འབྲོག་ཕྲུག་མ།

    རྩོམ་པ་པོ། གཟུངས་འདུས་སྐྱབས།


འབྲོག་ཕྲུག་མ།

 
                  གཟུངས་འདུས་སྐྱབས།
 
     རྩྭ་ཐང་འདི་ཆེ་ན་ཆུང་ན་རྒྱ་ཁྱོན་དེ་ཙམ་རེད།མི་རིགས་འདི་གཙོ་ན་ཕལ་ན་རུས་ཁྲག་དེ་ཙམ་རེད།རྩྭ་ཐང་འདིའི་གཏོར་སྐྱོན་གྱི་ཆེད་དུ་སུ་ཞིག་ངུ་ན་བསམ།མི་རིགས་འདིའི་བསླད་སྐྱོན་གྱི་སླད་དུ་སུ་ཞིག་བཤུམ་ན་འདོད།ངུས་ཀྱང་རུང་ལ་མ་ངུས་ཀྱང་རུང་།བཤུམ་ཡང་ཆོག་ལ་མ་བཤུམ་ཡང་ཆོག གང་ལྟར།འདི་ནི་ཕྱོགས་ཞེན་གྱི་འཁྱེར་སོ་ཞིག་གཏན་ནས་མ་ཡིན་པར།དེ་ནི་ང་རང་ཚོར་ཡོད་འོས་པའི་འོས་བབ་ཅིག་ཡིན་སྲིད།
     ང་རང་སློབ་མཐར་ཕྱིན་ནས་ཅང་འགོར་མེད།ངས་སྐད་འཕྲིན་གྱི་དྲྭ་མིང་ལ་དཔྱིད་ཆར་དུ་འབོད་པའི་འབྲོག་ཕྲུག་མ་ཞིག་དྲ་ལམ་ནས་ངོ་ཤེས་ཤིང་།ད་སྔ་ངེད་གཉིས་བར་ལ་མངོོན་སུམ་གྱི་འགྲོ་འོང་མེད་ན་ཡང་།དེང་རབས་དྲྭ་རྒྱའི་ཞབས་འདེགས་ལ་བརྟེན་ནས་ངེད་གཉིས་ཀྱིས་ཕན་ཚུན་བར་ལ་འགྲོ་འོང་ཐེངས་གང་མང་བྱས་སོང་།
 
     ཡངས་ཤིང་རྒྱ་ཆེ་བའི་རྨ་ཁུག་རྩྭ་ཐང་འདིའི་ཁོ་ར་ཁོར་ཡུག་ཀུན་ཏུ་གཏོར་སྐྱོན་ཚབས་ཆེན་ཐེབས་དུས།ངས་ནང་སེམས་ཀྱི་སྐྱོ་བ་སངས་ཕྱིར་མི་གཞན་ལ་སེམས་གཏམ་རེ་གློད་འདོད་མོད།འོན་ཀྱང་མ་གསང་དྲང་མོར་བཤད་ན།ང་རང་སྡུག་ལ་ཐུག་སྟེ་ཕ་མེས་ཡང་མེས་དག་གི་རིང་ནས་བརྒྱུད་ནས་ཡོང་བའི་བསང་ཁྲི་དེ་དག་གི་གམ་དུ་སོང་ནས།ཤའི་མིག་གིས་མཐོང་ཐབས་ཁག་པའི་གཞི་བདག་མཐུ་བོ་ཆེ་དེ་དག་ལ་ལེ་བདའ་བྱེད་པ་ལས་ཐབས་ཅི།འཇིག་རྟེན་འདི་རུ་མགུ་མི་ཁེངས་པའི་བྱ་དངོས་ག་ཚོད་ཅིག་གདའ་སྟེ།དེ་ནི་བགྲང་གིས་མི་ལང་བ་ཞིག་རེད།འོ་ན་དོན་དག་ལ་ལ་ཞིག་གི་སྟེེང་ནས་སེམས་ཀྱི་སེམས་གཏམ་གློད་ས་མི་རྙེད་པ་འདི་ཡང་དེའི་ནང་གི་གཅིག་ལོས་ཡིན།ཤུ་་་་་་།ངས་ད་བར་དུ་ང་འདྲའི་སྤྱིར་བཏང་གི་མི་ཞིག་གིས་མངོན་སུམ་དུ་འཕྲད་ཐབས་ཁག་པའི་གཞི་བདག་དེ་དག་ལ་ལེ་བདའ་དང་འཁང་ར་བྱས་ནས་ཡོང་བ་ཡིན།
 
     དགའ་འོས་པ་ཞིག་ལ།དཔྱིད་ཆར་ངོ་ཤེས་པ་ནས་བཟུང་།ངའི་སེམས་ཀྱི་སྡུག་བསྔལ་འདི་ཡང་ཧྲིལ་བོ་གཅིག་ནས་ཕྱེད་གཉིས་སུ་བགོ་ཐུབ་པ་ལྟ་བུའི་སེམས་ཁམས་ཤིག་གྲུབ་ཀྱིན་འདུག་སྙམ།ཆེས་མ་མཐའ་ཡང་རྩྭ་ཐང་འདིའི་གཏོར་བརླག་རང་བཞིན་དང་མི་རིགས་འདིའི་བསླད་སྐྱོན་རང་བཞིན་ཐད་ནས།ངེད་གཉིས་མ་བགྲོས་གཅིག་མཐུན་གྱི་ངང་ནས་བསམ་ཕྱོགས་གཅིག་གི་སྟེང་དུ་འབབ་ཐུབ་དུས་ཡོད་ལ།དེ་དུས་ངས་ད་གཟོད་གཞི་བདག་ཁོ་ནར་ལེ་བདའ་དང་འཁང་ར་བྱེད་མི་དགོས་པ་བྱུང་།ཡང་གཅིག་བཤད་ན།ངས་གཞི་བདག་གི་ཚོགས་ལ་འཁང་ར་བྱེད་དོན་ནི།གཞི་བདག་ལ་མ་རངས་པའི་ངང་ཚུལ་བསྟན་པ་གཏན་ནས་མ་ཡིན་པར།དེ་ནི་གཞི་བདག་དེ་དག་རང་གི་ཆེས་སྙིང་ཉེ་བའི་སྤུན་ཟླ་ལྟ་བུ་རེ་རེར་བཀུར་ཡོད་པས་ཡིན།ངས་ཇི་ལྟར་ལེ་བདའི་གཏམ་ཚིག་ཟློས་ཀྱང་ཕྱིར་ཨ་ལན་མེད་ལ་ཡ་ལན་ཡང་མེད་པའི་གཞི་བདག་གི་ཚོགས་རྣམས།ད་ཆ་ང་ལ་ཡང་སེམས་ཀྱི་སེམས་གཏམ་སྐོར་ཞིག་རང་གིས་རང་ལ་བཤད་དགོས་པའི་གནས་བབ་ལས་འགོངས་ཏེ།མཚམས་རེར་དཔྱིད་ཆར་དང་ལྷན་དུ་རང་དང་རང་གི་འཚོ་བ་མ་ཟད།ཕ་ཡུལ་འདི་དང་ཡུལ་མི་དག་གི་འདས་མ་གསུམ་གླེང་རྒྱུའི་གོ་སྐབས་རེ་རེག་གིན་ཡོད་ཕྱིར།ངས་སྔ་མ་ལྟར་ཕ་ཡུལ་དང་ཡུལ་མི་དག་གི་སྐྱ་ཟད་སྔོ་རྡུགས་ཀྱི་གནས་བབ་དེའི་ཆེད་དུ་མནོ་བསམ་གཏོང་བར་རང་ཉིད་ཁེར་རྐྱང་མིན་པའི་ངེས་ཤེས་གསར་བ་ཞིག་ཀྱང་ག་ལེར་རྙེད་འགོ་རྩོམ་བཞིན་ཡོད།
 
     དཔྱིད་ཆར།མིང་དངོས་ལ་ཅི་ཟེར་བ་བརྩམས་སྒྲུང་འདིའི་གབ་བྱ་ཞིག་ཡིན།ཅི་ཟེར་རུང་སྐད་འཕྲིན་གྱི་དྲྭ་མིང་ལ་དཔྱིད་ཆར་དུ་འབོད་པའི་འབྲོག་ཕྲུག་མ་འདི།ཆུང་དུས་ནས་བཟུང་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་ཡང་ཅིི་སྐྱོན་ཏེ།ཁོ་མོས་རང་སྦྱོང་དང་སྒེར་ངོས་ཀྱི་དགེ་རྒན་སྐོར་ཞིག་ལ་བརྟེན་ཏེ་བསླབས་པའི་ཡོན་ཏན་དེའི་ཚད་ཐིག་ངོ་མ་ཧང་སངས་དགོས་པའི་ཚོད་དུ་འདུག ཆེས་མ་མཐའ་ཡང་ཁོ་མོས་བོད་སྐད་ཡིག་གི་ལམ་ནས་རྩོམ་ཡིག་ཀློག་ཐུབ་པ་མ་ཟད།རྩོམ་ཡིག་འབྲི་ཡང་ཤེས་ཀྱིན་འདུག འདི་ནི་སློབ་གྲྭར་མ་འགྲིམ་པར་རང་སྦྱོང་དང་ཟུར་བརྟེན་དགེ་རྒན་ལ་བརྟེན་ནས་སློབ་གཉེར་བྱས་པའི་འབྲོག་ཕྲུག་མ་ཞིག་ལ་མཚོན་ན།ཆེས་ལེགས་པའི་སློབ་སྦྱོང་གི་འབྲས་བུ་ཞིག་ལོས་ཡིན།ལྷག་པར་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་ནས་ཐོན་ཡང་།མི་རིགས་རང་གི་གཟུང་འཇུག་མེད་པ་ལྟ་བུའི་བོད་མོ་སློབ་ཆེན་མ་དེ་ཚོ་དང་བསྡུར་ན།དཔྱིད་ཆར་ནི་བོད་སྐད་ཡིག་གི་བདག་མོ་རྣལ་མ་ཞིག་དང་།ཡང་ན་རིགས་ཀྱི་འདུ་ཤེས་ཟབ་པའི་རིགས་གཅིག་སྤུན་ཟླ་དེ་དག་གིས་བསྔགས་འོས་པའི་བསྔགས་བྱའི་ཡུལ་ཞིག་ཀྱང་ལོས་ཡིན།དེེའི་སྟབས་ཀྱིས་ང་རང་ངོས་ནས་ཀྱང་དཔྱིད་ཆར་ལྟ་བུའི་ཤེས་ཡོན་དང་ལྡན་པའི་འབྲོག་ཕྲུག་མ་དག་ལ།རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་དག་ལ་སྲུང་སྐྱོབ་བྱེད་པ་ལྟར་གཅེས་སྲུང་བྱེད་ན་འདོད།ཕ་ཡུལ་འདི་ལ་མཚོན་ན།དཔྱིད་ཆར་ལྟ་བུའི་འབྲོག་ཕྲུག་མ་དག་ནི།འབྲོག་པས་ལུག་རྒྱུད་བཟང་བོ་སྐྱེད་སྲིང་བྱེད་པ་ལྟར།ཕ་ཡུལ་འདིས་སྐྱེད་སྲིང་བྱེད་འོས་པའི་མི་སྣ་དེའི་རིགས་ལོས་ཡིན་སྙམ།
 
     གོང་དུ་ཞུས་ཟིན་པ་ལྟར།དཔྱིད་ཆར་དང་ངེད་གཉིས་མངོན་སུམ་དུ་ཐུག་མ་མྱོང་།རེད་ཀྱང་།ཁོ་མོའི་མགྱོགས་འཕྲིན་དང་སྐད་འཕྲིན་གཉིས་ལས།ངས་ཁོ་མོའི་གཟུགས་བྱད་དང་སྐད་གདངས་མཐོང་ཐོས་ཐུབ་པ་བྱུང་ཡོད།ཁོ་མོའི་བྱད་བཞིན་གྱི་མཛེས་པ་དེ་ལ་སྐར་མ་ཞིག་སྟེར་རྒྱུ་བྱེད་པ་དང་ཆབས་ཅིག ཆེས་མཐོ་བའི་ཐོབ་སྐར་སྐར་མ་བརྒྱ་ཡིན་ན།ངས་སྐར་མ་དགུ་བཅུ་གོ་གསུམ་མིག་བཙུམ་ནས་སྟེར་ཐུབ་ལ།ཡང་སྐད་གདངས་དེ་ལ་དཔེ་འཇོག་ཅིག་དྲངས་ན།འདི་དང་དེ་འདྲ་བ་ཞིག་རེད་ཅེས་དཔེ་གཞན་པ་དྲངས་རྒྱུ་མེད་པར།ཁོ་མོའི་སྐད་གདངས་ལ་ཁོ་མོའི་སྐད་གདངས་ཀྱི་ཁྱད་ཆོས་ཤིག་འདུག་སྟེ།བཤད་སྟངས་ལྷོད་ལ་བཤད་རྒྱུན་ཅུང་རིང་བ།བཤད་ཀྱིན་བཤད་ཀྱིན་རླངས་འཁོར་བཞིན་དུ་བསྒག་ཟྭ་ཡང་གནོན་ཐུབ་མཁན་ཞིག་རེད་བསམ།མ་གསང་དྲང་མོར་བཤད་ན།མ་ཤི་སྟོང་འདང་བརྒྱབ་ན།ཁོ་མོའི་མོ་སྒོ་དེ་ང་རང་ངོས་ནས་བློ་ལ་འབབ་ནས་མི་ཚད།བརྒྱ་ལ་ཁོ་མོ་ངའི་ཆུང་མ་བྱེད་ཐུབ་པའི་དབང་དུ་བཏང་ན།ཁྱིམ་ཆུང་མ་རང་གི་ཡན་དུ་སླེབས་ཡོད་པའི་ཚོད་དུ་འདུག་ན་ཐང་།ཡང་ཞིབ་ཏུ་འདང་བརྒྱབ་ན།ངས་ཁོ་མོ་དེ་འདྲའི་མཐོ་ས་ཞིག་ལ་འཇོག་དོན་ནི།ཁོ་མོའི་མོ་སྒོ་དེ་ཉིད་ཁོ་ནའི་ཆེད་དུ་མ་ཡིན་པར།ཁོ་མོའི་འབྲོག་ཕྲུག་མ་ཞིག་ལ་ཡོོད་འོས་པའི་འབྲོག་མོའི་ཁྱད་ཆོས་དང་བསམ་བློའི་འཁྱེར་སོ་དེའི་དབང་གིས་ཡིན་ཡང་སྲིད།གང་ལྟར།དཔྱིད་ཆར་ཞེས་པའི་འབྲོག་ཕྲུག་མ་འདི།ང་ཡི་མི་ཚེ་འདིའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ན་ཐང་གི
 
     གོ་བ་མ་ལོག་བརྩམས་སྒྲུང་འདི་བརྩེ་དུང་ཁོ་ནའི་ཆེད་དུ་བྲིས་པ་ཞིག་མིན།ད་ཆ་ང་ལྟ་བུའི་སློབ་ཆེན་པ་མང་བོ་ཞིག་དགེ་རྒན་བཀའ་དྲིན་ཅན་ཇི་སྙེད་ཅིག་གི་བཀའ་དྲིན་ལ་བརྟེན་ནས།ཀ་ངོོ་ཡིག་ངོ་ཙམ་ཤེས་པའི་ང་རྒྱལ་གྱིས་མ་བཟོད་པར།འདི་ལ་མཚང་འབྲུའི་ཚིག་གི་འཁོར་ལོ་བསྐོར་ཞིང་གན་ལ་དགག་རྒྱག་ཚིག་གི་ཕྲེང་ཞགས་འཕེན་ཞོར།རང་ལས་ལྷག་པའི་འཇོན་པོ་ཞིག་མེད་བསམ་བཞིན་པའི་བབ་གླགས་འདིར།ངས་དཔྱིད་ཆར་གྱི་འགྲོ་སྟངས་འདུག་སྟངས་དེས་རང་གིས་རང་ལ་འགྲམ་ལྕག་ཚ་བེར་བེར་ཞིག་གཞུ་འདོད་པ་མ་ཟད།ངས་དཔྱིད་ཆར་གྱི་བསམ་བློའི་ལང་ཕྱོགས་དང་གཏན་གྱི་འདུན་མ་དག་དཔེ་དྲངས་ཏེ།སློབ་ཆེན་སློབ་མ་མང་བོ་ཞིག་ལ་རང་ངོ་རང་གིས་ཟིན་དུ་འཇུག་ན་འདོད།ཡིན་ཙང་།འདི་ནི་བརྩེ་དུང་ཁོ་ནའི་ཆེད་དུ་བྲིས་པ་ཞིག་མ་ཡིན་པར།འདི་རུ་འབྲོག་ཕྲུག་མ་ཞིག་གིས་ངའམ་ང་ཚོར་འཇོག་སྲིད་པའི་མིག་དཔེ་རང་བཞིན་དེ་གླེང་འདོད།
 
     དུས་རབས་གསར་བ་ཟེར་ན་མི་ཤེས།ནམ་ཞིག་དུས་རབས་ཉེར་གཅིག་པ་འདི་ཡང་དུས་རབས་རྙིང་བའམ་དུས་རབས་སྔ་མ་ཞིག་ཏུ་གྱུར་འགྲོ་ནི་རེད།གང་ལྟར་ཁ་སང་དེ་རིང་གི་དུས་བབ་འདི་ལ།ཉེ་འཁོར་གྱི་མི་མང་ཆེ་བ་ཞིག་སྒོར་མོ་ཞེས་པའི་འདོགས་ཐག་དེས་མདུན་དུ་ཁྱི་གུ་འཁྲིད་འཁྲིད་བྱེད་དུས།མང་བོ་ཞིག་གིས་རང་ཉིད་ཁྱི་ཕྲུག་བཞིན་དུ་མདུན་དུ་འཁྲིད་པར་སྣང་དོགས་མེད་ལ་ངོ་ཚ་ཡང་མེད་པའི་གནས་བབ་འདིའི་འོག་ནས།རང་ཉིད་གཅིག་པུ་རང་ཉིད་ཀྱི་འདོད་མོས་ལྟར་གྱི་རང་ཚུགས་དང་ལྡན་པའི་མི་ཞིག་བྱེད་རྒྱུ་ཟེར་ན།དེ་ནི་ས་བབ་ཀྱི་མཐོ་དམའི་སྟབས་ཀྱིས་གཙང་བོ་ཆེན་པོ་ཞིག་མཐོ་ས་ནས་དམའ་སར་ནུབ་ཕྱོགས་སུ་བཞུར་བཞིན་ཡོད་ན་ཡང་།རང་ཉིད་གཅིག་པུ་ཆུ་ཕྲན་ཆུང་ཆུང་ཞིག་ལྟར་དམའ་ས་ནས་མཐོ་སར་ཤར་ཕྱོགས་སུ་བཞུར་རྒྱུ་ཡིན་ཞེས་ཆོས་ཉིད་དང་འགལ་བའི་ཨུ་ཚུགས་བྱེད་པ་ཞིག་ཡིན་ཡང་སྲིད།འོན་ཀྱང་དོན་དག་ལ་ལ་ཞིག་དང་བྱ་དངོས་ལ་ལ་ཞིག་གི་ཡོངས་ཁུངས་ནི།མི་སྲིད་པ་ནས་སྲིད་པར་འགྱུར་བའི་ངོ་མཚར་གྱི་བཞུད་ལམ་རེ་རེའི་ཁྲོད་ནས་བལྟམས་པ་མ་ཡིན་ནམ་བསམ་སྐབས།སྐོར་ལོག་དང་ཨུ་ཚུགས་ནི་ཆེས་ལེགས་པའི་རང་ཉིད་ཀྱི་འགྲོ་རོགས་སུ་སྒོམ་ཆོག་སྙམ།
 
     དཔྱིད་ཆར་བཟས་ཡ།ཁྱོད་ཀྱིས་ང་དང་མཉམ་དུ་སྐོར་ལོག་དང་ཨུ་ཚུགས་མ་བྱས་ཀྱང་ཆོག ཁྱོད་ཀྱི་མདུན་ལམ་ལ་ཁྱོད་ཀྱིས་ཚོད་འཛིན་དང་སྔོན་དཔག་བྱེད་པའི་དབང་ཆ་ཡོད་ན་འགྲིག་སྙམ།ངས་ནི་ཁྱོད་ཀྱིས་ང་དང་མཉམ་དུ་ཐུན་མོང་གི་བསམ་ཚུལ་ཞིག་གི་སྟེང་ནས་ཐུན་མོང་གི་སྐད་ཆ་རེ་གློད་རྒྱུ་བྱུང་ན།དེ་ཉིད་རང་གི་བདེ་སྐྱིད་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ཆོག་པ་དེ་ཡིན།
     'ཨ་རོ།ཁྱོད་ཁོམ་དུས་སྐད་རེ་འཇོག་གི་སྡོད།ང་ཁོམ་དུས་ངས་ཀྱང་སྐད་རེ་འཇོག་གི་འདུག'
     ལེ་ཆོགསེམས་གཏིང་ནས་ཆོག་པའི་མཆན་བཏབ་པ་ཡིན།དྲང་མོར་བཤད་ན།ངས་རང་ཉིད་ཀྱི་ཉིན་གཅིག་གི་དུས་ཚོད་ལས་དུས་ཚོད་འོས་འཚམ་ཞིག་འུ་གཉིས་ཀྱི་ཁ་བརྡའི་སྟེང་དུ་གཏོང་བསམ་ཡོད།ཡང་ན་འུ་གཉིས་ཀྱི་གཅིག་སེམས་གཅིག་ལ་རང་ཤུགས་སུ་གསལ་ཡོང་བའི་ཐུན་མོང་གི་སྐད་ཆ་དེའི་ཆེད་དུ་བཀོལ་བསམ་ཡོད།ཡིན་ཙང་།གོང་གི་སྐད་ཆ་འདིའམ་རེ་བ་འདི་ནི་ཁྱོད་རང་གཅིག་པུའི་རེ་བ་མ་ཡིན་པར།ང་རང་ངོས་ཀྱི་རེ་བ་ཞིག་ཀྱང་ཡིན།རེད་ཡ།རེ་བ་འདི་ངས་ཁྱོད་ལ་ཡང་ཐེངས་འགར་བརྡོལ་སོང་བ་མ་ཡིན་ནམ།དེའི་ཕྱིར་ན་ངས་ཁྱོད་དང་མཉམ་དུ་དྲ་ལམ་ནས་ཕན་ཚུན་ལ་ཁ་བརྡ་གློད་པ་ནི།ཁོམ་སོང་བའི་ལས་ཀ་ལྷག་མ་ཞིག་ཏུ་བགྲང་མེད་པར།དེ་ནིི་གསེར་ལས་ལྷག་པའི་དུས་ཚོད་གང་འཚམ་ཞིག་དང་བརྗེས་ཀྱང་བརྗེས་རིན་བྲོ་བའི་ཐོབ་བྱ་ཞིག་ཏུ་སྙམ་གྱིན་ཡོད་སྟབས།ཁྱོད་ཀྱིས་ང་རང་ཁོམ་དང་མ་ཁོམ་མ་འདྲི།དོན་དངོས་སུ་ང་རང་ཁྱོད་རང་ཁོམ་པ་ཡོད་མེད་ལ་སེམས་ཚེགས་ཆེ་སོང་།མ་ཟད་ཁྱོད་ནི་ཁྱོ་གའམ་བདག་པོ་ཅན་གྱི་འབྲོག་ཕྲུག་མ་ཞིག་ཡིན་སྟབས།ངས་ནམ་ཞིག་འུ་གཉིས་ཀྱི་རང་དབང་རང་འཐད་ཀྱི་གླེང་མོལ་གྱི་ཁོར་ཡུག་ཉམས་དགའ་བ་འདི་ལ་བར་ཆད་རེ་ཡོང་མིན་ལ་དོགས་པས་ཁེངས་ཡོད།
 
     མཚམས་འདི་ནས་ཁྱོད་རང་དགོངས་འགལ་མེད་པར་ཞུ།ང་ཡི་བསམ་པ་ཞིག་ལ།འུ་གཉིས་ཀྱིས་ཕན་ཚུན་ལ་ངོོ་ཤེས་ཚད་འཕྱི་དྲགས་འདུག་སྙམ།གལ་སྲིད་ལོ་ཇི་སྙེད་ཅིག་གི་ཡར་སྔོན་དུ་ངས་ཁྱོད་རང་ངོ་ཤེས་ཡོད་ན།ངས་ཁྱོད་དང་མཉམ་དུ་རང་ཉིད་དང་རང་ཉིད་ཀྱི་འཚོ་བ།ད་དུང་ཕ་ཡུལ་དང་ཡུལ་མི་དག་གི་སྐྱིད་སྡུག་གླེང་བསམ་པ་མ་ཟད།ཡིད་གཉིས་ཐེ་ཚོམ་མེད་པར་ཁྱོད་ལ་བརྩེ་དུང་གི་བརྩེ་ཞགས་ཀྱང་འཕེན་ན་བསམ།བརྩེ་ཞགས་དེ་ཁྱོད་ཀྱི་བརྡ་རྟགས་ཀྱི་མཇིང་བ་རུ་བསྐོན་མི་བསྐོན་འུ་གཉིས་ཀྱི་ཐུན་མོང་གི་གདམ་གསེས་ལ་རག་ལོས་ཡོད།ཅི་ཟེར་རུང་ངས་ཚོད་ལྟ་བྱེད་སྲིད་པ་ཁོ་ཐག་ཡིན།སྙིང་རྗེ་མེད་པའི་དུས་ཚོད་ཀྱི་སྔ་ཕྱི་ཙམ་གྱིས་ང་ལ་དེ་ལྟར་བྱེད་རྒྱུའི་གོ་སྐབས་ཤིག་གནང་མི་འདུག གཅིག་བྱས་ན་ཁྱོོད་ཀྱིས་ཀྱང་ཁྱོད་རང་གཉེན་སྒྲིག་བྱེད་ཚད་སྔ་དྲགས་འདུག་སྙམ་ཡོད་སྲིད།བརྒྱ་ལ་ཁྱོད་ལ་ཡང་དངོས་ནས་དེ་ལྟ་བུའི་སེམས་ཁམས་ཤིག་ཡོད་ན་ནི།ངས་བརྩམས་སྒྲུང་འདིའི་རང་གྲུབ་ཚན་པ་འདིའི་མཇུག་ཏུ་འདི་འདྲའི་སྐད་ཆ་ཚན་པ་གཉིས་ཀྱང་འབྲི་འདོད་དེ།མ་འཚབ་མ་བྲེལ།དུས་ཚོད་ཀྱི་སྔ་གཞུག་ཙམ་མ་གཏོགས།ཁྱོད་ལ་དགའ་ཞིང་ཁྱོད་དང་འཚམ་པའི་གང་ཟག་དེ་ཁྱོད་དང་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་ནི་རེེད།མ་གཏོགས་བྲེལ་བྲེལ་འཚུབ་འཚུབ་ཁྲོད་ནས་བདམས་པའི་ཁོའམ་ཁོ་མོ་ཡིས།འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་དུ་ཁྱོད་ཀྱིས་རྙེད་ཐུབ་པ་མ་ཟད།ཁྱོད་ལ་དགའ་ཞིང་ཁྱོད་དང་ཆེས་ཆེར་འཚམ་མཐུན་ཡོད་པའི་ཁོའམ་ཁོ་མོའི་ཚབ་བྱེད་ག་ལ་ཐུབ།དེ་ཁྱོད་ཀྱི་འཚོ་བ་ལ་གཞི་བཅོལ་ཏེ་བྲིས་པ་ཡིན།ཡང་འདི་ལྟར་འབྲི་བསམ་སྟེ།འདས་ཟིན་པའི་དུས་ཚོད་ནང་དུ་ངས་ཁྱོད་རང་རྙེད་མ་ཐུབ་ལ།ད་ལྟ་བའི་དུས་ཚོད་ནང་དུ་ངས་ཁྱོད་རང་གཞན་ལ་ཤོར་འདུག འདི་ང་ཡི་ལས་དབང་ལ་གཞི་བཅོལ་ཏེ་བྲིས་པ་ཡིན།
     'ཁྱོད་ལ་ཁྱོ་ག་ཡོད་སྟབས།ངས་ཁྱོད་ཀྱི་ཁྱོ་ག་ལ་ཞག་མི་ལྡུད་སེམས་ཐག་མཁྲེགས་པོ་ལྕགས་ཡིན།'
     ད་ལྟ་ང་ལ་འདི་ལས་ལྷག་པའི་གདམ་གསེས་ཤིག་མེད་པ་འདྲ།དེ་ཡང་ཞག་ལྡུད་པ་ཞེས་པ་ནི་ཨ་མདོ་ས་ཆའི་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་དེ།ཁྱོ་ག་མེད་ཤུལ་དུ་ཆུང་མ་ལ་འདོད་པ་ལོངས་སུ་སྤྱད་པ་དེར་གོ དཔྱིད་ཆར།ངས་ཁྱོད་ལ་དེ་ལྟར་དམ་བཅས་པ་ཁྱོད་ཀྱིས་ད་དུང་ཡང་བརྗེད་ཡོད་དམ།གཅིག་བྱས་ན་འདི་ནི་ངས་རང་གིས་རང་ལ་མནར་གཅོད་བཏང་བ་ཞིག་ཀྱང་ཡིན་ས་རེད།མིན་ན་དེ་ལྟར་དམ་བཅས་ཀྱང་འདི་ལྟར་ན་ཟུག་ཆེ་དོན་ཅི།འདིའི་ཕག་ཏུ་རང་བློ་ལྐོག་ཏུ་མ་གྱུར་བའི་གསང་བ་གཞན་ཞིག་ཡོད།གསང་བ་དེ་ནི་ངས་ཇི་ལྟར་བྱས་ཏེ་དམ་བཅའ་བཞག་ནས་ཚིག་ཐག་བཅད་ཀྱང་།ཁྱོད་དང་འགྲོགས་འདོད་ཀྱི་འདུན་པ་ཞིག་དེ་ལྟ་དེ་ལྟར་དུ་ཡིད་ཀྱི་བརྙན་ཤེལ་ངོས་སུ་འཆར་ཡན་སྣ་ཚོགས་དང་བསྡོངས་ཏེ་ཤར་འོང་བ་དེ་རེད།
 
     དཔྱིད་ཆར།འབྲོག་ཕྲུག་མ།ང་ཡི་རྟག་བརྟན་ཐེར་ཟུག་མིན་པའི་དམ་བཅའ་ཡང་མོ་རླུང་འདྲ་བ་དེའི་ཕྱིར་དུ་དགོངས་ཡངས་གསོལ།ནམ་རྒྱུན་གྱི་འུ་གཉིས་ཀྱི་ཁ་བརྡའི་གླེང་བྱ་ནི་ཕ་ཡུལ་དང་ཡུལ་མི།ཡང་ན་རང་ཉིད་དང་མི་ཚོགས།དེ་མིན་ད་དུང་རྩོམ་རིག་དང་གློག་བརྙན།ཐ་ན་ད་དུང་ཆེས་སྤྱིར་བཏང་གི་ཚོང་ལས་ཙག་ཙིག་དང་བྱ་ལས་ཙག་ཙིག་གི་སྐོར་གྱི་ཁ་བརྡ་རྐྱང་རྐྱང་ཡིན་ན་ཡང་།ཞ་དང་ཞོར་ལ་གང་ཟག་ཕོ་མོའི་འཇིག་རྟེན་མཐུན་འཇུག་གི་བརྩེ་དུང་སྐོར་ནས་ཡང་སྐད་ཆ་རེ་ཟུང་ཁ་ཟུར་ནས་ཁུར་འགྲོ་ལ་ཚིག་ཟུར་ནས་ཤོར་འགྲོ་བས།འུ་གཉིས་ཀྱི་ཁ་བརྡ་ལ་བརྗོད་བྱ་གཏིང་ཟབ་ཅིང་རྗོད་བྱེད་སྟོབས་ཆེ་བའི་ཁྱད་ཆོས་མི་མངའ་ན་ཡང་།འུ་གཉིས་ཀྱི་གླེང་མོལ་ལ་བརྗོད་གཞི་སྣ་མང་ཞིང་རྗོད་བྱེད་བབ་ཆགས་པའི་སྐད་ཆའི་ཁོར་ཡུག་ཉམས་དགའ་བ་ཞིག་རང་ཤུགས་སུ་གྲུབ་འདུག་སྙམ།
 
     དཔྱིད་ཆར་དང་ངེད་གཉིས་ཡུལ་ཚོའམ་སྡེ་བ་གཅིག་གི་མི་མིན་ན་ཡང་།ངེད་གཉིས་རྫོང་གཅིག་གི་མི་ཡིན་པ་མ་ཟད།རྫོང་ལ་འགྲོ་སའི་གཞུང་ལམ་ཡང་གཅིག་ཡིན་ཏེ།འདི་ག་ང་ཚོའི་ཡུལ་ཚོ་ནས་ལམ་ལ་ཆས་ཏེ་ཕར་རྫོང་ཐོག་ཏུ་ཨ་གསེར་གཞུང་ལམ་བརྒྱུད་ནས་སྤྱི་ལེ་ལྔ་བཅུ་ཙམ་གྱི་སར་སོང་མཚམས་སུ།ངས་དཔྱིད་ཆར་ཚང་གི་རུ་འབབ་ས་དང་ཡང་ན་མོ་ཚང་གི་གཞིས་ཀ་གང་ཡིན་གསལ་བོ་མི་ཤེས་མོད།འོན་ཀྱང་ནམ་རྒྱུན་གྱི་ངེད་གཉིས་ཀྱི་ཕྱི་ནང་མེད་པ་ལྟ་བུའི་འབྲེལ་འདྲིས་ཁྲོད་དུ།ཁོ་མོས་ང་ལ་བརྙན་ལམ་ནས་བསྐུར་ཞིང་ཡང་ངག་ཐོག་ནས་གསལ་བཤད་བྱས་པ་དེ་དག་གཞིར་བཟུང་བ་ཡིན་ན།མོ་ཚང་གི་རུ་བ་རྒྱང་རིང་རྒྱང་རིང་གི་རི་ཚོགས་དབེན་པ་གན་གྱི་གསེང་དང་སྤྲིན་དཀར་ཚོམ་བུ་གན་གྱི་གཤམ་ན་ཡོད་རྒྱུ་རེད་སྙམ་བྱུང་ལ།མདུན་ནས་མདུན་དུ་བསྐྱོད་བཞིན་པའི་རླངས་འཁོར་གྱི་སྒེའུ་ཁུང་ལས།ངས་རང་གིས་རང་ལ་འོལ་ཚོད་བྱས་ནས་གྲུབ་པའི་དཔྱིད་ཆར་ཚང་གི་ཡུལ་ཕྱོགས་སུ་ཡང་དང་ཡང་དུ་མིག་ཉུལ་བྱེད་དགོས་བྱུང་བ་དང་སྦྲགས།ཁོ་མོའི་གཤིས་ཀ་དང་འབྲེལ་བའི་རྟོག་འཆར་གྱི་འཇིག་རྟེན་གཞན་ཞིག་ཀྱང་ག་ལེར་ག་ལེར་ང་ཡི་ཀླད་པའི་རྩ་ལམ་སོ་སོ་རུ་ཆགས་སོང་བ་འདྲ།
 
     དཔྱིད་ཆར་འདི་ལན་རེར་ཀུ་རེ་ཁ་མཚར་ལ་གོམས་པའི་པྲ་ཚགས་མ་ཞིག་ཀྱང་ཡིན་པ་འདྲ།དེ་ལྟ་ན་རྒྱང་རིང་རྒྱང་རིང་གི་རི་ཚོགས་དབེན་པ་གན་གྱི་གསེང་དང་སྤྲིན་དཀར་ཚོམ་བུ་གན་གྱི་གཤམ་ན།ཁོ་མོས་སུ་ཞིག་ལ་ཀུ་རེ་དང་ཁ་མཚར་བཤད་ནས།ཧ་ཧ་དང་ཧོ་ཧོ་ཟེར་བཞིན་རྩེད་དགོད་བྱེད་ཀྱིན་ཡོད་དམ་སྙམ་ན།ངས་རླངས་འཁོར་གྱི་ཁ་བསྒྱུར་འཁོར་གཅུ་གཡས་ཕྱོགས་སུ་གཅུས་ཏེ།འདི་ག་སྣུམ་ལམ་དང་སྦྲེལ་ཞིང་ཕར་རྒྱང་རིང་དུ་འཐེན་པའི་ས་ལམ་དེའི་ནང་དུ་བརྒྱུགས་བརྒྱུགས་མཐར་དཔྱིད་ཆར་ཚང་གི་རུ་འདབ་ཏུ་འགྲོ་ན་འདོད།བསམ་ནི་དེ་ལྟར་བསམ་མོད་ཀྱང་།བསྒྲུབ་ནི་དེ་ལྟར་བསྒྲུབ་མ་ཕོད།ཅི་ཞིག་ལ་ཟེར་ན།གཅིག་ནི་ངས་དཔྱིད་ཆར་ལ་ཕར་དེ་འདྲའི་རེ་བ་ཆེན་པོ་འཆང་ཡོད་ན་ཡང་།དཔྱིད་ཆར་གྱི་སེམས་སུ་ང་ནི་ཆེས་སྤྱིར་བཏང་གི་གྲོགས་པོ་ཞིག་ཏུ་བགྲང་ཡོད་ལས་ཆེ།གཉིས་ནི་ང་རང་དཔྱིད་ཆར་གྱི་ཁྱོ་ག་དེ་ལ་འཛེམ་ལོས་དགོས།གསུམ་ནི་ང་རང་དེ་ཚང་གི་འབྲོག་ཁྱི་དེ་དག་ལ་ཡང་ཅུང་སྐྲག་ནི་ཞིག་རེད།དེའི་ཕྱིར་ན་ངས་རླངས་འཁོར་གྱི་ཁ་བསྒྱུར་འཁོར་གཅུ་གཡས་ཕྱོགས་ཀྱི་ས་ལམ་དེའི་ནང་དུ་མ་གཅུས་པར།སྟོང་འདང་ལུང་བ་གང་དང་འགྲོགས་ཏེ་མུ་མཐུད་ནས་སྣུམ་ལམ་མམ་གཞུང་ལམ་འདི་བརྒྱུད་དེ་རྫོང་མཁར་གྱི་ཕྱོགས་སུ་བསྐྱོད་དགོས་བྱུང་།     
 
     རུལ་ནས་མྱགས་ནས་འགྲོ་བཞིན་པའི་ཁ་སང་དེ་རིང་གི་ཁོར་ཡུག་རྫོབ་ཚ་པོ་འདི་རུ།ངའི་སེམས་སུ་དཔྱིད་ཆར་ནི་ཁོར་ཡུག་འདི་ལ་རང་གི་ཚོད་ཀྱིས་གད་བདར་བྱེད་ནུས་པའི་འབྲོག་ཕྲུག་མ་རྣལ་མ་ཞིག་ཏུ་སྒོམ་བཞིན་ཡོད་ལ།མཚམས་རེར་ངེད་གཉིས་ཀྱི་ཁ་བརྡ་དེ་ཁ་བརྡ་ཙམ་མ་ཡིན་པར་སྙིང་གཏམ་བརྡོལ་བ་ལྟ་བུའི་ཚད་དུ་ཐོན་སྐབས།ཚོར་བ་ཟེར་བ་ནི་ངོ་མ་ཡ་མཚན་པ་ཞིག་སྟེ།ང་རང་ལན་རེར་ཕ་ཡུལ་དང་ཁ་བྲལ་ནས་བས་མཐའི་གྲོང་ཁྱེར་རེ་རུ་འདུག་སྐབས།ཚོད་ཚོད་ལ་ཕ་ཡུལ་གྱི་ལྗོངས་རྣམ་དང་སྣོད་བཅུད་དག་དྲན་འོང་བ་དང་ཆབས་ཅིག དཔྱིད་ཆར་ཡང་ཁོར་ཡུག་དེ་དང་ཡུལ་ལུང་དེ་ན་འཚོ་ཚིས་ཀྱི་ཆེད་དང་ཡང་ན་བདེན་དོན་གྱི་ཆེད་དུ།དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་ལྡོག་གི་རེས་མོས་ཁྲོད་དུ།མེ་ཏོག་དང་ཁ་བ་མོད་སའི་འབྲོག་ཐང་དེ་ན་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་དེད་དེ།ཕ་མེས་ཡང་མེས་རིང་ནས་བརྒྱུད་ནས་ཐོན་པའི་འཚོ་བ་རོལ་སྟངས་དེ་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་སྙམ་ན།མྱུར་བ་མྱུར་དུ་ཁ་པར་གྱི་འཆར་ཤེལ་ངོས་སུ་བོད་ཡིག་འགའ་གཏགས་རྗེས།སྐད་འཕྲིན་ལས་ཁོ་མོ་ལ་ལབ་གླེང་གང་ཞིག་གི་འགོ་རྩོམ་ན་འདོད།དེ་ནི་སེམས་པ་གཉིས་གཞི་གཅིག་གི་སྟེང་ལ་འབབ་ཐུབ་པའི་ཚོར་སྣང་ངམ་སྤྲོ་སྣང་ཁྱད་པར་བ་ཞིག་ཡིན་སྲིད།དེའི་སྟབས་ཀྱིས་དང་ཐོག་ཁོ་མོས་ང་ལ་ནམ་རྒྱུན་བཤད་པའི་སྐད་ཆ་ཞིག་སྟེ།ཁྱོད་ཁོམ་དུས་སྐད་རེ་འཇོག་གི་སྡོད།ང་ཁོམ་དུས་ངས་ཀྱང་སྐད་རེ་འཇོག་གི་འདུག་ཅེས་པ་ལྟར།ངས་ནམ་ཡང་ངེད་གཉིས་ཀྱི་དྲ་ལམ་གྱི་ངག་ཐོག་དང་ཡིག་ཐོག་གི་འབྲེལ་འདྲིས་འདི་ལ་མཚམས་འཇོག་མེད་པའི་རེ་བ་བཅངས་མྱོང་།ཡིན་ན་ཡང་།དོན་དངོས་ནི་ནམ་ཡང་ང་ཚོའི་རེ་བ་གང་ཞིག་དང་འགལ་བ་ལྟག་སྤྲོད་དུ་གནས་པ་ཞིག་རེད།
 
     མི་ནི་ཨ་གསར་གྱི་གདོད་གཤིས་མངའ་ལ་ངང་རྒྱུད་ཤིན་ཏུ་ཐུང་བའི་མཐོ་རིམ་གྱི་སྲོག་ཆགས་ཡིད་རྟོན་ཕེར་དཀའ་བ་ཞིག་ཡིན་པས།གཏན་གྱི་འདུན་མ་བཅོལ་སའི་མི་ཞེས་པ་ནི་རྨི་ལམ་རང་བཞིན་གྱི་རེ་བ་ཙམ་ལས་མངོན་སུམ་དུ་ལས་སླ་བོར་འགྲུབ་ཐུབ་པ་ཞིག་ག་ལ་ཡིན།ལྷག་པར་དུ་ངའི་སེམས་སུ་བུད་མེད་ཀྱི་གོ་གནས་ལ་མཐོང་ཆུང་བྱེད་མི་ཐུབ་མོད།འོན་ཀྱང་བུད་མེད་ནི་དཔལ་འབྱོར་རམ་རྒྱུ་ནོར་གྱིས་སྟངས་འཛིན་བྱེད་ནུས་པའི་རྒྱུ་ནོར་སྐྱབས་བཀུར་རིང་ལུགས་ཀྱི་མཐོ་རིམ་སྲོག་ཆགས་ཤིག་ཏུ་ངོས་འཛིན་གྱིན་ཡོད་སྟབས།ང་འདྲའི་རྒྱུ་དང་ནོམ་པའི་ཐད་ནས་ཉམ་ང་ཉག་ཕྲ་བའི་ཅང་མེད་དབུལ་བོ་ཞིག་གིས།ད་རེས་ཀྱི་མི་ཚེ་འདི་ལ་དཔྱིད་ཆར་ལྟ་བུའི་འབྲོག་ཕྲུག་མ་རྣལ་མ་ཞིག་ལ་དེ་ལྟར་ཡིད་སེམས་གཅིག་ཏུ་མཐུན་ནས་ཁ་བརྡ་དང་འབྲེལ་འདྲིས་བྱེད་རྒྱུ་བྱུང་བར་དགའ་འོས་ལ་དགའ་ཡང་ཡོད།དེ་འདྲ་ཞིག་ཡིན་ན་ཡང་།ཡུན་རིང་གི་འདྲེས་གཤིབ་ཁྲོད་དུ།ངས་ངེད་གཉིིིས་ཀྱི་འབྲེལ་བ་འདིའི་རྒྱུན་མཐུད་རང་བཞིན་ལ་མནོ་བསམ་རེ་བཏང་ན།ད་ནི་ཁོ་མོའི་སྐད་འཕྲིན་ལ་གྱེས་ཕྱག་འཚལ་ཏེ་ནག་བསུབ་གཏོང་རན་ལ་ཐོན་འདུག་སྙམ།ཡིན་ཡང་རྒྱུ་དང་རྐྱེན་ཅི་ཡང་མེད་པར་ཁོ་མོ་དང་རྒྱང་བཀྱེད་གཏོང་བ་ནི་དེ་འདྲའི་ཚུལ་མཐུན་གྱི་གདམ་གསེས་ཤིག་ག་ལ་ཡིན།
 
     ཁྲེལ་དང་ཕྱི་ཐག་ཐུང་བའི་ཅོལ་ཆུང་ང་།འཇིག་རྟེན་ན་རྒྱུ་འབྲས་ཟེར་བ་ཞིག་ཡོད་ན།ངའི་སྟེང་ལ་རྣམ་སྨིན་ཟེར་བ་དེ་འཁོར་བར་ཤོག དེ་ཡང་སྟོན་མགོ་ཚུགས་མ་ཐག་པའི་མཚན་གཞུང་ཞིག་ལ།ངས་སོམ་ཉི་དང་བཅས་ཏེ་དཔྱིད་ཆར་གྱི་སྐད་འཕྲིན་དེ་སྙིང་རྗེ་མེད་པར་ནག་བསུབ་བཏང་སོང་།མ་གསང་སྲོང་བོར་སྨྲས་ན།ངས་འདི་ལྟར་བྱེད་པ་ནི་སྒེར་སེམས་འབའ་ཞིག་ལས་ཐོན་པའི་སེམས་ཐག་གཅོད་སྟངས་ཤིག་མ་ཡིན་པར།འདང་དང་འདང་བརྒྱབ་ན།ཁྱོ་ག་ཡོད་ལ་ཁྱིམ་ཚང་ཡང་ཡོད་པའི་ཁོ་མོ་སྟེ་དཔྱིད་ཆར་ལ་མཚོན་ན།ང་ནི་མི་ལྷག་མ་ཞིག་རེད།ཡིན་ཕྱིར།ངས་དེ་ལྟར་སྔོན་ཆད་འཛེམ་མེད་དུ་སྙིང་གཏམ་གང་མང་ཞིག་ཕན་ཚུན་ལ་གློད་མྱོང་བའི་འབྲོག་ཕྲུག་མ་ཞིག འདི་ལྟར་གློ་བུར་དུ་རྒྱང་བཀྱེད་བྱེད་དགོས་ཐུག་བྱུང་།དཔྱིད་ཆར།ངས་ཁྱོད་ཀྱི་སྐད་འཕྲིན་ལ་གྱེས་ཕྱག་འཚལ་མ་ཐག སེམས་བྱུང་ལྔ་བཅུ་རྩ་གཅིག་ཡོད་པ་ལས་སེམས་བྱུང་གང་ཡིན་ཆ་མི་འཚལ་མོད་ཀྱང་།གང་ལྟར་སེམས་བྱུང་ཁྱད་པར་བ་ཞིག་གིས་ང་ལ་སྙད་བརྐོ་བ་ལྟར་སེམས་ཁམས་འདི་སྟོང་ལྷང་ངེར་གནས་སོང་།
 
     ད་རེས་འབྲི་བསམ་པའི་རྩོམ་ལུས་ནི་སྒྲུང་གཏམ་ཡིན་མོད།སྒྲུང་གཏམ་ནང་ནས་ཀྱང་སྒྲུང་ཐུང་ཞིག་འབྲི་བསམ་པ་ཡིན་མོད།འོན་ཀྱང་བྲིས་ཀྱིན་བྲིས་ཀྱིན་བྲིས་ཚར་ཡོད་པའི་རང་གྲུབ་ཚན་པ་དག་ལ་ཕྱིར་བལྟ་ཞིག་བྱས་ན་ནི།འདི་ནི་སྒྲུང་ཐུང་མ་ཡིན་པར་ལྷུག་རྩོམ་གྱི་ལུས་སུ་ཐེ་བའི་རྩོམ་ཐུང་ཞིག་ཏུ་ཡང་གྱུར་ཡོད་སྲིད།གང་ལྟར་ངས་ནི་ང་ཡི་དངོས་བྱུང་གི་གཏམ་རྒྱུད་ཅིག་ལ་ཚོར་བས་རྒྱན་ཆ་བཏགས་ཏེ།དོན་བརྗོད་རྩོམ་རིག་གི་ཁོངས་སུ་གཏོགས་པའི་སྒྲུང་ཐུང་ཞིག་འཁྱོངས་མིན་ལ་ཚོད་ལྟ་བགྱིས་པ་ཡིན།དེ་ལྟར་བཤད་ན།ང་ཚོའི་ཀློག་པ་པོ་ལ་ལ་ཞིག་གི་སེམས་སུ་འདི་ལྟར་འདོད་སྲིད་དེ།ངས་སྐད་འཕྲིན་གྱི་དྲྭ་མིང་ལ་དཔྱིད་ཆར་དུ་འབོད་པའི་འབྲོག་ཕྲུག་མ་དེ་ཕར་རྩོམ་ཐུང་ཞིག་དང་བརྗེས་ཡོད་འདུག་སྙམ་ན་ཐང་མོད།དེ་འདྲ་ཞིག་གཏན་ནས་མིན།དཔྱིད་ཆར་གྱི་མི་རིགས་འདི་དང་ཕ་ཡུལ་འདི།ཡང་ན་སྐད་ཡིག་འདི་དང་ས་གནས་འདི་ལ་བཟུང་བའི་ཆེས་སྤྱིར་བཏང་སྤྱིར་བཏང་གི་ལྷག་བསམ་ཟོལ་མེད་ཀྱི་འགྲོ་སྟངས་འདུག་སྟངས་དེ་ལ།ཕྲན་ཆུང་ངས་ཇི་སྲིད་བར་དུ་སྲོག་འཚོ་ན་དེ་སྲིད་བར་དུ་དགའ་ཞེན་གྱི་འཛུམ་མདངས་སྟོན་ན་བསམ།རེད་ཀྱང་།འབྲོག་ཕྲུག་མ་འདིའི་མ་འོངས་པའི་འཚོ་བ་ལ་བསམ་རེ་ཚུགས་ན་ནི།ང་ནི་ཁོ་མོའི་མ་འོངས་པའི་ལམ་བུའི་ཁྲོད་ཀྱི་བགེགས་རྡོ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་སྲིད།ཅིའི་ཕྱིར་ཞེ་ན།ཁོ་མོ་ལ་ཁྱོ་ག་དང་ཁྱིམ་ཚང་ཡོད་པ་བདེན་ཡང་།ངེད་གཉིས་ཀྱིས་འབྲེལ་འདྲིས་བྱས་ནས་དུས་ཡུན་གང་འཚམ་ཞིག་སོང་བའི་རྗེས་སུ།ངའི་སེམས་སུ་གདོན་ཞུགས་པ་ལྟར་ཁོ་མོར་སྤྲིངས་པའི་ཡིག་ཐོག་དང་ངག་ཐོག་གི་སྐད་ཆ་གང་ཞིག་ཡིན་ན་ཡང་ཆོག རིམ་གྱིས་རིམ་གྱིས་ཕན་ཚུན་གྱི་ཡིད་སེམས་གསོ་ཐུབ་པའི་ཁ་བརྡ་དེ་དག་གི་ཁྲོད་དུ་ཡང་ཁ་བཙོག་གི་སྐད་ཆ་དང་ཕོ་མོའི་བརྩེ་དུང་གི་སྐོར་གྱི་སྐད་ཆ་ཡང་ཇེ་མང་ནས་ཇེ་མང་ཡིན་པ་མངོན་སུམ་དུ་གྲུབ།
 
     མུ་མཐུད་ནས་འདི་ལྟར་ཁ་བཙོག་གི་སྐད་ཆ་དང་ཕོ་མོའི་བརྩེ་དུང་གི་སྐོར་གྱི་སྐད་ཆ་ཇེ་མང་ནས་ཇེ་མང་དུ་སོང་ན།ང་རང་བཟའ་ཆ་འགྲིག་བར་གྱི་འདྲེ་ནག་རིལ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་སྲིད།དེའི་ཕྱིར་ན།དགྲ་མ་ཡོང་གོང་ལ་དོགས་ཟོན་བྱས་ནས།ཆུ་མ་ཡོང་གོང་ལ་ཆུ་རགས་བརྩིགས་ན་ལོས་དགའ་སྙམ།སྤྱིར་ན་ང་རང་ཉིད་ལ་མཚོན་ན།བཟའ་རྐུན་ལས་བྱུང་བའི་བརྩེ་དུང་དེ་ཡང་རོལ་འདོད་པ་ཞིག་རེད།ཡིན་ཡང་ངས་དང་ཐོག་མནའ་དབོར་ཏེ་བརྩེ་དུང་གི་སྐོར་ནས་ཕན་ཚུན་ལ་རེ་བ་མི་འཆང་ཞེས་དཔྱིད་ཆར་ལ་དམ་བཅས་ཡོད་པས།ཅི་ཐུབ་ཀྱིས་ཚིག་ཐོག་ནས་མི་འགྱུར་བའི་གསར་བུ་ཞིག་གི་བརྟུལ་ཞུགས་འཛིན་ཁུལ་བྱེད་ན་བསམ།འདི་ནི་ངོ་མ་ཡོང་སྒོ་མེད་ལ་བསམ་གཞིག་ཀྱང་མ་བཏང་བའི་འགོ་རྩོམ་སྟངས་ཤིག་རེད།དཔྱིད་ཆར།ང་ངོ་མ་འགྱོད་པ་སྐྱེས་ཡོད།ངས་ཁྱེད་ལ་དང་ཐོག་དེ་ལྟར་དམ་བཅས་པར་འགྱོད་པ་སྐྱེས་ཡོད།གང་ལྟར་ད་ནི་ཡོད་ཚད་འཕྱི་སོང་ཡོད་པ་འདྲ།དཔྱིད་ཆར།མཇུག་མཐར་ངས་ཁྱེད་ལ་བཤད་འདོད་པ་ནི་འདི་ལྟ་སྟེ་འདི་ལྟར་ལགས།
     'དཔྱིད་ཆར།ངས་ད་དུང་ཡང་འུ་གཉིས་ཀྱི་བཤད་རྔ་ཕུད་མེད་པའི་སྙིང་གཏམ་མང་བོ་མང་བོ་ཞིག་གི་མཇུག་སྐྱོང་ན་འདོད།འོན་ཀྱང་།ངས་ཁྱོད་ཀྱི་སྐད་འཕྲིན་ནག་བསུབ་གཏོང་དགོས་ཐུག་བྱུང་།དགོངས་དག ང་ཁྱོད་ཀྱི་འཚོ་བ་དང་རྒྱང་བཀྱེད་བྱེད་དགོས་ཐུག་བྱུང་།དགོངས་དག'
     ཆེས་མཇུག་མཐའི་ཆིག་ལབ་འདི་བཤད་སྐབས།ང་རང་ཅི་ཡིན་འདི་ཡིན་མེད་པར་དལ་འབབ་ཀླུ་ཆུ་སྔོན་མོའི་འགྲམ་ངོགས་སུ་ཁུ་སིམ་མེར་འགྲེང་ནས་བསྡད་འདུག་པ་ང་རང་གིས་ཀྱང་མ་ཚོར་ལ་མ་ཤེས།

                           རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease