གལ་ཏེ་རྨི་ལམ་མེད་གྱུར་ན།
རྩོམ་པ་པོ། ཧྲེང་བུ།
རྩོམ་པ་པོ། ཧྲེང་བུ།
ཧྲེང་བུ།
“དགེན་གྲོགས་ལགས། དགོངས་དག་ཞུ། དེ་ཉིན་་་་་ང”
སྟོང་ཉིད་དབང་མོས་སྐད་ཆ་འདི་འདྲ་ཞིག་བཤད་དེ་མགོ་བོ་དང་གར་སྨད་སོང་། འདི་ནི་ངེད་གཉིས་ཆེས་ཐོག་མར་ལུང་ཁུད་ཀྱི་གྲོང་རྡལ་ཆུང་ཆུང་འདིའི་ཇ་ཁང་ཞིག་ཏུ་འཛོམས་པའི་རྒོངས་ཀ་དེ་རེད། གྲོང་རྡལ་འདིར་ཇ་ཁང་འདི་གཅིག་པུ་ལས་མེད། ཇ་ཁང་འདིའི་སྒེའུ་ཁུང་ལས་ཕྱིར་བལྟས་ཚེ་སྲང་ལམ་སྟོང་བ་ཞིག་དང་ཁང་ལེབ་སྐྱ་རལ་གྲལ་ཤར་ཐར་ཐོར་ཅིག་མཐོང་ཐུབ། གྲོང་རྡལ་འདིའི་སྲང་ལམ་ནི་ནམ་ཡང་སྟོང་ཞིང་འཇགས། ང་ནི་ཁོ་མོ་ལས་ཀྱང་ངོ་གནོངས་པས་མོ་ལ་ཕྱིར་ལན་ཅི་ཞིག་གདབ་དགོས་པའང་མི་ཤེས་པས་རེ་ཞིག་ཕྱི་རོལ་གྱི་སྟོང་ཞིང་འཇགས་པའི་སྲང་ལམ་དེར་བལྟས་ནས་མི་སྡོད་ག་མེད་བྱུང་།
སྟོང་ཉིད་དབང་མོ་ངེད་གཉིས་ཅོག་ཙེ་གཅིག་གི་ཕར་ཚུར་ནས་བཙོག་དུས། དུས་ཚོད་ཉིད་ཕྱིར་ལྡོག་སྟེ་ང་རང་གང་དུ་ཁྲིད་བཞིན་འདུག་ལ། ངས་ཁོ་མོའི་ངོ་གདོང་ལ་ཕུར་ཚུགས་སུ་བལྟ་ཐེངས་རེར། ངེད་གཉིས་ཀྱི་བར་ཐག་ཧ་ཅང་ཉེ་བའམ་ཡང་ན་ཧ་ཅང་རིང་བར་སྣང་། ཁོ་མོས“་ངའི་མིང་ལ་སྟོང་ཉིད་དབང་མོ་ཟེར་”ཞེས་ཏེ་ཅི་ལྟར་ལབ་ན་ཡང་ངའི་རྣ་བར་མིང་འདི་ནི་རྟོགས་པས་བཏགས་པ་ཞིག་སྟེ། ཡང་ན་རྫུན་བཟོའི་ཐ་སྙད་ཅིག་ལས་ཤར་རྒྱུ་མི་འདུག
རིམ་གྱིས། སྟོང་ཉིད་དབང་མོ་ངེད་གཉིས་ཇ་ཁང་དེ་ནས་ཡང་ཡང་འཛོམས་ཤིང་། མཚམས་རེར་ངས་ཆང་མང་ཙམ་བཏུང་པས་སྟོང་ཉིད་དབང་མོ་ང་རང་བསྐྱོར་ནས་ངའི་མལ་ཁག་ཏུ་བསྐྱལ་བ་སོགས་བྱས། མཚམས་རེར་ངེད་གཉིས་ཀ་ཅུང་ཙམ་བཟི་ནས་གྲོང་རྡལ་འདིའི་སྟོང་ཞིང་འཇགས་པའི་སྲང་ལམ་དེའི་ནང་དུ་འཁྱར་འཁྱོར་གྱིས་ཡོང་གིན་ཡོད།
ང་རང་སྲང་ལམ་དེ་ནས་འཁྱར་འཁྱོར་གྱིས་འོང་བ་བཞིན། དུས་ཚོད་ཀྱང་སྲང་ལམ་འདི་ནས་འཁྱར་འཁྱོར་གྱིས་འགྲོ་བཞིན་འདུག ང་རང་ས་འདིར་ཡོང་ནས་དུས་ཡུན་རིང་པོ་ཞིག་འདས་སོང་། དོན་དམ་ང་རང་ས་འདིར་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ངས་ཀྱང་བཤད་མི་ཤེས། མཐར་དེད་ན་ང་རང་བས་མཐའ་འདིར་དུས་ཚོད་དང་སྐྱོ་གདུང་བརྗེད་པའི་ཆེད་འོང་བ་འདྲ། ཡུལ་ལུང་འདིའི་ལས་བྱེད་པ་མང་བོ་ཞིག་ཀྱང་ང་དང་འདྲ་བར་བས་མཐའ་འདིར་དུས་ཚོད་དང་སྐྱོ་གདུང་བརྗེད་པའི་ཕྱིར་དུ་འོང་བ་འདྲ། མ་མཐའ་ཡང་སྟོང་ཉིད་དབང་མོ་དེ་འདྲ་ཞིག་རེད།
ཡིན་ནའང་། ངས་ད་དུང་དུས་ཚོད་དང་སྐྱོ་གདུང་བརྗེད་མི་ཐུབ། ངས་སྔར་བཞིན་སྟོང་ཉིད་དབང་མོ་མཛེས་སེར་འཁྲུལ་བཞིན་ཡོད། ངས་ཐེངས་འགར་“ མཛེས་སེ ”ཞེེས་ཏེ་མོའི་ལག་མགོར་འཇུས་ནའང་རིམ་གྱིས་མོས་བརྩེ་འོད་འཁྱུག་པའི་མིག་ཟུང་གཉིས་ཀྱིས་གཟབ་ནན་ངང་ང་ལ་ཅེར་བ་ལས་རྒྱུ་མཚན་མི་འདྲི། དེ་ནས་ངས་འདི་དག་འཁྲུལ་བ་ཡིན་པ་ཤེས་རྗེས། དེ་མ་ཐག་“ང་སྨྱོས་འདུག དགོངས་དག ” ཅེས་ལབ་བཞིན་ཡོད།
རྗེས་སུ་ཁོ་མོས་བཤད་ན་ཁྱོད་རང་ཇ་ཁང་དེ་ནས་བཟི་སྟེ་ར་རོར་གྱུར་བའི་མཚན་མོ་ཞིག་ལ། ཁྱོད་ཀྱིས་གཏམ་རྒྱུད་ཅིག་ལྡབ་ལྡིབ་གྱིས་བཤད་བྱུང་ལ། ད་དུང་གཏམ་རྒྱུད་ནང་གི་“མཛེས་སེ་”ཞེས་པའི་བུ་མོ་ཞིག་ཡང་ཡང་གླེང་བྱུང་ཟེར།
ང་རང་ལུང་ཁུད་གྱི་སློབ་གྲྭ་ཐབས་ཆག་འདིར་ཐོག་མར་སླེབས་པའི་ཉིན་དེར། ངས་སྟོང་ཉིད་དབང་མོ་ཐོག་མར་མཐོང་བ་དང་ཧད་དེ་ལུས་སོང་། “ མཛེས་སེ། ཡིན་མི་སྲིད། ཁོ་མོ་འཇིག་རྟེན་འདི་དང་གྱེས་ཟིན་པ་མིན་ནམ། ”གང་ལྟར་ངས་རང་ཉིད་ལ་ཚོད་འཛིན་མ་ནུས་པས་ཐད་ཀར་བརྒྱུགས་ཏེ་མོའི་ལག་མགོར་འཇུས་ནས་“མཛེས་སེ”་ཞེས་བོས་པ་ན་ཁོ་མོ་དངོས་གནས་སྐྲག་ཐག་ཆོད་སོང་བས་ང་ལ་ཕུད་རྒྱག་ཅིག་བྱས་པ་དང་། དེ་ནས་ང་ལ་འགྲམ་ལྕག་ཅིག་ཀྱང་གཞུས་པ་རེད།
མཚན་མོ་དེར་ང་རང་གཉིད་མ་ཁུག ངའི་མིག་ཟུང་མར་བཙུམས་ཀྱང་མིག་ལམ་དུ་བུ་མོ་དེ་དང་མཛེས་སེ་གཉིས་རེས་མོས་སུ་འཆར། ངས་ཅི་ལྟར་བསམས་ཀྱང་འདང་མི་ཕོག ང་རང་མངོན་སུམ་ལ་ཡིད་ཆེས་ཐབས་མི་འདུག འདི་དག་རྨི་ལམ་ཞིག་ཏུ་ངེས་པས་ང་རང་མལ་ཁྲི་ལས་ཧོབ་ཀྱིས་ལྡིང་མོད་འདི་ལས་སད་རྒྱུ་མི་འདུག་པས་རྨི་ལམ་ཞིག་ཀྱང་ཡིན་ས་མ་རེད།
སྟོང་ཉིད་དབང་མོས་རྒྱུན་པར་སྐད་ཆ་ལབ་དུས་གལ་ཏེ་ཞེས་ནས་སྨྲ་བར་བྱེད། ཉིན་ཞིག་ཁོ་མོས་ང་ལ“གལ་ཏེ། རྨི་ལམ་ཞེས་པ་ཞིག་མེད་གྱུར་ན་་་་”ཞེས་ཏེ་ཡུད་ཙམ་ཁ་རོག་གེར་བསྡད་བྱུང་། མོས་“གལ་ཏེ”ཞེས་པའི་ཚིག་འདི་བརྗོད་དུས་གདོང་ལ་སྐྱོ་སྣང་གིས་ཁེངས་འདུག ངས་མོ་ལ་“འཇིག་རྟེན་འདིར་གལ་ཏེ་ཞེས་པའི་ཐ་སྙད་ཅིག་རྩ་བ་ནས་མེད”ཅེས་ལབ་པ་ཡིན། ངའི་སྐད་ཆ་དེ་ཁོ་མོའི་བློར་མ་སོང་བ་འདྲ། དེའི་ཐད་ནས་ཕྱི་དྲོ་དེར་ངེད་གཉིས་བར་ལ་ཆེས་ཐོག་མར་ཚིག་རྩོད་ཅིག་བྱུང་སོང་།
དེ་ནས་བཟུང་། ཁོ་མོ་ངའི་མལ་ཁང་དུ་ཡོང་རྒྱུ་མ་བྱུང་ལ་ངའང་ཁོ་མོའི་མལ་ཁང་དུ་མ་སོང་། ཉིན་དཀར་སློབ་རའི་ནང་དང་གཞུང་སྒྲུབ་ཁང་དག་ནས་ངས་ཁོ་མོ་རྟག་ཏུ་མཐོང་ནའང་། ངས་ཁོ་མོ་ཡང་ཡང་མཛེས་སེ་ལ་འཁྲིལ་བཞིན་ཡོད་ནའང་། ང་རང་ཁོ་མོའི་ལག་པར་གཏད་ནས་འཇུ་ཕོད་མ་སོང་།
ལོ་འདིའི་ཆེས་ཐོག་མའི་ཁ་བ་ནི་མཚན་མོ་ཞིག་ལ་བབས་བྱུང་། ང་རང་སྒེའུ་འགྲམ་གྱི་མལ་ཁྲིའི་སྟེང་བཙོག་ནས་རོལ་དབྱངས་ཤིག་གི་གདངས་འགྲོས་བཞིན་འཕུར་ལྡིང་བྱེད་བཞིན་པའི་ཕྱི་རོལ་གྱི་ཁ་བའི་འདབ་མར་ཅེར་ནས་བསྡད། ངའི་ཁ་པར་ཏུ་གློ་བུར་འཕྲིན་ཐུང་ཞིག་སླེབས་བྱུང་། “གལ་ཏེ། རྨི་ལམ་ཞེས་པ་ཞིག་མེད་གྱུར་ན། ང་ཚོ་འདི་ལྟར་འཕྲད་མི་སྲིད། བརྩེ་དུང་དང་འཕྲུལ་བའི་གཏམ་རྒྱུད་དག་ཀྱང་ཡོད་མི་སྲིད།”ཚིག་འདི་བསྐུར་མཁན་ནི་ཏག་ཏག་སྟོང་ཉིད་དབང་མོ་རེད་འདུག
མཚན་མོ་དེར་ང་རང་ཡེ་ནས་གཉིད་མ་ཁུག་པ་འདྲ་ལ་གཉིད་ཁུག་པ་ཡང་འདྲ་སྟེ། ངའི་རྨི་ལམ་དུ་ང་རང་ཆང་གིས་ཅུང་ཟད་བཟི་ནས་ཟམ་ཁ་ཞིག་ལས་ཚུར་འོང་གིན་འདུག་ལ། ཟམ་ཁ་དེ་ནི་ཏག་ཏག་ལོ་དེར་མཛེས་སེ་ལ་འཁོར་བགེགས་བྱུང་སའི་ཟམ་ཁ་དེ་རེད། ཕ་རོལ་གྱི་ཟམ་སྣེ་ནས་བུད་མེད་གཉིས་མངོན་བྱུང་ལ། ཞིབ་ཏུ་བལྟས་ཚེ་ཅིག་ཤོས་ནི་སྟོང་ཉིད་དབང་མོ་དང་ཅིག་ཤོས་ནི་མཛེས་སེ་རེད། བུད་མེད་དེ་གཉིས་ང་ལ་ཉེ་བར་བཅར་ཀྱིན་མི་གཅིག་ཏུ་གྱུར་ཞིང་། ཁོ་མོ་ངའི་འགྲམ་དུ་ཅུང་མ་ཐོན་པའི་བར་དུ་གློ་བུར་གར་ཡོང་མི་ཤེས་པའི་མོ་ཊ་དམར་པོ་ཞིང་འོང་སྟེ་ཁོ་མོ་འོག་ཏུ་དྲངས་སོང་། རྣམ་པ་དེ་ནི་ཏག་ཏག་ལོ་དེར་མཛེས་སེའི་ཚེ་སྲོག་ཤོར་བའི་མོ་ཊའི་དོན་རྐྱེན་དེ་དང་གཉིས་སུ་མི་འདུག ང་རང་ཐར་ཀར་བརྒྱུགས་ཏེ་མོའི་མགོ་བོ་པང་ནའང་ཁོ་མོ་སོང་ཚར་ཟིན། རྣམ་པ་དེ་དག་ཀྱང་ངས་སྔོན་ཆད་བརྒྱུད་མྱོང་བ་ཞིག་སྟེ། མཛེས་སའི་ཚེ་སྲོག་ཤོར་བའི་མོ་ཊའི་དོན་རྐྱེན་དེ་དང་གཉིས་སུ་མི་འདུག འདི་ནི་རྨི་ལམ་ཡིན་ངེས་པས་ང་རང་ཕྱིར་འཁོར་ནས་རང་གི་རྗེས་ཤུལ་ལ་བལྟས་ཀྱང་རྗེས་ཤུལ་གསལ་བོར་དོད་འདུག
དེའི་ཕྱི་ཉིན། ང་རང་གཞུང་སྒྲུབ་ཁང་དུ་འཛུལ་དུས་སྟོང་ཉིད་དབང་མོའི་སྡོད་གནས་དེ་མཐོང་ལམ་དུ་མི་འདུག ང་རང་མིག་འཕྲུལ་བ་ཡིན་ནམ། ངས་དགེན་གྲོགས་ཚོར་སྟོང་ཉིད་དབང་མོའི་གནས་ཚུལ་འདྲི་དུས། ཁོ་ཚོས་ཁ་གདངས་ཤིང་མིག་ཅེར་ནས་ང་ལ་བལྟས་འདུག ཁོ་ཚོས་བཤད་ན་ང་རང་སྨྱོས་འདུག་ཟེར། སྟོང་ཉིད་དབང་མོ་ཟེར་བའི་མིང་ཞིག་གོ་མ་མྱོང་ཟེར།
མཚན་མོ་དེར་ང་རང་གཉིད་ཐན་ཐུན་ཞིག་ཁུག་རྗེས། ངས་ཡང་སྐྱར་གཏམ་རྒྱུད་ཅིག་དང་དོན་འདི་དག་མགོ་ནས་མཇུག་བར་རྨི་ལམ་དུ་རྨིས་བྱུང་། ཡིན་ནའང་། རྨི་ལམ་འདི་ནས་ང་རང་གཏན་དུ་སད་ཐབས་མ་བྱུང་།
༢༠༢༡.༤.༢༢
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease