྱ་ཞིག་བར་སྣང་ལ་ཕུར་སོང་།   ངའི་མི་ཟུང་གཉིས་ཤོག་བྱའི་རྗེས་སུ་བསྙེགས་ནས་ག་ལེར་སྤྲིན་དཀར་དེའི་ཀློང་ཡངས་སུ་ཐིམ།  

       ལྷ་སའི་ཆ་བྱད་སྤྲས་ཡོད་པའི་བུ་མོ་ཞིག་གློ་རྡེག་ལ་སྒོ་ཁ་དེར་མངོན་བྱུང་།  གདོང་མདོག་ཤིན་ཏུ་དཀར་ཤའམ་སྐྱ་ཤས་ཆེ་བ་ཞིག་ཡོད་པ་དང་།   རྒྱུས་ཡོད་ཡོད་འདྲ་བའི་ཚུར་སྣང་ཞིག་སྟེར།   ངའི་འཆར་སྒོ་གློ་བུར་དུ་སད་བྱུང་།    དེ་མུར་མིག་ཟུང་གཉིས་ཅུང་རྣལ་དུ་ཕབ་ནས་བརྟག་ཚེ་མོ་རང་རེད།  ཏག་ཏག་ནོར་མི་འདུག   ལྟ་ཕྱོགས་གཉིས་དུས་མཉམ་ངང་འཁྱུག་འགྲོས་ཐེངས་ཤིག་ཁེལ་བྱུང་།    དུས་ཡིན་ཤིན་ཏུ་རིང་པོ་ཞིག་གམ་ཡང་ན་སྐད་ཅིག་སྐད་ཅིག་ཙམ་གྱི་རིང་ང་ནི་གྱང་ངོས་སུ་བྲིས་པའི་རི་མོ་ཞིག་ཏུ་གྱུར།   ང་ནི་གཏིང་རིམ་གཏིང་རིམ་ཞིག་ཏུ་ལྷུང་བ་ལྟར་མིག་མདུན་གྱི་མཐོང་ལམ་ཡོད་ཚད་ཡལ་སོང་།

      རླངས་འཁོར་ཁ་ཤས་རེས་མོས་ངང་མིག་མདུན་དུ་བརྗེ་བོ་རྒྱག་གིན་ཡོད་རེ།     ངས་ནི་འཇིག་རྟེན་འདིའི་ཡུལ་གྲུ་གང་ནའང་ཁྱོད་ལས་ལྷག་པ་ཞིག་ཡོད་མི་སྲིད་སྙམ་བཞིན།  ཁ་ཧྥེ་སུ་མདོག་ཅན་གྱི་སྐྲ་ལོ་བྲང་ཁར་གློད་པ་བཅས་མཛེས་མའི་མཚར་སྡུག་དེ་ཁོ་ནར་མིག་ལ་འཁྱུག་འཁྱུག་བྱེད་ཀྱི་འདུག    སྤྲིན་གསེབ་ནས་གསལ་ལ་མི་གསལ་ཙམ་ཞིག་མངོན་པའི་ཟླ་བ་ལྟར་བུད་སོང་ཡང་།   ད་དུང་མིག་ལམ་དུ་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་འཆར་སྣང་ཐན་ཐུན་ཞིག་འཁོར་ཡོང་གིན་འདུག    ལམ་དཀྱིལ་དུ་བྱིས་པ་བསམ་མེད་ཅིག་ཁྱ་ཁྱོར་ཡོང་གིན་འདུག    མ་ལགས་དབུགས་ཧད་ཧད་ངང་བརྒྱུགས་སོང་།   མ་ལགས་ཀྱི་གོམ་པའི་རིང་ཚད་དང་ངའི་སྙིང་གི་འཕར་ཚད་གཉིས་དུས་མཉམ་དུ་ཁེལ་བའམ།  འདྲ་མཚུངས་ཤིག་ཡིད་ཚོད་རེད།  
        ང་རང་བཟོད་དུ་མེད་པའི་མཛེས་པ་དེས་བྲིད་དེ་གནས་འདི་འམ།  སྒོ་འདི་རུ་སྡོད་རྩིས་བྱས།   འོན་ཏེ། མཛེས་པ་དང་སྦྱར་བྱུང་གི་དྲི་ངད་རེ་རེ་རྙེད་ནའང་དར་ཅིག་རིང་ཡལ་འགྲོ།    གློ་རྡེག་ཏུ་རྗེས་ཤུལ་ཙམ་ཡང་མངོན་པ་མེད་པས་སྐར་ཆ་ཁ་ཤས་ཁ་ཤས་ཙམ།    ཡིན་ནའང་ངའི་སེམས་པ་སྒོ་ཁ་འདིར་ཡུན་རིང་འཐབ་སྟེ་ཐང་ཆད་པའི་བྱིས་པ་ཞིག་དང་འདྲ།    སྒོ་འགྲམ་གྱི་སྡོང་བོ་དེ་རླུང་གི་རྒྱུ་བ་དང་བསྟུན་ནས་སྐྱོ་་གླུ་ལེན་པ་དང་།    ལོ་མ་རེ་རེ་ཉམ་ཆུང་ངང་རང་རང་སར་ལྷུང་ནས་གནས་གང་ཞིག་ལ་ལུས་རྟེན་བཅོལ་བ་དང་འདྲ།    སྒོ་དེ་བརྒྱུད་པའི་ཕར་འགྲོ་བུ་མོ།  བདག་གི་རྨི་ལམ་ཁྲོད་ཀྱི་མཚན་ལམ་རིང་མོ་ཞིག་ཏུ་གྱུར།

       གཉིད་བཤད་ཟ་ཟིའི་ཟིན་ཐོ་རིང་མོ་ཞིག་འདི་ལྟར་འབྲི་བཞིན་ཡོད།     འོད་སྣང་འཚེར་འཚེར་གྱི་མིག་ཆུས་ཁྱོད་རང་ཡོངས་སུ་བརླན་ནའང་།    ངས་ཁྱོད་ལ་བདེ་སྐྱིད་དམ་སྡུག་བསྔལ་གང་ཡང་བཞག་མ་བྱུང་།  རྨི་ལམ་དུ་ཁྱོད་ཀྱི་རྒྱབ་གཞུང་དུ་ཕྱེ་མ་ལེབ་ཀྱི་རི་མོ་ཞིག་བྲིས།     བསིལ་རླུང་བཞིན་གྱི་སེམས་པ་འདིས་གཡབ་གཡུག་ཐེངས་ཤིག་བྱས་རྐྱེན།  ཁྱོད་ཀྱི་གཏིང་ལས་མཆེད་པའི་རླུང་གི་རོལ་མོ་དེས།   ངའི་སེམས་ཀྱི་ལོ་མ་སྐྱ་བོ་དག་ལ་གདངས་སྙན་པའི་གཞས་ཆུང་གཏོང་གིན་འདུག    སུས་ཀྱང་མཉམ་འཇོག་བྱ་མི་སྲིད་པའི་ཤོག་ལྷེ་ཐར་མ་ཞིག་གི་ངོས་སུ།    “ཁྱོད་ཀྱི་ཆ་ཤས་རེ་རེ་ཡིས།   རྟག་པར་ང་ལ་གདོང་ག་བཞུ་ཡི་འདུག”ཅེས་བྲིས།   

        ཀློག་པ་པོས་དོ་སྣང་སྤྲོད་ས་ནི་སྒོ་མདུན་བརྒྱུད་པའི་བུ་མོ་དེ་རེད། དེ་ནི་ཀློག་པ་པོས་ཇི་ལྟར་རྟོག་བཟོ་བྱ་ཆོག་པ་ཞིག་ཡིན་ཡང་སྲིད།   རྣམ་འགྱུར་དང་དགའ་སྐྱོ་ཆགས་ཞེན་གྱི་སེམས་ཁམས་ཀྱང་ཚོར་ཐུབ་ཀྱི་ཡོད་ཡོད་འདྲ་བའི་ཚོར་བ་ཞིག་ང་ལ་སྐྱེ་ཡི་འདུག་མོད།    དེའང་རྟོག་བཟོ་ཙམ་ཞིག་མ་ཡིན་པའི་ངེས་པ་ཁྱོན་ནས་མི་འདུག    ཡུད་ཙམ་མཐོང་བའི་མངོན་སུམ་འདིས་ཀློག་པ་པོར་གསལ་བོར་སྟོན་མི་ནུས་ཏེ།    རང་གི་འཆར་སྒོ་ལྟར་བྱས་ཙང་དེ་ལྟའི་མཛེས་སྡུག་ཅིག་གི་ཀློང་དུ་ཐིམ་འགྲོ།  

      ཤིན་ཏུ་དབེན་འཇགས་ཡིན་པའི་མཚན་མོ་དེར།    གྲོགས་མོའི་ཆང་ཁང་དུ་རང་གཅིག་པུ་སོང་ནས་ཚོར་བ་དབ་དོབ་པོར་བཟོས།  སུས་ཀྱང་རྟོགས་མི་སྲིད་དེ།  བསམ་གཞིག་དང་འཆར་ཡན་སྣ་ཚོགས་ཤིག་བརྩམས།     གཡོ་མེད་འགུལ་མེད་ཀྱི་སྒོ་ཁ་དེར།   ཁྱོད་ནི་སྤྲིན་བར་ནས་སྤྲིན་བར་བརྒྱུད་པའི་ཟླ་བ་ཞིག་ལྟར་ཐེངས་རེ་འཆར་གྱི་ཡོད་ལ།    སྐབས་དེར་ངས་ཀྱང་རང་གི་གྲིབ་མ་རྡོག་པས་གནོན་བཞིན་སྒོ་དེར་བརྒྱུད་པ་ཡིན།      ཉི་མ་ཟླ་བ་དུས་ཚོད་སྐར་མ་སོགས་གང་ལའང་ངེས་བརྟན་མེད་མོད།  ལས་དབང་ངམ་སྟེས་དབང་ཞིག་གིས་གཙང་བོ་བྲག་ལ་རྡེག་པ་བཞིན་ཁ་ཤས་ཕྲད་བྱུང་།  དགའ་སྐྱོ་མཐའ་དག་བརྗེད་པར་བྱས་ཏེ་ཁྱོད་ཁོ་ན་ཉམས་སུ་མྱོང་དུས།   རང་བྱུང་ཁམས་ཆེན་མོའི་བསིལ་ཞིང་བརླན་པའི་མཁའ་དབུགས་ཀྱི་ཁྲོད་དུ།   ལྷོད་བག་གིས་མངོན་པའི་ཟླ་བ་སྒོར་མོ་དེ་སྒེའུ་ཁུང་ལས་ཆང་ཕོར་ཁ་རུ་འཁྱུལ་བྱུང་།                   
                   རྩོམ་སྒྲིག་པ།   མྱི་གསར་བ།


 

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

 

Signature is customized by Netease