གྲུབ་རྟགས།

    རྩོམ་པ་པོ། རྟ་མགྲིན་རྒྱལ།


གྲུབ་རྟགས།
སྒྲུང་ཐུང་།  

 
                རྟ་མགྲིན་རྒྱལ། གཅན་ཚ།
༡ 
གནམ་ངོ་རུབ་པའི་སྟོན་མཇུག་གི་མཚན་མོ་ཞིག་ལ། “ཕི་ལ་ཏོ”རྟགས་ཅན་གྱི་རླངས་འཁོར་ཞིག་རྨ་ཆེན་གངས་རིའི་ཉེ་འདབས་བརྒྱུད་དེ་རྟ་བོ་གོང་མའི་གཡང་འཁྱིལ་ལུང་བའི་ནང་དུ་རླུང་ནག་འཚུབ་མ་བཞིན་ཐད་ཀར་རྒྱུག་ཡོང་། ཁ་ལོ་བས་རླངས་འཁོར་གྱི་མེ་གཟིམས་རྗེས། མཇུག་གི་སྒམ་ཆུང་ནང་ནས་འཇོར་དང་ལྕགས་ཁེམ་བླངས་ཏེ་ཐང་དཀྱིལ་ན་ཡོད་པའི་རྡོ་ཕ་བོང་རྐྱང་དམར་གྱི་འདབས་སུ་སོང་། ཁོས་རྟབ་རྟབ་པོར་ས་དོང་ཞིག་བརྐོས་ཤིང་ལྷ་སྐུ་ཞིག་སྦས་རྗེས་ཡང་བསྐྱར་དོང་ཁ་བཅད་པ་དང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ“ས་འདིའི་ས་བདག  གནས་འདིའི་གནས་བདག  ས་བཅུ་ལམ་ལྔ་ཐོབ་པའི་ཨ་མྱེས་རྨ་ཆེན། དེ་རིང་གི་བྱ་བ་འདི་བདེ་བླག་གིས་འགྲུབ་རྒྱུ་ཁྱེད་མཁྱེན་ནོ”ཞེས་སྐད་དམའ་མོས་སྐྱབས་འཇུག་ཞུས། དེ་རྗེས་ཁོས་འཚབ་འཚུབ་ངང་གཅིན་པ་ཤག་སེ་བཏང་རྗེས་ཕ་བོང་དེའི་ཉེ་འདབས་ཀྱི་ཁོར་ཡུག་ལ་ཞིབ་བལྟ་ཞིག་བྱས་ཤིང་།   སླར་ཡང་ཅ་ལག་རྣམས་མཇུག་གི་སྒམ་ཆུང་ནང་བཅུག་ནས་ཤར་གྱི་རྨ་ཆེན་རྫོང་གི་ཕྱོགས་སུ་བྱ་འཕུར་བ་ལྟར་ལོག་སོང་།
 
དེ་རིང་ནི་རྒྱ་ལོ་ཚེས་བཅོ་ལྔ་ཡིན་ལ་ཧྲུའུ་ཅི་གཡང་བྷ་ཚང་གི་གཉེན་སྟོན་ཡང་རེད། མཐིང་སྨུག་སྦྲ་ཡི་ཡར་སྒྱེད་དུ་སེང་གེ་ལྟར་བཞུགས་ཡོད་པ་ནི་གཏེར་སྟོན་ཚང་ཡིན་ལ།བདག་གཞི་མགྲོན་གཉིས་ཀྱི་སྣང་ངོར་ཁོང་ནི་སེམས་ཅན་གྱི་ཚེ་འདི་ཕྱིའི་སྐྱབས་གནས་བགེགས་བར་ཆད་དང་གནོད་འཚེ་མཐའ་དག་སེལ་མཁན་གྱི་ལྷ་ཞིག་ཏུ་བསྒོམས་ཡོད།  དེ་རིང་གི་སྟོན་མོར་སྒྲོལ་མ་ཆོས་མཚོའང་ཡོང་འདུག ཁོ་མོ་ནི་མོ་ལོ་སུམ་ཅུར་སོན་མ་ཐག་ཡིན་ལ། གཟུགས་སྐྱེས་ལུས་སྨྱུག་མའི་ཚིགས་བཞིན་དྲང་།མཆུ་སྒྲོས་ཨུཏྤལ་བཞིན་དམར་ཞིང་མཛེས་ལ་བཞིན་གྱི་དཀྱིལ་འཁོར་པདྨའི་འདབ་མ་ལ་མིག་ཟུང་བུང་བ་ཀེམ་ཀེམ་གཡོ། ཁོ་མོ་ཐད་ཀར་གཏེར་སྟོན་ཚང་གི་མདུན་དུ་སོང་ནས་བྲེལ་འཚུབ་ཀྱིས་ཤོག་ཐུམ་ཞིག་གཏེར་སྟོན་ཚང་ལ་ཕུལ། བླ་མས་ཅི་ཞིག་གསུངས་པ་མ་ཐོས་མོད། ཁོ་མོའི་ཚེམས་ཕྲེང་དུང་དཀར་བསྒྲིགས་འདྲའི་ངག་སྒོ་ལས་ཁུ་བྱུག་གི་སྐད་ལྟར་སྙན་པའི་སྒྲ་ཞིག་གྲགས་འོངས་པ་ནི“ལགས་སོ”ཞེས་པ་དེ་ཡིན། བླ་མས་ཤོག་ཐུམ་གྱི་ཁ་ཕྱེ་ནས་གཟིགས་ཤིང་།ཞལ་ཡོངས་འཛུམ་གྱིས་ཁེངས་པར་གྱུར། དེ་ནི་ཤོག་ངོས་ན“ཁྱེད་ཚང་གི་ལུང་བསྟན་བཞིན་བཟའ་ཚང་ཐོར་ཟིན”ཞེས་པའི་ཡི་གེ་ཁ་ཤས་གསལ་བོར་བྲིས་ཡོད་པའི་རྐྱེན་གྱིས་ཡིན་པ་འདྲ།  སྟོན་ཐོག་ཏུ་མགྲོན་པོ་བཞི་ཡིས་གཏེར་སྟོན་ཚང་ལ་ཕྱག་བཅུ་གྲངས་འཚལ། ཁོ་ཚོ་ནི་བྲག་དཀར་ལུང་བཟང་ནས་གཏེར་སྟོན་བླ་མ་ཞུ་རུ་ཡོང་བ་རྣམས་རེད། རྒན་པོ་ཞིག་གིས་པུས་མོ་གཉིས་ས་ལ་བཙུགས་ཏེ་ལག་པའི་ཐལ་མོ་སྦྱར་ནས་ཞུ་བ།
“གཏེར་སྟོན་ཁྱེད་ནི་འདས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ། མ་འོངས་པའི་སངས་རྒྱས་རྣམས་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་རྣམས་ཀྱི་རྒྱལ་ཚབ། ཁྱེད་ཚང་གི་མཚན་སྙན་གྲགས་གླིང་ཉི་མ་གཉིས་ལ་གྲགས་ཡོད། ལུང་བཟང་ཞང་གི་སྔོན་མ་སྔོན་མའི་རིང་གི་འདས་པོ་རྣམས་ཀྱི་རྣམ་ཤེས།ད་ལྟའི་ཕོ་མོ་རྒན་གཞོན་རྣམས་ཀྱི་སྐྱིད་སྡུག  མི་ཡི་ན་ཚ། ཕྱུགས་ཀྱི་གོད་ཁ་ཐམས་ཅད་བླ་མ་ཁྱེད་ཚང་མཁྱེན། ཁྱད་པར་དུ་ལུང་བཟང་མ་གིའི་སྲིབ་ལུང་བྲག་འགག་ཏུ་མི་ཞིག་འཕྲུལ་རྟ་ལས་ས་ལ་བརྡབས་ནས་རྐང་པ་བཅག  འབྲི་གཡག་གཉིས་བྲག་ལ་ལྷུང་། མ་མོ་དགུ་སྤྱང་ཀིས་བསད། དེ་བས་ང་ཚོས་མོ་པར་མོ་འདེབས་སུ་བཅུག  རྩིས་པར་རྩིས་རྒྱག་ཏུ་བཅུག་ན། སྲིབ་ལུང་བྲག་འགག་ཏུ་གདོན་འདྲེ་མང་པོ་ཡོད་རབས་གསུངས། ཁྱད་པར་དུ། དེང་སྐབས་ནི་འདྲེ་ཡི་ཁ་གྲངས་ཇེ་མང་དང་།  མི་ཡི་གྲངས་ཀ་ཇེ་ཉུང་གི་དུས་རེད། འདྲེ་འདི་དག་བླ་མ་ཁྱེད་མ་གཏོགས་ས་འདི་གར་འདུལ་མཁན་ཞིག་དཀོན་པས། མ་སེམས་ཅན་སྤྱི་དང་། སྒོས་སུ་ངེད་ལུང་བཟང་ཞང་གི་བདེ་སྐྱིད་ཀྱི་ཆེད་དུ་གདོན་འདྲེ་འདི་དག་མཐར་སྐྲོད་རྒྱུ་དང་། ད་རུང་ཁྱེད་ཚང་ལ་འོ་བརྒྱལ་ཞིག་ཞུ་རྒྱུ་ཡོད་པ་ནི་སྔོན་ཆད་ལ་མཚོན་ན་ང་ཚོའི་ས་ཆ་འདིར་དབྱར་རྩྭ་དགུན་འབུ་མང་པོ་ཡོད།   བསྟུད་མར་ལོ་གཉིས་ལྷག་ལ་དབྱར་རྩྭ་ཇེ་ཉུང་དུ་སོང་བས།ཁྱེད་ཚང་གི་མཐུ་དང་བྱིན་རླབས་ཀྱིས་ང་ཚོའི་ས་ཆ་འདིར་དབྱར་རྩྭ་མང་པོ་ཞིག་སྐྱེས་རྒྱུ་ཡང་ཁྱེད་ཚང་གི་ཐུགས་ལ་བཟུང་རྒྱུ་མཁྱེན་ནོ ”ཞེས་ཞུས།  གཏེར་སྟོན་ཚང་ནས་ཀྱང་ཁོ་ཅག་གིས་ཇི་སྐད་གསོལ་བ་བཏབ་པ་བཞིན་དགུན་དུས་ཀྱི་དུས་ཚེས་བཟང་པོ་ཞིག་ཏུ་ལུང་བཟང་ཞང་ལ་ཕེབས་རྒྱུའི་ཞལ་བཞེས་གནངས།
 
དེ་རིང་ནི་གཏེར་སྟོན་ཚང་གིས་གཏེར་སྟོན་པའི་ཉིན་མོ་རེད། རྟ་བོ་གོང་མའི་གཡང་འཁྱིལ་རྩྭ་ཐང་གི་ཕ་བོང་རྐྱང་དམར་གྱི་ཉེ་འཁོར་དུ་མྱི་ཚོགས་གྲོག་མའི་ཚང་བཞིན་འཁྲིགས། གཏེར་སྟོན་ཚང་གི་མདུན་ཅོག་ཏུ་ཆོས་དཔེ་སྣ་ཐུང་ཞིག་བཞག་ཡོད་ཅིང་། གཡས་གཡོན་དུ་གྲྭ་པ་བཅུ་གྲངས་ལྷག་གིས་ཆོས་ཀྱི་དབྱངས་རྟ་དང་འགྲོགས་ནས་ཆོས་འདོན་བཞིན་འདུག  གྲལ་གྱི་གཡས་གཡོན་ན་གྲྭ་པ་གཉིས་ཀྱིས་དུང་ཆེན་འབུད་རྐྱང་གིས་གཏེར་སྟོན་ཚང་གིས་གཏེར་སྟོན་པར་སྒུག་ཡོད་པ་འདྲ། ཁོ་གཉིས་ཀྱིས་ངུར་སྨྲིག་གི་ན་བཟའ་གྱོན་ཞིང་། དབུ་སྐྲ་རྒྱ་ལྕང་གི་ལོ་མ་བཞིན་ཐུར་དུ་དཔྱངས་ཡོད་པས་གསར་རྙིང་གི་གྲུབ་མཐའི་དབྱེ་བ་འབྱེད་དཀའ།  ཡ་གིའི་རི་སྒང་དུ་བཏང་བའི་བསང་དུད་ལང་ལོང་ནམ་མཁའི་དཀྱིལ་འཁོར་ཡོངས་སུ་འཐིབས་ཤིང་མར་ཤུག་སྲེག་པའི་དྲི་མ་བར་སྣང་ཀུན་ཏུ་ཁྱབ་ཡོད་པས།གེ་སར་སྒྲུང་ལས་བྱུང་བའི་འཛམ་གླིང་སྤྱི་བསང་ཞེས་པ་དེ་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་སྟེར་ལ། “ལྷ་རྒྱལ་ལོ”ཞེས་ཀི་ལྡིར་གྱི་སྒྲ་དང་དྲིལ་བུ། ཌ་རུའི་སྒྲ་གྲགས་པ་དང་མཉམ་དུ་བླ་མ་ཡར་བཞེངས་ཏེ་འཁོར་གཡོག་གཉིས་དང་མཉམ་དུ་ཕ་བོང་རྐྱང་དམར་ལ་སྐོར་བར་འགྲོ་བཞིན་འདུག དུང་ཆེན་གྱི་སྒྲ་དང་། འཁར་རྔའི་སྒྲ། སྦུག་ཆལ་གྱི་སྒྲ་བཅས་མཇལ་བ་རྣམས་ཀྱི་རྣ་ཡི་དབང་པོ་འགེངས་པ་ལྟ་ཅི་སྨོས། ཡུལ་དེའི་ལྷ་འདྲེའི་ཚོགས་རྣམས་གཅིག་ཀྱང་མ་ལུས་པར་སྐད་ཅིག་དེ་ཉིད་ལ་བཀུག་ལོས་འོང་སྙམ་པའི་ཚོར་སྣང་ཡང་སྟེར།  དུང་ཆེན་གྲགས་པ་དང་སྦྲགས་གཏེར་སྟོན་ཚང་གིས་གཡས་ཞབས་དལ་གྱིས་ཡར་ལ་བཀྱགས་ནས་མདུན་ལ་གོམ་པ་གསུམ་དང་། རྒྱབ་ལ་གོམ་པ་གཉིས་ལྡིང་། འཁར་རྔ་དང་མཉམ་དུ་གཡས་སུ་བསྐོར་བ་ལན་འགའ་འཁོར། སྦུག་ཆལ་གཙོར་བྱས་ཆོས་ཀྱི་དབྱངས་རྟ་དང་མཉམ་དུ་གཡོན་དུ་བསྐོར་བ་ལན་གསུམ་འཁོར། ཁོང་གིས་ཕྱག་གཡོན་ན་ཟངས་ལས་བྱས་པའི་རྡོ་རྗེ་ཆེན་པོ་ཞིག་བསྣམས་ཡོད་ལ།ཕྱག་གཡས་སུ་མགོ་རྔ་ན་ཆུ་སྲིན་གྱི་རི་མོ་ཡོད་པའི་ཕུར་བུ་ཞིག་བསྣམས་ཏེ་རོལ་དབྱངས་ཀྱི་རམ་འདེགས་དང་བསྟུན་ནས་ཕུར་བུ་དེ་གདེང་ཚོད་ཡོད་པའི་སྟོབས་ཉམས་ཀྱིས་ན་ནིང་སྟོན་ཁར་ཕ་བོང་རྐྱང་དམར་གྱི་འདབས་སུ་སྦས་པའི་ལྷ་སྐུ་ཡོད་ས་དེར་བཏབ། གློ་བུར་དུ་ནམ་མཁར་སྤྲིན་ནག་འཁྲིགས་པ་དང་མཉམ་དུ་ཆར་བ་ཤག་ཤག་ཏུ་བབས། ཐག་རིང་གི་གནམ་ས་གཉིས་ཀྱི་འབྲེལ་མཚམས་སུ་གློག་དམར་མེ་སྟག་བཞིན་མཆེད། རེ་ཞིག་ནས་ཆར་འབབ་མཚམས་བཞག་ཀྱང་།  ཉི་མ་སྤྲིན་གྱིས་བསྒྲིབས་བྱུང་། གཏེར་སྟོན་ཚང་གིས་མཇལ་ཁ་འཇོག་པའི་མགོ་བརྩམས་པ་དང་། མཇལ་བ་མི་རེའི་མགོ་ལ་ཕུ་རེ་འདེབས་པ་དང་སྐེ་ལ་ཕྱག་གིས་ཡང་མོ་རེ་རྡེབ་པའི་རྣམ་པ་ནི། ཆུ་འབུམ་རླུང་འབུམ(གཟུངས་སྔགས་དང་སྐུ་འདྲ་སོགས་རླུང་ལ་ཁ་གཏད་དེ་གཡུག་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་མིང  )རྒྱག་པ་བཞིན། ཤིང་ལ་གསུང་འབུམ་དཔར་བ་བཞིན་དུས་ཚོད་གཉིས་ལྷག་ལ་མཇལ་ཁ་བཞག་སྟེ་ཚར། གཏེར་སྟོན་ཚང་གི་ཉེ་འགྲམ་དུ་རྩྭ་ཕུང་འདྲ་ཞིག་སྤུངས་ཡོད་པ་ནི་མཇལ་བ་རྣམས་ཀྱིས་ཕུལ་བའི་གོས་དང་ཁ་བཏགས་རེད་ལ། ཀོ་བའི་ཁུག་མ་ཞིག་གི་འགྲམ་གཉིས་སྦོས་ཡོད་པ་དེའང་རྣམ་ཤེས་དག་ཞིང་ལ་བསྐྱོད་པའི་འཛིན་བྱང་གི་གླ་ཡིན་ཚོད་འདུག
 
དུས་ཚོད་ནི་མགྱོགས་ཀྱང་མི་མགྱོགས་ལ་དལ་ཡང་མི་དལ་བར་རང་ཉིད་ཀྱི་འགྲོས་ལྟར་ཡར་སྔོན་གཏེར་སྟོན་ཚང་གིས་ཞལ་བཞེས་གནང་བའི་དུས་ཚེས་བཟང་པོ་དེ་ལ་སླེབས།  མི་སེར་ཕོ་མོ་ལ་ལས་མ་ཎི་འཁོར་ལོ་བསྐོར་ཞིང་།ལ་ལས་ལག་གིས་ཕྲེང་བ་བགྲང་བཞིན་མ་ཎི་དབྱངས་སུ་གྱེར་ཏེ་གཏེར་སྟོན་ཚང་སྦྲ་ནང་དུ་བསུས། དཀར་གསུམ་དམར་གསུམ་གྱི་མཆོད་པ་བཤམས།  གཏེར་སྟོན་ཚང་འཁོར་དང་བཅས་པས་ཞལ་ལག་མཆོད།  ཚོགས་རའི་ནང་དུ་གཏེར་སྟོན་ཚང་གིས་ཅི་ཞིག་སྒོམ་བཞིན་ཡོད་པ་འདྲ། ཁོང་གིས་གཟུངས་སྔགས་གང་ཞིག་ཟློ་བའི་སྒྲ་མ་གཏོགས་གྲག་འགུལ་ཅི་ཡང་མི་འདུག  ཡུད་ཙམ་འགོར་རྗེས་ཚོགས་གྲོལ་སོང་།བླ་མའི་སྐུ་མདུན་དུ་ལུང་བཟང་ཞང་ཏང་ཨུའི་ཧྲུའུ་ཅི་སྒྲོལ་མ་འབུམ་གཙོ་བྱས་པའི་ཁ་པ་མགོ་པ་དྲུག་མ་གཏོགས་མི་འདུག
“འདྲེ་འདུལ་བྱེད་ལ་མེ་མདའ་གསུམ་དང་འུར་ཆ་དགུ། མེ་མདའ་རེའི་ནང་དུ་མདའ་གསུམ་རེ་འདེད་དགོས། སྲིབ་ལུང་བྲག་འགག་ཏུ་གདོན་འདྲེ་དགུ་ཡོད་པས། མེ་མདའ་དང་། འུར་ཆ།སྔགས་ཀྱི་ནུས་པ་གསུམ་མ་བསྡོམས་ན་མ་རུང་བའི་གདོན་འདྲེ་དག་འདུལ་དཀའ ”ཞེས་གསུངས།  ཧྲུའུ་ཅི་སྒྲོལ་མ་འབུམ་གཙོ་བྱས་པའི་ཁ་པ་འགོ་པ་རྣམས་ཀྱིས་གཏེར་སྟོན་ཚང་གི་བཀའ་གསུངས་ཐམས་ཅད་ཇི་བཞིན་བསྒྲུབས་ཅི་ཐུབ་བྱས།  ས་རུབ་སྟེ་དགོང་མོའི་ཆུ་ཚོད་བཅུ་གཉིས་ལ་སླེབས་འདུག  སྐྱེས་པ་བཅུ་ལྷག་གིས་ལ་ལས་ལྕགས་ཐག་འདྲུད་པ་དང་། ལ་ལས་ལྕགས་རྡུང་བ། ལ་ལས་ཤུག་ལུ་འབུད་པ་དང་།  ལ་ལས་ཁ་ཤུ་རྒྱག་བཞིན།  སྲིབ་ལུང་བྲག་འགག་བརྒྱུད་དེ་ཕྱིར་ཐོན།  གཏེར་སྟོན་ཚང་འཁོར་དང་བཅས་པས་ཆོས་ཀྱི་གཟུངས་སྔགས་ཟློ་བ་དང་མཉམ་དུ་ར་རྐྱལ་གསུམ་གྱི་ནང་དུ་རྡེའུ་དཀར་ནག་དང་བཅས་བླུགས་ཏེ་ཁ་བསྡམས།  ཕྱི་ཉིན་སྔ་དྲོར། ཨ་སྔོན་གཡའ་དག་རུང་ས་གཞི་ཐམས་ཅད་གངས་ཀྱིས་གཡོགས་ཏེ་དཀར་ལམ་མེར་འདུག གངས་ཆག་དེ་མི་རྣམས་ཀྱི་རྩོད་གཞི་རུ་གྱུར་སོང་།  ལ་ལས“གཏེར་སྟོན་ཚང་གི་གྲུབ་རྟགས་ཡིན”ཟེར། ལ་ལས“གྲུབ་རྟགས་ཡིན་རུང་གངས་ཆག་ལྷུང་ན་ནོར་ལུག་ལ་གནོད”ཟེར། གང་ལྟར་ཀྱང་རྔོན་པས་གངས་ནང་དུ་རི་དྭགས་མཐོང་བ་བཞིན་དེ་རིང་བླ་མས་འདྲེ་འདུལ་དགོས་པས་ས་གཞི་ཐམས་ཅད་དཀར་ལམ་མེར་ཡོད་ན་གདོན་འདྲེ་རྣམས་གང་ལ་བྲོས་རུང་མིག་གིས་མཐོང་ཚུལ་སོགས་ཁ་ལབ་སྣ་ཚོགས་བྱུང་།  གཏེར་སྟོན་ཚང་འཁོར་དང་བཅས་ལུང་བཟང་ཞང་གི་སྐྱེས་པ་རྣམས་སྲིབ་ལུང་བྲག་འགག་གི་ཁ་གཏད་དུ་ཡོད་ལ།  གཏེར་སྟོན་ཚང་གིས་གསལ་ལ་མི་གསལ་བའི་གཟུངས་སྔགས་གང་ཞིག་ཟློ་བ་དང་མཉམ་དུ“མེ་མདའ་ཁྱེར་ཤོག ” ཅེས་གསུངས་བྱུང་།  ཁོས་བྱང་ཆ་ཡོད་པའི་སྒོ་ནས་མེ་མདའ་རྣམས་གཅིག་རྗེས་གཉིས་མཐུད་དུ་བརྒྱབ་པ་དང་མཉམ་དུ་སྐྱེས་པ་རྣམས་ཀྱིས་གང་བྱུང་དུ་འུར་ཆ་འཕངས།  གཏེར་སྟོན་ཚང་གིས་སྒམ་བརླིང་གི་ཚུལ་གྱིས“འདྲེ་དགུའི་ནང་ནས་དྲུག་བསད་བཞག འདྲེ་གསུམ་གྱིས་ཨག་སྐད་སྒྲོག་བཞིན་བྲག་དཀར་སྟོད་པའི་ཕྱོགས་སུ་བྲོས་ཐལ།  ཁོ་ཚོ་བྲོས་རུང་རྐང་པར་རྨས་ཕོག་ཡོད་པས།  རྨ་ཆེན་གངས་རིའི་ཕ་རོལ་ལ་འགྲོ་མི་ཐུབ ”ཟེར།  འབྲོག་པ་སྐོར་ཞིག་གིས “བླ་མ་གྲུབ་རྟགས་ཅན་ཟེར་བ་རེད། འདྲེ་རྣམས་ཀྱིས་ཨག་སྐད་བརྒྱབ་པའང་དངོས་སུ་ཐོས་བྱུང ”ཟེར་བའི་གཏམ་དེ་སྐྱི་བསེར་རླུང་དང་འགྲོགས་ནས་ལུང་བཟང་ས་ཆ་ཀུན་ལ་ཁྱབ།  གཏེར་སྟོན་ཚང་འཁོར་དང་བཅས་པར་ཤ་མར་ཐུད་གསུམ་གྱི་སྡེར་ཁ་གྱ་ནོམ་པ་བཤམས། འདྲེ་གཅིག་བཏུལ་བའི་གཏང་རག་ལ་སྒོར་ཁྲི་ལྔ་དང་།བསྡོམས་སྒོར་ཁྲི་སུམ་ཅུ་བསྣམས་ནས“ཕི་ལ་ཏོ”རྟགས་ཅན་གྱི་རླངས་འཁོར་ནང་བཞུགས་ཏེ་རང་ཡུལ་མགོ་ལོག་གི་ཕྱོགས་སུ་གཤེགས་སོང་ངོ་།།

                           རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease