ཉི་མ་ནུབ་པ།

    རྩོམ་པ་པོ རོད།


ཉི་མ་ནུབ་པ།  
  
  ------ ང་ཚོ་ཉི་མ་ནུབ་པའི་འཇིག་རྟེན་ཞིག་ན་ཡོད།

                            རྩོམ་པ་པོ རོད།


གཅིག
  ལམ་ནས་འགྲོ་སྐབས། རྡོ་རྗེ་ཡི་ཚོར་བར་མི་ཞིག་གིས་ཁོ་འདེད་ཀྱིན་འདུག
      ནམ་གསལ་སྐབས། རྡོ་རྗེ་ཆུང་མ་ལ་ནང་ཟས་ཉོ་རུ་སོང་། ཁོས་ཕོ་ལོག་འགའ་དང་སྲན་འོ་ཞིག་མྱུར་དུ་ཉོས་རྗེས། ཕྱིར་བལྟས་ཙམ་ཡང་མ་བྱས་པར་སྡོད་གནས་ཕྱོགས་སུ་སོང་། ཡིན་ནའང་། ཁོའི་ཚོར་བར་མི་ཞིག་གིས་ཁོ་འདེད་ཀྱིན་འདུག་པས། བྲེལ་འཚུབ་ངང་ནས་ཕྱི་ལ་ལྟ་དུས་སུ་གཅིག་ཀྱང་མ་མཐོང་། ཁོས་དེ་ནི་འཁྲུལ་སྣང་རེད་བསམས་པར་ལམ་དཀྱིལ་ལ་སླེབས་དུས། གློ་བུར་དུ་ཀླད་པ་ནག་འཐིབ་བེར་བུད་སོང་།
   རྡོ་རྗེ་མགོ་བོའི་ཟུག་གཟེར་ཁྲོད་ནས་སད་དུས། མགོ་བོ་ནས་རྐང་པའི་བར་ཆུ་ཡིས་བརླན་ཡོད་ཅིང་ལུས་པོ་ལ་གྲང་འདར་བརྒྱབ། ཁོས་མགོ་བོ་ཤེད་ཀྱིས་བཀྱག་ནས་ཉེ་འཁོར་ལ་ལྟ་དུས། ཐོག་མར་ཚོར་བ་ནི་ཙིག་གཅིན་གྱི་དྲི་མ་རེད། དེ་ནས་རིམ་བཞིན་མིག་ལམ་དུ་གསལ་བ་ནི་ཁོའི་ཉེ་འགྲམ་ལ་སྤུངས་བའི་གད་སྙིགས་ཀྱི་ཕུང་པོ་རེད། ཁོ་རང་ཤུགས་ཀྱིས་ཡར་ལངས་ནས་འགུལ་བསྐྱོད་ཅིག་བྱ་བསམས་དུས། ཁོའི་ལག་པ་རྒྱབ་ཏུ་བཀྱིགས་ཡོད་ཅིང་རྐང་པ་གཉིས་ལྕགས་ཐག་སྦོམ་པོ་ཞིག་གིས་ཨར་འདམ་གྱི་ཀ་བར་བཏགས་འདུག ཁོས་གཞི་ནས་རང་ཉིད་ལ་ཆག་སྒོ་བྱུང་ཟིན་པ་རྟོགས་པས། འཕག་འཚག་བྱས་ཤིང་སྐད་ཅོར་རྒྱག་འདོད་དུས། ཁ་ལ་སྦྱར་ཤོག་གིས་གོར་གོར་བསྡམས་ནས་ཚིག་གཅིག་ཀྱང་བཤད་མ་ཐུབ།
    སྐབས་དེར་མི་ཞིག་གིས་ཁོ་ལ་འགྲམ་ལྕག་ཅིག་གཞུས་ནས"ཡ། ཁོ་རེ། ཅ་ལག་གང་དུ་སྦས་ཡོད"ཅེས་གཤེ་གཤེ་བཏང་ཡང་། རྡོ་རྗེ་ཡི་རྣ་བར་སྐད་ཆ་དེ་སླེབས་དུས "ཝང་་་ཝང་་་"ཞེས་པ་ལས་ཅི་ཡང་མ་ཐོས། རྡོ་རྗེ་ཡི་རྣམ་འགྱུར་དེས་མི་དེར་སྔར་ལས་ལྷག་པའི་ཁོང་ཁྲོ་བསླངས་སོང་བ་འདྲ་བས། སྐད་ཤུགས་ཇེ་ཆེར་བཏང་ནས"ཕ་རོ་བཟའ་རྒྱུ། ཁྱོད་ལ་འདྲི་བཞིན་པ་ཧ་མི་གོའམ"ཞེས་གཤེ་གཤེ་གཏོང་ཞོར་འགྲམ་ལྕག་ཚ་ཐག་ཆོད་པ་དེ་ཁུ་ཚུར་ན་ཐག་ཆོད་པ་ཞིག་ལ་བསྒྱུར་བར་རྩོམ་དུས། མི་གཞན་ཞིག་གིས"གློས་རྒན། མཚམས་ཞོག"ཅེས་བཤད།
  མི་དེ་ནི་ལུས་གཟུགས་ཆུང་ཡང་གྲིམ་ཤ་དོད་པ་ཞིག་རེད། ཁོའི་ངོ་གདོང་གི་ཕྱེད་ཀ་བསྲེགས་ནས་མིག་ལ་གཟན་ཞིང་སྙིང་ཤ་སྐྲག་པའི་རྨ་རྫི་ཆེན་པོ་ཞིག་འདུག
  ཁོས་ལག་གི་ཕྲེང་བ་ལག་པའི་མཁྲིག་མར་དཀྲིས་རྗེས "དཀོན་མཆོག་གསུམ་མཁྱེན། དུས་ངན་སྙིགས་མའི་མི་འདི་དག་ལ་སྙིང་རྗེ་ཟེར་བ་ཞིག་མི་འདུག"ཅེས་སྨྲས་རྗེས་རྡོ་རྗེའི་འགྲམ་པར་འཐོར་བའི་ཆུ་དག་ཕྱི་ཞོ་དང་འབྱར་ཤོག་མར་ལ་ལེན་ཞོར"ཡ། གྲོགས་པོ་བཟང་པོ། ང་ཚོས་ཀྱང་ཁྲེལ་མེད་ཀྱི་ལས་ཀ་བསྒྲུབ་ན་མི་འདོད། འོན་ཀྱང་། ཁྱོད་ཀྱིས་སྐད་ཆ་བདེན་པར་མ་བཤད་ཚེ། ང་ལ་ཡང་་ཁོ་ཚོར་ཁྱོད་ལ་གནོད་སྐྱེལ་བར་བཀག་འགོག་བྱ་ཐུབ་པའི་ཡིད་ཆེས་བརྟན་པོ་མེད"ཅེས་བཤད་རྗེས་མིག་གིས་རྡོ་རྗེ་ཡི་མིག་ལ་འབུར་ཚུགས་སུ་བལྟས། ད་ལྟ་རྡོ་རྗེ་ཡིས་མི་དེས་ཅི་ཞིག་བཤད་པ་གསལ་བོ་ཞིག་ཐོས་ཀྱང་། ཁོའི་སྐད་ཆའི་ནང་དོན་རྩ་བ་ནས་མ་གོ ཁོས་མགོ་བོ་བཀྱག་ཙམ་བྱས་ནས"ངས་སྐད་ཆ་བདེན་པ་ཅི་ཞིག་བཤད་དགོས་པ་རེད། ང་གཏོང་རོགས། ངས་ཁྲིམས་འགལ་གྱི་ལས་ཀ་གཅིག་ཀྱང་བསྒྲུབ་མྱོང་མེད"ཅེས་བཤད་པ་ན། མི་དེས་གདུག་རྩུབ་ཆེན་པོས་རྡོ་རྗེའི་འགྲམ་པ་གཅུར་ནས"ཁྱོད་ཀྱིས་འཁྲབ་སྟོན་མ་བྱེད། ཧ་ཧ། མི་འདི་ཚོ་འཁྲབ་སྟོན་ལ་མཁས་པ་ལའང་། སྐད་ཆ་བདེན་པ་ཅི་ཞིག་བཤད་དགོས་པ་ཟེར་བ་ཡིན་ནམ། ཅ་ལག ཁྱོད་ཚོས་ཅ་ལག་དེ་གང་དུ་སྦས་ཡོད"ཅེས་དྲིས་རྗེས། རྡོ་རྗེ་ཡི་འགྲམ་པ་ཤེད་ཀྱིས་ཕྱོགས་གཅིག་ཏུ་གཡུགས་ཤིང་། རང་གི་མཆན་ཁུག་ནས་ལག་རས་དཀར་པོ་ཞིག་བླངས་ནས་ལག་ངོ་དང་ལག་རྒྱབ་ཤེད་ཀྱིས་ཕྱིས་ནས་ཁོར་ཡུག་དང་ཤིན་ཏུ་མི་འཕྲོད་པའི་ནེམ་ཁྲིའུ་དཀར་པོ་དེའི་སྟེང་དུ་དལ་གྱིས་བསྡད།
 
  རྡོ་རྗེས་འཁུན་སྒྲ་སྒྲོག་ཞོར"ངས་ངོ་མ་མི་ཤེས། ཁྱེད་ཚོས་བཤད་པའི་ཅ་ལག་ནི་ཅི་ཞིག་རེད། ང་དགེ་རྒན་སྤྱིར་བཏང་བ་ཞིག་ལ་ཁྱེད་ཚོར་མཁོ་བའི་ཅ་ལག་ཅིའང་མེད། ཨོ། བདེན་ཏེ། གལ་ཏེ་ཁྱེད་ཚོར་ངའི་བརྩམས་སྒྲུང་དང་མཚན་ཉིད་ཀྱི་དཔེ་ཆ་དེ་དག་མཁོ་ན་ཚང་མ་ཁུར་འགྲོ་ཆོག ང་ལ་རེ་བ་ཞིག་ཡོད་པ་ནི། ང་གློད་གྲོལ་གཏོང་རོགས། ངས་ཆུང་མ་ལ་ཞོགས་ཟས་སྟེར་དགོས། དེ་ལྟར་མ་བྱས་ཚེ་ཁོ་མོས་ང་སྒོ་ཁར་ཕུད་པའི་ཉེན་ཁ་ཡོད། ངས་ཁྱེད་ཚོར་ཁ་དྲོ་ཟེར"ཞེས་བཤད་རྗེས། ཨར་འདམ་གྱི་ཁང་པ་ཡངས་མོ་དེ་ངུ་སྐད་ཀྱིས་ཁྱབ་སོང་། སྣང་ཚུལ་དེ་མཐོང་བས། མི་དེའི་རྨ་རྫི་མེད་མའི་ཁ་ངོ་དམར་པོ་དམར་ནག་ཅིག་ཏུ་གྱུར་ནས། རྡོ་རྗེའི་སྟེང་ལ་མཆིལ་ཞགས་ཤིག་འཕངས་རྗེས། འགྲམ་གྱི་མི་འགར་ལག་གཡུགས་བྱས་ནས "མགྱོགས། ཁྱོད་ཚོ་སོང་ནས་གཡོ་སྒྱུ་ཆེ་བའི་མི་འདིའི་སོ་དག་གཅིག་རེ་གཅིག་རེ་ཐོགས་ཤིག འདི་ནི་དཀོན་མཆོག་གསུམ་གྱིས་ཁོ་ལ་བཅད་པའི་ཆད་པ་ཡིན"ཞེས་བཤད་རྗེས། ཁོ་རང་གིས་མཁྲིག་མའི་ཕྲེང་བ་མར་བླངས་ནས་ཅི་ཞིག་འདོན་མགོ་བརྩམས། བལྟས་ཚོད་ལ་ཁོ་ནི་ཁ་འདོན་ལ་མཁས་པའི་དར་མ་ཞིག་རེད།
  མི་དེ་དག་ནི་སྟོབས་པོ་ཆེ་རྐྱང་རྐྱང་རེད། ཁོ་ཚོའི་ཁྲོད་ཀྱི་གཅིག་གིས་རྡོ་རྗེ་ལུ་གུ་བྱ་གླག་གིས་བཟུང་བ་ལྟར་མཆན་འོག་ཏུ་བཟུང་ནས་ཆུ་མེད་ས་ཞིག་ལ་སོང་ནས་སར་མནན་ཞིང་། དེ་མིན་གཅིག་གིས་ཁོའི་ཁ་ནང་ལ་ལྕགས་ནར་ཞིག་བརྒྱབ་ནས་ཁོའི་ཁ་ཟིམ་མི་ཐུབ་པར་བྱས་ཤིང་། དེ་མིན་གཅིག་གིས་སྐམ་པ་ལྕགས་མདོག་མ་ཞིག་བཟུང་ནས་རྡོ་རྗེའི་སོ་དག་གཅིག་རེ་གཅིག་རེ་བཏོགས་ནས་ཐང་དུ་འཕངས།
  རྡོ་རྗེས་ཟུག་གཟེར་བསྲན་མ་ཐུབ་པར་བརྒྱལ་ལ་ཤོར་སོང་། ཁོའི་མ་ཁར་ཁ་ཆུ་དང་ཁྲག་གཉིས་ཕན་ཚུན་འདྲེས་ནས་འཕྲོར་འཕྲོར་ཟག་གིན་འདུག་པ་ནི་ཤ་ཚ་ཡང་སྐྱུག་ལོག་པ། ཡང་ན་ཞེ་མེར་བ་ཞིག་ཀྱང་རེད་འདུག རྡོ་རྗེ་བརྒྱལ་རྗེས། སྟོབས་པོ་ཆེ་དེ་དག་གིས་མི་དེ་ལ "ཕུ་བོ། མི་འདི་བརྒྱལ་སོང"ཞེས་བཤད། མི་དེ་ནེམ་ཁྲིའུ་དཀར་པོ་ལས་དལ་གྱིས་ལངས་ནས་ཨར་འདམ་གྱི་ཀ་བའི་ཉེ་སར་ཡོད་པའི་ཆུ་སྣོད་དེས་ཐག་ཉེ་སར་གཅིན་ཆུ་གཡེར་མེད་དུ་འདྲེས་པའི་གཤེར་གཟུགས་དེ་བཅུས་ནས་རྡོ་རྗེའི་མགོ་ཐོག་ཏུ་མཆོད། ཁོས་རྡོ་རྗེ་སད་ཡོང་བ་མཐོང་འཕྲལ། ཆུ་སྣོད་དེ་རྐང་འགྲམ་དུ་གཡུགས། དེ་ནས་ལག་རས་དཀར་པོ་དེ་ཕྱི་ལ་བླངས་ཏེ་ལག་ངོ་དང་ལག་རྒྱབ་ཤེད་ཀྱིས་ཕྱིས་རྗེས་དེ་ཡང་རྐང་འགྲམ་དུ་འཕངས།
  རྡོ་རྗེ་ཤི་མིན་གསོན་མིན་གྱི་བར་ནས་བརྒྱལ་བ་ལས་སད་དུས། སྔར་བཞིན་ཞེ་སྐྲག་པའི་ཨར་འདམ་ཁང་དེར་ཡོད་ཅིང་། འགྲམ་དུ་ཁ་ཁོག་མི་གཅིག་པའི་མི་དེ་སྟོབས་པོ་ཆེ་འགའ་ཡིས་བསྐོར་ནས་ལངས་འདུག་པས། མ་གཞི་ཁོས་རང་གི་ལུས་ཐོག་ཏུ་བྱུང་བའི་དོན་དག་འདི་རྨི་ལམ་ཞིག་ཡིན་པའི་རེ་བ་བྱས་ཀྱང་། ད་ལྟ་དེ་ལྟ་བུ་ཞིག་ཡིན་མི་སྲིད་པ་རྟོགས། ཁོའི་མ་ཁར་གཤེར་གཟུགས་དེ་ད་རུང་ཟག་གིན་འདུག ཟག་ནས་གོས་ཀྱི་གོང་བ་དང་བྲང་ཚང་མ་བརྫད་འདུག ཁོས"ཨ་ཕ་ལེ་ལེ་ཚོ། ཁྱོད་ཚོས་་་ང་ལ་་་་འདི་འདྲ་ཞིག་་་མ་བྱེད་རོགས། ངས་ཁྱེད་་་ཚོར་་་ཅ་ལག་ཅི་དགོས་་་ན་དེ་སྦྱིན"ཞེས་ཁེ་བླངས། རྡོ་རྗེས་དེ་ལྟར་བཤད་པ་ཐོས་མ་ཐག མི་དེ་སྤྲོ་བོ་ཆགས་སོང་སྟེ། མ་མཐའ་ཡང་རྒྱ་ཡི་གཏམ་དཔེ་ཞིག་ལྟར། ཤ་མི་བགད་ཀྱང་པགས་བགད་ཀྱིན་འདུག ཁོས་གཉེར་མི་ཐུབ་པའི་རྨ་ཤུལ་དེར་མཛུབ་མགོས་བྱིལ་བྱིལ་བྱེད་ཞོར "ངས་ཁྱོད་ལ་བཤད། ཁྱོད་ཚོ་ཚང་མ་འདི་འདྲ་རེད། སྙིང་རྗེ་ཅན་གྱིས་བཤད་པའི་སྐད་ཆ་དོན་དུ་མི་བརྩི། ནམ་ཡང་འཇིགས་སྐུལ་དང་མནར་གཅོད་བྱས་ན་ད་གཟོད་ཁ་ལ་བརྩི་བ་རེད། ཁྱོད་ཀྱིས་ལྟོས་དང་། ངའི་རྨ་ཤུལ་འདི་ཁྱོད་ཚོས་བཟོས་པ་རེད། ཁྱོད་ཚོས་འགྲོ་བའི་བདེ་སྡུག་ལ་ཁ་གཡར་ནས། ང་དང་འདྲ་བའི་མི་མང་པོ་ཞིག་འདི་ལྟར་ཕྱེད་ཀ་ལ་བསྒྱུར་ཟིན་པ་རེད། ཁྱོད་ཚོ་ལ་ནག་ཉེས་ཡོད་པ་ནི་ང་ཚོ་ལ་ནག་ཉེས་ཡོད་པ་དང་འདྲ་འདྲ་ཡིན"ཞེས་བཤད། རྡོ་རྗེ་ཡིས་མི་དེས་བཤད་པའི་གཏམ་གྱི་གོ་བ་མ་ལོན་རུང་། མགོ་བོ་འཕྲོར་འཕྲོར་ནང་དུ་གུག མིག་ཆུ་འཕྲོར་འཕྲོར་བཏང་། ཁ་ཆུ་འཕྲོར་འཕྲོར་བཞུར།  
 མི་དེས་ཐང་དུ་འཕངས་བའི་ལག་རས་དེ་ཡར་བླངས་ནས་རྡོ་རྗེའི་ངོ་གདོང་གི་ཆུ་ཡི་གད་སྙིགས་དག་ཕྱིས། ཁོས་སྐྲངས་ཤིང་སྨུག་པོར་གྱུར་བའི་རྡོ་རྗེའི་ཁ་ཤ་ལ་ལག་པས་བྱིལ་གྱིན "ཁྱོད་ཀྱིས་ང་ལ་ཤོད་དང་། ཁྱོད་ཀྱིས་ཅ་ལག་དེ་གང་དུ་སྦས་ཡོད"ཅེས་དྲིས། རྡོ་རྗེས་ངུ་མ་བཤད་ཀྱིས"ཁྱོད་ལ་དགོས་པའི་ཅ་ལག་དེ་གང་རེད། ཁྱོད་ཀྱིས་གསལ་བོ་ཞིག་མ་བཤད་ན་ངས་གོའུ་མི་འདུག"ཅེས་བཤད་པ་ན། མི་དེས་གློ་བུར་དུ་རྡོ་རྗེའི་ཁ་ཤ་ལག་པས་གཅུར་ནས"ཅི་ཟེར། ངས་མ་བཤད་ན་ཁྱོད་ཀྱིས་མི་གོའུ། ཧ་ཧ། མི་ཤོག ལྟས་ངན་འདིའི་ལག་པ་གཉིས་ཀྱི་མཛུབ་གུ་ཚང་མ་ཆོད་ཞོག གཅིག་ཀྱང་ལུས་མི་ཆོག"བཤད་མ་ཐག སྟོབས་པོ་ཆེ་དག་ཚུར་སླེབས་ནས་རྡོ་རྗེ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་སྐལ་མ་སྤྲད་པར་མཛུབ་གུ་དག་གཅིག་རེ་གཅིག་རེ་བྱས་ནས་ཐང་དུ་གཏུབ་སོང་། དེ་ལྟར་བྱས་པས་རྡོ་རྗེ་སླར་ཡང་དབང་པོ་བརྒྱལ་སོང་། མི་དེས་རྡོ་རྗེའི་སྟེང་ནས་ཅ་ལག་དེ་རྙེད་མི་སྲིད་པ་རྟོགས་ནས། ལག་གཡོག་བ་ཚོར"མི་འདིའི་མིག་རྡོ་གཉིས་ཕུད་ནས་གྲོང་པའི་སྲང་མདོ་ལ་འཕོངས་ཞོག ཤི་གསོན་ཁོ་རང་གི་ལས་རེད"ཅེས་སྨྲས་རྗེས། རླངས་འཁོར་ཞིག་ལ་བསྡད་ནས་བུད་སོང་།
  མི་དེ་སོང་རྗེས། སྟོབས་པོ་ཆེ་དག་གིས་རྡོ་རྗེའི་མིག་རྡོ་ཕུད་ཅིང་རྐང་ལག་དམ་པོར་བཀྱིགས་ནས་གྲོང་པའི་སྲང་མདོ་ལ་འཕངས་ནས་བུད་སོང་། སྐབས་དེར་རྡོ་རྗེ་བརྒྱལ་འདུག ཁོའི་ལག་མགོ་ཁྲག་གིས་ཤན་ཡོད་ཅིང་། ལག་པ་གཡས་གཡོན་ནས་མུ་མཐུད་དུ་ཁྲག་དམར་ཆད་པ་མེད་པར་བཞུར། ད་ནི་མི་དེས་བཤད་པ་ལྟར། ཤི་གསོན་ཁོ་རང་གི་ལས་རེད། མཚན་དཀྱིལ་དེ་ལྟ་བུ་ཞིག་ལ་སུ་གཅིག་ཀྱང་སྲང་མདོ་དེ་བརྒྱུད་ནས་འགྲོ་མི་སྲིད་ཅིང་། གལ་ཏེ་སོང་ཡང་རྡོ་རྗེའི་ཚུགས་ཀ་དེ་རིག་ན། འདྲེ་མཐོང་སོང་ཟེར་ནས་བྲོས་འགྲོ་བ་གཏན་འཁེལ་རེད།
    ཡུད་ཙམ་འགོར་རྗེས། མིའུ་གྲོང་ཁྱེར་ལ་ཁ་བ་འབབ་མགོ་བརྩམས། རྡོ་རྗེ་ཁ་བ་འཚུབ་པའི་གྲང་ངར་ཁྲོད་ནས་གསོན་མ་ཐུབ།  


གཉིས།
   རྡོ་རྗེ་ཤི་ནས་ཆེར་མ་འགོར་བར། མིའུ་གྲོང་ཁྱེར་གྱི་སྲང་མདོར་ཁྲག་དྲིས་བཀུག་པའི་ཁྱི་ལྡོམ་འགའ་སླེབས་ནས་རྡོ་རྗེའི་ཕུང་པོ་ནགས་གསེབ་ལ་དྲུད་སོང་། ཤུལ་ལ་ཁྲག་གི་རྗེས་ཤུལ་རིང་མོ་ཞིག་དོད་ཀྱང་། སྐར་མ་འགའི་རྗེས་སུ་ཁ་བའི་འདབ་མས་མཐོང་མེད་དུ་མནན་སོང་།
  ཕྱི་ཉིན་ཉི་འོད་ཧ་ཅང་དྲོ། མཚན་མོར་བབས་པའི་ཁ་བ་མཐུག་པོ་དེ་ཉིན་དཀྱིལ་ཙམ་ནས་ཞུ་ཟིན་ཞིང་། སྲང་མདོའི་ཁྲག་གི་རྗེས་ཤུལ་མེད་པར་གྱུར་འདུག  མི་རྣམས་སྔར་བཞིན་འདུ་འཛི་དང་བྲེལ་འཚུབ། ཆགས་སྡང་། འདོད་རྔམ་གྱིས་ཁེངས་འདུག
  རྡོ་རྗེ་ཁྱིམ་ལ་མ་འོངས་ནས་ཞག་གཅིག་འགོར་ཞིང་། ཁོར་ཁ་པར་བརྒྱབ་ཀྱང་ལག་འཕྲིན་གྱི་སྒོ་གཏན་འདུག་པས། ཁོའི་ཆུང་མས་གདོང་ལ་མཛེས་སྤྲས་ཡིད་ཚིམ་པ་ཞིག་བྱས་ནས་ཉེན་རྟོག་ཁང་ལ་སོང་། མོས་ཉེན་རྟོག་པའི་གསར་བུ་ཞིག་གི་སར་སོང་ནས་ལྷོད་ལྷོད་ཀྱིས "ཨ་རོག་གསར་རུ། ངའི་འདྲེ་རྒན་ཁ་སང་སྔ་མོ་ནས་བཟུང་ཁྱིམ་ལ་མ་ལོག་པས། དོན་དག་མི་ལེགས་པ་ཞིག་བྱུང་བ་ཡིན་ནམ"ཞེས་དྲིས་པ་ན། ཉེན་རྟོག་པ་གསར་རུ་དེ་ཡར་ལངས་ནས"ཨ་ཆེ་ཁྱེད་ཀྱིས་སུ་ཟེར་བ་ཡིན། སྐད་ཆ་གསལ་བོ་བཤད་རོགས"ཞེས་བཤད། མོས་ལྡེམ་ཞིང་ནེམ་པའི་རྐུབ་ཚོ་གསར་རུའི་སྔུན་གྱི་ཅོག་ཙེའི་སྣེ་མོར་ཁེན་ཙམ་བྱས་ནས"གསར་རུ་ལོ་ལོ། ངའི་རྒད་པོ་ཟེར་བ་ཡིན། ཁ་སང་སྔ་མོ་ནས་བཟུང་ཁྱིམ་ལ་མ་ཐོན། གླེན་ཀོག་དེར་རྐྱེན་བར་ཆད་རེ་བྱུང་བ་མིན་ནམ "ཞེས་དྲིས། ཉེན་རྟོག་པ་གསར་རུ་དེས་ཁོ་མོ་རྐུབ་སྟེགས་ཐོག་འདུག་ཏུ་བཅུག་རྗེས། ཟིན་དེབ་སྔོན་པོ་ཆུང་ཆུང་ཞིག་བླངས་ནས"ཨ་ཆེ་ཁྱོད་ལ་བྲེལ་བ་མ་ལངས། ཐོག་མར་ངས་ཐོ་འགོད་བྱ་དགོས"ཞེས་བཤད། ཁོ་མོ་དགོད་ཙམ་བྱས་ནས"ང་བྲེལ་གྱིན་མེད། གླེན་ཀོག་དེ་ཤི་སོང་ཡང་ང་ལ་བྲེལ་བ་ལངས་མི་སྲིད། དུས་རྒྱུན་ཤོག་སྙིགས་རྐྱང་རྐྱང་ནང་ལ་མགོ་འཁོར་ནས་ཡོད་པ་རེད། གླེན་པ་དེ་འདྲ་ཞིག་ངས་དང་ཐོག་ཅིའི་ཕྱིར་བཟའ་ཟླ་ལ་བརྟེན་པ་ཡིན། དངོས་གནས་ཞེ་སྐྱོ་བ་ལའང་་་་་་"ཞེས་འཛད་མཐའ་མེད་པར་བཤད་པར་རྩོམ་དུས། གསར་རུ་དེར་སུན་སྣང་ཞིག་གློ་བུར་དུ་སྐྱེས་སོང་། ཁོས་ཐད་ཀར"ཁྱོད་ཀྱི་རྒད་པོའི་མིང་ལ་ཅི་ཟེར"ཞེས་དྲིས།
  "འདྲེ་རྒན་དེའི་མིང་ལ་རྡོ་རྗེ་ཟེར"ཞེས་ལན་བཏབ།
  "ཁོ་ལོ་ག་ཚད་ལ་སོན་ཡོད"
  "ལོ་བཞི་བཅུ་ཁ་ལྷག་རེད་འདུག"
  "བཞི་བཅུ་ག་ཚོད་རེད། གསལ་བོ་བཤད་རོགས"
  "བཞི་བཅུ་ག་ཚོད་ཡིན་པ་སུས་ཤེས། དང་ཐོག་ངེད་གཉིས་འགྲོགས་དུས། ཁོས་ཟེར་ན་ཁོ་ང་ལས་ལོ་ལྔ་ཡིས་ཆེ་ཟེར། འོན་ཀྱང་། རྗེས་སུ་གཉེན་སྒྲིག་དཔང་ཡིག་ལེན་དུས། འདྲེ་རྒན་དེ་ང་ལས་ལོ་བཅུ་གཉིས་ཀྱིས་ཆེ་འདུག ང་ལྟས་ངན་དེའི་གཡོ་འོག་ཏུ་ཚུད་སོང"
  "དེས་ན་ཁྱེད་རང་ལོ་ག་ཚོད་རེད"
  "ང་། ང་ཨེ་ཡིན། ང་ཁོ་ལས་ལོ་ཆུང"
  "ཨ་ཆེ་ཁྱོད་ཀྱིས་ངའི་དྲི་བ་ལྟར་ལན་འདེབས་རོགས་གནང་། ཁྱོད་ཀྱིས་རྒད་པོ་བཙལ་འདོད་ན་ངེས་པར་དུ་ང་ཚོ་དང་མཉམ་འབྲེལ་བྱེད་དགོས"
  "ཡ་ཡ་ཡ། དགོངས་དག ང་ལོ་སུམ་ཅུ་ཡིན། ཨོ། ད་རུང་སུམ་ཅུར་སླེབས་མེད། ཟླ་དྲུག་པ་ཚེས་ན་ད་གཟོད་ལོ་སུམ་ཅུ་ཡིན"
  "ཁྱོད་ཀྱི་རྒད་པོའི་ལས་རིགས་ཅི་ཞིག་རེད"
  "དགེ་རྒན་རེད "
  ་་་་་་
  དེ་ལྟར་རྡོ་རྗེའི་སྐོར་གྱི་ཡིག་ཚགས་ཤིག་ལས་རྗེས། གསར་རུ་ཉེན་རྟོག་པ་དེས "ཨ་ཆེ་ལགས། ད་ཁྱེད་རང་ཁྱིམ་ལ་སོང་ནས་གནས་ཚུལ་ལ་སྒུག་སྡོད། རྗེས་ཀྱི་དོན་དག་ང་ཚོ་ཉེན་རྟོག་ཁང་ལ་བཅོལ་རོགས"ཞེས་བཤད་ནས་ཁོ་མོ་འགྲོ་བར་བསྐུལ། ཁོ་མོ་རྐུབ་སྟེགས་ཐོག་ནས་ལྡེམ་མཉེན་གྱིས་ཡར་ལ་ལངས་ཞོར"ཨ་ཆེ་ཚོ་ཟེར་ན་ངོ་ཚ། བལྟས་པ་ཙམ་གྱིས་ང་ཁྱོད་ལས་ཆུང་བ་ཤེས་ཐུབ"ཅེས་བཤད་ནས་རྒྱུན་ལྡན་མ་ཡིན་པའི་མིག་མདངས་ཤིག་གིས་གསར་རུ་ཉེན་རྟོག་པ་དེར་བལྟས། གསར་རུ་ཉེན་རྟོག་པས་ཀྱང་མིག་མདངས་ཁྱད་མཚར་བ་ཞིག་ཕུད་ནས "ཡ་ཡ། དེས་ན་ཇི་ལྟར་བོས་ན་འགྲིག་གམ། ནུ་མོ་ལགས་ཟེར་ན་འཚམ་མམ"ཞེས་ཁ་མཚར་རྩེད་པས། ཁོ་མོ་ལྷག་པར་སྤྲོ་བར་གྱུར་ནས"ཧོ་ཧོ་ཡ། ནུ་མོ་ཚོ་ཟེར་ན་དེ་ལས་དགོད་རྒྱུ་ཡོང་གི དེ་བས་ང་ལ་རྣམ་སྐྱིད་བོས་ན་འགྲིག "ཅེས་བཤད་ནས་མུ་མཐུད་དུ་བགད། གསར་རུ་ཉེན་རྟོག་པས་མྱུར་གྱིས"ཐད་ཀར་མིང་ནས་བོས་ན་བརྩི་བཀུར་མེད་པ་ཞིག་རེད། དེ་བས་མཛེས་མ་རྣམ་སྐྱིད་ཟེར་ན་ཆོག་གམ། ཧེ་ཧེ་་་་་་"ཞེས་བཤད། རྣམ་སྐྱིད་ཀྱིས"ཧ་ཧ། ཆོག་གི ཆོག་གི ཁྱོད་ཚོ་གསར་རུ་ཚོ་ཁ་ཡག་བཤད་པར་མཁས་ཡ"ཞེས་བཤད། གསར་རུ་ཉེན་རྟོག་པས"དེ་ཡང་མཛེས་མ་ཡིན་མིན་ལ་ཐུག་ཡོད"ཅེས་བཤད་ནས་རྣམ་སྐྱིད་ལ་མིག་མདངས་ཁྱད་མཚར་བ་ཞིག་འཆང་ནས་བལྟས། རྣམ་སྐྱིད་ཁོའི་མིག་མདངས་ལ་བྱོལ་ནས "ཡ་ཡ། ཡིན་རྒྱུ་རེད། དེ་ཟེར་ན་ཁྱོད་ཀྱི་མིང་ལ་ཇི་ལྟར་འབོད་དགོས། ངས་མགོ་རྔ་མེད་པར། ཝེ། གསར་རུ་ཉེན་རྟོག་པ་འབོད་སྲོལ་ཡོད་དམ། ཧ་་་ཧ་་་"ཞེས་བགད། ཁོ་ཅུང་ཙམ་ཁ་སྐྱེངས་པར་གྱུར་ནས"ངས་ཁྱོད་ཀྱིས་ང་ལ་གསར་ཡག་ཉེན་རྟོག་པ་འབོད་པར་འདོད་ཡོད། ཨ་ལ་ཁ་མཚར་ཡིན། ངའི་མིང་ལ་རྒྱ་མཚོ་ཟེར། ཁྱོད་ཀྱིས་ང་ལ་གསར་ཡག་རྒྱ་མཚོ་ཟེར་ནའང་མི་ཆོག་རྒྱུ་མེད"ཅེས་ཁ་མཚར་བརྩེས། རྣམ་སྐྱིད་ཀྱིས "ཡ། གསར་ཡག་རྒྱ་མཚོ། ཁྱོད་ལ་དཀའ་ལས་གཏད་སོང་། གལ་ཏེ་ཁྱིམ་ལ་ཡོང་ནས་བརྟག་དཔྱད་དགོས་པ་འདྲ་ཡོད་ན་ཕེབས་རོགས་གནང་། ད་ང་ཁྱིམ་ལ་འགྲོ་རན་ཡོད། གལ་ཏེ་གླེན་ཀོག་དེ་ཤི་མེད་ན་ཁྱིམ་ལ་སླེབས་ཡོད་ཀྱང་སྲིད "ཅེས་བཤད་ཚར་རྗེས་ཕྱིར་འཁོར་ནས་ལྡེམ་གྱིན་ལྡེམ་གྱིན་ཉེན་རྟོག་ཁང་གི་སྒོ་ཁར་བུད་སོང་།
   རྣམ་སྐྱིད་སོང་རྗེས། རྒྱ་མཚོ་འདུག་སར་ཙོག་སྟེ་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་ཅིག་འཐེན་ནས་བསྡད། ཁ་སྣ་ལས་བུད་པའི་དུ་བ་རྒྱ་མཚོའི་འགྲམ་ཟུར་ནས་སྒེའུ་ཁུང་ཕྱོགས་སུ་རྒྱུ། ལས་གྲོགས་གཞན་པ་ཚོ་རང་རང་གི་དོན་ལ་བྲེལ་གྱིན་ཡོད་ཅིང་། ཧ་ལམ་མི་སོ་སོ་གཞན་གྱིས་མཐོང་མི་སྲིད་པའི་བར་སྟོང་ཞིག་ན་བྲེལ་གྱིན་ཡོད་པ་དང་མཚུངས།
  རྣམ་སྐྱིད་ཁྱིམ་ལ་ལོག་རྗེས་ནེམ་ཁྲིའུའི་སྟེང་དུ་ལུས་པོ་འཕངས། ཁོ་མོས་ཞོགས་ཟས་ད་རུང་ཟོས་མེད། ཁྱིམ་ན་སྐྱེས་པ་མེད་ཚེ་སྟོང་སང་སང་གི་ཚོར་བ་སྐྱོ་མོ་ཞིག་གིས་ཁེངས་འདུག ཁྱིམ་གྱི་གང་སར་ཉི་འབྲུའི་པགས་པས་ཁྱབ་ཡོད།  རྒྱུན་དུ་ཁོ་ཚང་གི་ཟ་མ་ལས་མཁན་ནི་རྡོ་རྗེ་ཡིན། ཁྱིམ་ལས་བྱེད་མཁན་ཡང་རྡོ་རྗེ་ཡིན། ད་ལྟ་རྡོ་རྗེ་མེད་པས། ཁོ་མོས་ཅི་ཡང་ལས་འདོད་མེད་པར་སེམས་པ་རྒྱ་ཡན་དུ་བཏང་།
  རྡོ་རྗེ་དང་རྣམ་སྐྱིད་གཉིས་གཉེན་སྒྲིག་བྱས་ནས་ལོ་ལྔ་ཙམ་འགོར་སོང་། ཁོ་གཉིས་ལ་བྱིས་པ་གཅིག་ཀྱང་མ་སྐྱེས། རྣམ་སྐྱིད་ཀྱིས་རྡོ་རྗེ་ལ་སྨན་ཁང་དུ་སོང་ནས་བརྟག་དགོས་པར་བསྐུལ་ཡང་། རྡོ་རྗེར་བྲེལ་བ་མེད་པར "ངེད་གཉིས་ལ་གནད་དོན་ཡོད་པ་མ་རེད། ད་རུང་དུས་ཚོད་ལ་སླེབས་མེད་པས་རེད། རྐྱེན་ཚང་རྗེས་བྱིས་པ་འབྱུང་སྲིད་པ་རེད། ཁྱོད་རང་བྲེལ་བ་ལངས་དགོས་དོན་མེད"ཅེས་བཤད་ནས་བརྟག་དཔྱད་ཕྱིར་སྣུད་བྱས་པས། རྣམ་སྐྱིད་ཀྱི་སེམས་ལ་རྡོ་རྗེར་གནད་དོན་འདུག་དྲན་ནས་རྡོ་རྗེ་ལ་བཟུང་བའི་རྣམ་འགྱུར་ཡང་ཇེ་བཙོག་ཏུ་གྱུར། ཡིན་ནའང་།  དོན་དངོས་བྱིས་པ་མེད་ས་དེ་རྣམ་སྐྱིད་ཡིན། རྡོ་རྗེས་ཁོ་མོའི་སེམས་ཕམ་པར་དོགས་ནས་བརྟག་དཔྱད་བྱ་རུ་མ་བཅུག
  ཁོ་གཉིས་ཀྱི་བཟའ་ཚང་གི་འབྲེལ་བ་ནི། རྣམ་སྐྱིད་རྡོ་རྗེ་ལ་དང་ཐོག་ཧ་ཅང་དགའ། བར་སྐབས་ཤིག་ནས་དགའ་བའི་ཚོར་བ་མེད་པར་གྱུར་སོང་། དེ་ལས་ལྡོག་སྟེ། རྡོ་རྗེ་རྣམ་སྐྱིད་ལ་དང་ཐོག་དེ་འདྲ་མི་དགའ།  མི་དགའ་ཟེར་ཡང་རྣམ་སྐྱིད་ཀྱི་མི་སྒེར་ལོ་རྒྱུས་ལ་རྙོག་འཛིང་ལྡན་པས་ཁོ་མོར་དགའ་མ་ཕོད་པ་རེད། ཁོ་གཉིས་ཀྱི་བར་ནས་རང་འགུལ་ཅན་ཡང་རྣམ་སྐྱིད་རེད། རྣམ་སྐྱིད་ཀྱིས་ཁོ་མོ་སྒྲུང་འབྲི་བའི་སྐྱེས་པ་ལ་དགའ་ཟེར་ནས་ད་གཟོད་ཁོ་གཉིས་མཉམ་དུ་འགྲོགས་པ་རེད། ད་ལྟ་རྡོ་རྗེ་རྣམ་སྐྱིད་ལ་ཧ་ཅང་དགའ། ཁོས་རྣམ་སྐྱིད་ཀྱིས་བཏོན་པའི་འདོད་བློ་ཡོད་ཚད་སྐོང་ལ། སྐབས་ཤིག་ནས་བཟུང་། རྣམ་སྐྱིད་ལས་ཀའི་ནང་ནས་ཕྱིར་འཐེན་བྱ་རུ་བཅུག་ཅིང་། ཁོས་རྣམ་སྐྱིད་ལ་ཟླ་རེར་སྒོར་སྟོང་བཞི་ལྷག་སྟེར་ནས་ཁོ་མོ་གང་སར་ཡུལ་སྐོར་བྱ་རུ་འགྲོ་འདོད་ན་དེ་རུ་བཏང་།  
   རྣམ་སྐྱིད་ཀྱི་ཚོར་བ་དང་པོར་རྡོ་རྗེ་ལ་དོན་ངན་ཞིག་བྱུང་ཟིན་པའི་ཚོར་སྣང་བྱུང་། རྡོ་རྗེ་ནི་གོམ་གང་འགྲོ་དགོས་ན་ཡང་ཆུང་མ་ལ་ཡར་ཞུ་བྱེད་པའི་གྲས་དེ་ཡིན་པས། ཐེངས་ཤིག་རྣམ་སྐྱིད་ཀྱིས་རྡོ་རྗེ་ལ "ཁྱོད་སྐྱེས་པ་ཞིག་གིས་ང་ལ་རྒྱུན་དུ་དེ་ལྟར་བཤད་དགོས་དོན་མེད"ཅེས་བཤད་ཀྱང་། རྡོ་རྗེ་གླེན་དགོད་བྱེད་ཞོར"ལོབ་སོང་ཟིག ད་བཅོས་ཟེར་ན་དཀའ་མོ་རེད། ཡང་གཅིག་བཤད་ན་ཁྱོད་ངའི་ཆུང་མ་རེད་མོ"ཞེས་བཤད་མ་ཐག རྣམ་སྐྱིད་ཀྱིས་འཕོང་ཚོ་ཁོ་ལ་གཏད་ནས"རང་ལ་ལོབ་སོང་རུང་། ང་སུན་པ་ཞིག་རེད"ཟེར་ཞོར་གཉིད་ལ་རོལ།
  དེ་ལྟར་རྒྱུ་རྐྱེན་མང་པོ་ཞིག་གིས་ཡིན་སྲིད་དེ། རྣམ་སྐྱིད་བུད་མེད་ཅིག་གི་གཤིས་ཀ་དང་མཚུངས་བའི་རྡོ་རྗེ་ལ་རྩ་བ་ནས་མི་དགའ་བར་གྱུར། ཐ་ན་མ་མཐའ་ཡང་ལན་མ་གསུམ་བཞི་ཞིག་ལ་རྣམ་སྐྱིད་ཀྱིས་རྡོ་རྗེ་གློ་བུར་དུ་ཤི་འགྲོ་བའི་སྨོན་ལམ་བཏབ་མྱོང་། ཁོ་མོ་ནེམ་ཁྲིའུ་ལ་ཁེན་ནས་འདི་ནི་ཁོ་མོས་སྨོན་ལམ་བཏབ་པའི་འབྲས་བུ་རེད་བསམས། ཡིན་ནའང་། བཟའ་ཚང་བྱས་ནས་ལོ་ལྔ་ལྷག་ཡོལ་བས། རྡོ་རྗེ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་དུས། ཉེན་རྟོག་ཁང་ལ་སོང་ནས་ཡར་ཞུ་ཙམ་ཡང་མ་བྱས་ན་མི་ལུགས་དང་འགལ་འདུག་སྙམ། དེ་ནི་ཁོ་མོས་རྡོ་རྗེ་ལ་བསྒྲུབ་ནུས་པའི་བྱ་བ་ཉག་གཅིག་ཀྱང་ཡིན་སྲིད།
  ཁོ་མོས་དེ་ལྟར་དྲན་དུས། ལག་འཕྲིན་ལས་གློ་བུར་དུ་དིང་སྒྲ་ཞིག་གྲག་སོང་། ཁོ་མོས་སྒྱིད་ལུག་ཆེན་པོས་ལག་འཕྲིན་གྱི་འཆར་ངོས་བརྡར་ནས་བལྟས། དེ་ནི་ཉར་ཚགས་བྱས་མ་མྱོང་བའི་ཨང་གྲངས་ཤིག་གིས་བསྐུར་བའི་ཡིག་འཕྲིན་རེད།
   ནང་དུ"དོ་དགོང་ཁྱོད་ལ་ཁོམ་པ་ཡོད་དམ"ཞེས་བྲིས་འདུག
  ཁོ་མོས་མྱུར་གྱིས "ཁྱོད་སུ་ཡིན"ཞེས་བྲིས་ནས་བསྐུར།
"ང་གསར་ཡག་རྒྱ་མཚོ་ཡིན་ཡ། ཅི་རེད། ཉིན་ཕྱེད་ཙམ་ལས་མ་འགོར་རུང་བརྗེད་ཟིན་པ་ཨེ་རེད"
  "ཨོ། ཧེ་ཧེ། བརྗེད་ག་ལ་སྲིད། དེ་འདྲ་གསར་རུ་གསར་ཡག་ཅིག"
  "ཧ་ཧ། མ་བརྗེད་ན་འགྲིག་འདུག དོ་དགོང་ཁོམ་པ་ཡོད་དམ"
  "ཁོམ་པ་ཡོད་ནས་ཅི་བྱེད། ངས་ཁྱོད་ལ་རྩད་གཅོད་བྱེད་པར་རོགས་བྱ་དགོས་པ་ཡིན་ནམ"
  "ཨོ་ལེ། ང་གཉིས་ཤ་དང་བརྩེ་བའི་བར་གྱི་འཇིག་རྟེན་ལ་རྩད་གཅོད་བྱ་བར་འགྲོ་དགོས་འདུག"
  "••••••"
  "དགོངས་དག ཁྱོད་ལ་ཕོག་ཐུག་བཟོས་སོང"
  "••••••"
  "དེ་ན་ངས་ཁོམ་དུས་འབྲེལ་བ་བྱ། བདེ་མོ"
  "མཚན་མོའི་ཆུ་ཚོད་བཅུ་པར་ཤོག"
  "ཡ་ཡ། སྙིང་སྡུག་མ"
  རྣམ་སྐྱིད་ཀྱིས་རང་གིས་ཅིའི་ཕྱིར་དེ་འདྲ་འབྲི་དགོས་པ་མ་ཤེས། གཅིག་བྱས་ན་ཁོ་མོ་རྡོ་རྗེ་དང་ལྷན་དུ་འཚོ་བ་རོལ་བའི་དུས་ཚོད་རིང་དྲགས་པས་ཡིན་སྲིད། བུད་མེད་ཅིག་ལ་མཚོན་ན། རང་གི་ནང་སེམས་ཀྱི་འགྱུ་བག་རྟོགས་པའི་མི་ཞིག་ལ་འཕྲད་པ་ནི་ཅི་འདྲའི་དཀའ་ཁག་ཆེ་བའི་དོན་དག་ཅིག་མ་རེད་དམ།
  རྣམ་སྐྱིད་ནེམ་ཁྲིའུ་ལས་ཡར་ལངས་ནས་ཁྲུད་ཁང་ལ་བུད་སོང་། ཁོ་མོས་རང་གི་ལུས་པོའི་མུ་ཁྱུད་ལ་བལྟས་ནས་མཛུབ་གུས་མུ་ཁྱུད་ཀྱི་རྒྱུད་ལ་གཏུག་ནས་དལ་གྱིས་བྱིལ། དེ་ནི་སྐེམ་ལ་ཉེ་བའི་མེ་ཏོག་ཅིག་གི་གདུང་འབོད་དང་ཅི་འདྲའི་མི་མཚུངས་སམ།
  མཚན་མོར་རྣམ་སྐྱིད་དང་རྒྱ་མཚོ་གཉིས་འཕྲད་མ་ཐག་བདེ་སྐྱིད་ཀྱི་འཁྱུད་སྦྱོར་ལ་གཡེང་སོང་། སྐབས་ཤིག་རང་རང་གི་དམིགས་དོན་འགྲུབ་རྗེས་གཉིད་ལ་རོལ་ནས་སྔུར་བ་ཧུར་ཧུར་འཐེན།
  དུས་ཚོད་དེ་འདྲ་ཞིག་ལ་མིའུ་གྲོང་ཁྱེར་གྱི་སྲང་མདོ་ལ་ཁྱི་ལྡོམ་དག་གི་ཟུག་སྐད་སྔར་ལས་ཇེ་ཆེར་གྱུར། ནགས་གསེང་ནས་ཤུགས་རིང་ཡ་མཚར་བ་མང་པོ་འཕྲོར་ནས་འཕྲོར་འཕྲོར་ཐོན། གཟབ་ཀྱིས་ཉན་ན། དེ་ནི་མི་ཞིག་གི་འཁུན་སྒྲ་དང་ཤིན་ཏུ་འདྲ། འཁུན་སྒྲ་དེ་སྐབས་རེར་ཇེ་ཆེར་གྱུར་ལ། སྐབས་རེར་ཇེ་ཆུང་དུ་སོང་། འཁུན་སྒྲ་ཡ་མཚར་བ་དེ་ཐོས་དུས། སྲང་མདོའི་ཁྱི་ལྡོམ་རྣམས་ཀྱིས་རྔ་མ་སྒྱིད་བར་ལ་བཅུག་ནས་ཕྱིར་བལྟས་ཙམ་ཡང་མི་བྱེད་པར་ངུ་ཟུག་བྱེད་ཀྱིན་རྒྱང་རིང་དུ་བྲོས་འགྲོ


གསུམ།
  སྲང་མདོའི་ཁྱི་ལྡོམ་དག་ཕྱོགས་བཞིར་བྲོས་རྗེས།  འཁུན་སྒྲ་དང་འགྲོགས་པའི་གྲིབ་མ་རིང་པོ་ཞིག་ལམ་སྟེང་དུ་འཕྲོས་ཤིང་། གྲིབ་མ་ནག་པོ་དེ་རིམ་གྱིས་གྲོང་གི་ཕྱོགས་གཅིག་ལ་བསྐྱོད་མགོ་ཚུགས།
  མཚན་དཀྱིལ་དུ་སླེབས་དུས། རྒྱ་མཚོས་གཉིད་འདུག་པའི་རྣམ་སྐྱིད་ཀྱི་ལུས་པོར་བྱིལ་བྱིལ་བྱས། ཁོས་དམག་དཔོན་ཞིག་གིས་རི་ཆུ་ལ་ས་རྒྱུས་ལེན་གྱིན་པ་ལྟར་རྣམ་སྐྱིད་ཀྱི་ལུས་ཡོངས་མཆུ་ཏོས་འཇལ། རྣམ་སྐྱིད་ཀྱང་གཉིད་ལས་སད་དེ་རྒྱ་མཚོ་ཡི་རྐེ་ལ་འཁྱུད། ཁོ་གཉིས་སྔོན་ཆད་རྡོ་རྗེ་དང་རྣམ་སྐྱིད་གཉིས་སྐར་མ་འགའ་ལ་འཁྱུད་མྱོང་སའི་མལ་ཁྲིའུ་དེར་དབྱར་གྱི་གློག་དམར་བཞིན་ཕན་ཚུན་འཐམས། རྣམ་སྐྱིད་རྡོ་རྗེའི་སྟེང་དུ་བུད་ནས་འཕག་འཚག་བྱས། དེ་ནི་རྣམ་སྐྱིད་ཀྱིས་རང་གི་ལང་ཚོ་ལ་ཕྱོགས་སྡོམ་བྱེད་ཀྱིན་པ་དང་མཚུངས། ཡིན་ནའང་། གློ་བུར་དུ་ཁང་སྒོ་བརྡུངས་བྱུང་།
 རྒྱ་མཚོས་འདོད་མི་འདོད་ཀྱིས"ཕ་རོ་བཟའ་རྒྱུ། ལྟས་ངན་སུ་རེད"ཅེས་གཤེ་གཤེ་བཏང་།
 
  རྣམ་སྐྱིད་མལ་ས་ལས་མགྱོགས་པོར་བབས་ཤིང་གོས་དག་སྟབས་བདེ་ཞིག་གོན་ནས"མགྱོགས། གོས་གོན་་་གོས་གོན"ཞེས་འཚུབ་ཆ་ཆེ་བར་བཤད།
  "གོས་གོན་ནས་ཅི་བྱ། འདི་འདྲ་མཚན་དཀྱིལ་ཞིག་ལ་ང་གང་དུ་འགྲོ་དགོས"
  "གང་དུ་འགྲོ་མིན་ཁྱོད་རང་གིས་ལྟོས། ངེད་ཚང་གི་རྒད་པོ་ཐོན་ཐལ"
  སྐད་ཆ་དེས་རྒྱ་མཚོ་ཡང་འཚུབ་པར་བཏང་ནས་སྟབས་སྟབས་པོར་མལ་ས་ལས་བབས། ཁོས་མལ་ཁྲིའུའི་འགྲམ་དུ་འཕངས་བའི་གསང་དོར་གོན་ཞིང་ཕྱི་དོར་འགྲོ་ཞོར་གོན།         ཁོས"ང་གང་ནས་འགྲོ་དགོས་པ་རེད"ཅེས་དྲིས། སྐབས་དེར་སྒོ་སླར་ཡང "ཁྲོག་་་ཁྲོག་་་"བརྡུངས་བྱུང་། རྣམ་སྐྱིད་ཀྱིས་འཚུབ་ཆའི་བར་ནས་རྒྱ་མཚོ་སྒེའུ་ཁུང་ཕྱོ་སོའི་རྐུན་འགོག་ལྕགས་ཁྲའི་ཐོག་ཏུ་སྦས་བར་བཅུག འོན་ཀྱང་། རྒྱ་མཚོས་མོ་འདོད་པའི་ངང་ནས"མི་ཐུབ། གྲང་ནས་ཁངས་འགྲོ་བ་ཏན་ཏན་རེད"ཅེས་བཤད།
  "ཡ་དེ་ན་གོས་སྒམ་ནང་དུ་འཛུལ"ཞེས་སྨྲས་རྗེས། རྒྱ་མཚོར་ལན་འདེབས་ཁོམ་ཡང་མ་བྱིན་པར་གོས་སྒམ་ནང་དུ་ཕུད་འདེད་བྱས་རྗེས། ཐང་དུ་ལྷུང་བའི་སྟོད་ཐུང་རྒྱ་མཚོའི་རྗེས་སུ་བརྫངས།
  སྒོ་སླར་ཡང"ཁྲོག་་་ཁྲོག་་་"ཅེས་བརྡུངས་བྱུང་།
  རྣམ་སྐྱིད་ཀྱིས་ཐང་དུ་འཐོར་བའི་གཙང་ཤོག་རིལ་རིལ་ཚོ་རྐང་པས་ཁྲིའུ་འོག་ཏུ་འདེད་ཀྱིན"ཡ་ཡ། ཡོང་གིན་ཡོད"ཅེས་བཤད་རྗེས། གླད་རྒྱིང་ཞིག་བྱེད་ཀྱིན "འདི་འདྲ་མཚན་དཀྱིལ་ཞིག་ལ་སུ་ཞིག་ཡིན"ཞེས་མིག་བཙུམས་ནས་འབྱེད་ཁུལ་བྱས་ནས་སྒོ་བྱས་པ་ན། རྣམ་སྐྱིད་ཀྱི་ངག་སྒོ་ལྐུགས་ཤིང་འགུལ་མི་ཐུབ་པར་གྱུར། ཁོ་མོའི་སེམས་ལ་ཅིའང་དྲན་མ་ཐུབ། འཇིག་རྟེན་འདི་འགུལ་མཚམས་བཞག་པ་ལྟར་གྱུར་སོང་།
  སྒོ་རྡུང་མཁན་དེ་ཁྱིམ་དུ་འཛུལ་ནས་མལ་ཁང་ལ་འགྲོ་བཞིན་པའི་སྐབས། རྣམ་སྐྱིད་གློ་བུར་དུ་སད་པ་ལྟར"ཨཱ་་ཨཱ་་་"ཞེས་ཨག་སྐད་བརྒྱབ་ནས་ཕྱི་ལ་བྲོས།
རྒྱ་མཚོ་གོས་སྒམ་ནང་ནས་གུམ་གུམ་བྱས་ནས་ཕྱི་རོལ་གྱི་གྲག་འགུལ་ལ་ཉན་ནས་བསྡད། གློ་བུར་དུ་གྲག་པའི་རྣམ་སྐྱིད་ཀྱི་ཨག་སྐད་ཀྱིས་ཁོའི་སྙིང་ཡང་ཕྱི་ལ་འཕངས་སོང་བ་ལྟ་བུ་ཞིག་བྱས། ཁོས་གོས་སྒམ་གྱི་གས་ཁའི་གསེང་ནས་ཕྱི་རོལ་ལ་བལྟས། རྣམ་སྐྱིད་ཀྱི་ཨག་སྐད་གྲག་ནས་ཡུད་ཙམ་འགོར་རྗེས། མི་ཞིག་གི་གཟུགས་བརྙན་ནག་པོ་ཞིག་ཁོའི་མིག་ལམ་ལ་མངོན། གློག་སྒྲོན་བཀར་མེད་པའི་རྐྱེན་གྱིས་མི་དེའི་ངོ་གདོང་མཐོང་མི་ཐུབ། འོན་ཀྱང་། ཁོས་གསལ་བོར་ཐོས་ཐུབ་པ་ནི་གཟུགས་བརྙན་དེའི་འཁུན་སྒྲ་རེད། གཟུགས་བརྙན་དེས་གོམ་པ་གཅིག་སྤོ་བའི་ཡུན་ལ་འཁུན་སྒྲ་གཉིས་གསུམ་རེ་འབྱིན་གྱིན་འདུག འཁུན་སྒྲ་དེ་ནི་འཇིགས་སུ་རུང་བ་ཞིག་རེད། ཧ་ལམ་མི་ཞིག་ཤི་ཁའི་འཁུན་སྒྲ་དང་འདྲ་བོ་འདུག
རྒྱ་མཚོ་འགུལ་མ་ཕོད་པར་བསྡད། ཁོས་གཟུགས་བརྙན་དེ་རྡོ་རྗེ་ཡིན་ནམ་དྲན། ཡང་གལ་ཏེ་རྡོ་རྗེ་ཡིན་ཚེ། རྣམ་སྐྱིད་ཀྱིས་ཨག་སྐད་འབྱིན་སྲིད་དམ། མ་གཞི་རྡོ་རྗེ་ཡིས་ང་འདིར་སླེབས་ཡོད་པ་ཤེས་ནས་རྣམ་སྐྱིད་བསད་བཞག་པ་ཡིན་ནམ། ཡིན་མི་སྲིད། རྡོ་རྗེས་རྣམ་སྐྱིད་གསད་མི་སྲིད། དེ་མིན་ཚེ། ང་ཁོ་གཉིས་ཀྱི་གཡོ་འོག་ཏུ་ཚུད་པ་ཡིན་ནམ། ཁོ་གཉིས་ཀྱིས་ངའི་ལག་ནས་ཅི་ཞིག་ལེན་པར་འདོད་ནས་འདི་ལྟར་གཡོ་སྒྱུའི་ཐབས་ལ་བརྟེན་པ་ཡིན་ནམ། ང་དངོས་གནས་གླེན་ཀོག་རེད། རྒྱ་མཚོས་སྐར་ཆ་འགའ་ཙམ་གྱི་ཡུན་ལའང་འདི་ལྟར་བསམ་བློ་འདྲ་མིན་གཏོང་ལ་ཤོར།
  གཟུགས་བརྙན་དེ་དལ་གྱིས་སོང་ནས་མལ་ཁྲིའུའི་ཐོག་ཏུ་བསྡད། བསྡད་ཟེར་ཡང་མལ་ཁྲིའུ་ལ་རྐང་པའི་ཉྭ་ཤ་ཁེན་ནས་ལངས། ཡ་མཚར་བ་ཞིག་ལ། རྒྱ་མཚོས་གཟུགས་བརྙན་དེའི་འགུལ་བསྐྱོད་ནི་ཤིན་ཏུ་སྲ་མཁྲེགས་ཡིན་ཞིང་། མགོ་བོ་ཕར་ཚུར་འགུལ་ཙམ་ཡང་མི་བྱེད་པར་ཕྱོགས་གཅིག་ལ་འཁོར་ནས་འདུག་པ་མཐོང་། གློ་བུར་དུ་རྒྱ་མཚོའི་ལག་འཕྲིན་ལས་གླུ་དབྱངས་གྲག་བྱུང་། ཁོས་མྱུར་མོར་ལག་འཕྲིན་སྒོ་གཏན་འདོད་ནས་སྟོད་ཐུང་གི་མཆན་ཁུག་ནས་ལག་ལ་ལེན་དུས། གཟབ་མ་བྱས་པར་གོས་སྒམ་གྱི་བར་གསེང་ནས་མལ་ཁྲིའུའི་འགྲམ་དུ་ལྷུང་སོང་། རྒྱ་མཚོས་ད་ཚར་སོང་སྙམ་ནས་ཅི་བྱ་གཏོར་མེད་དུ་གྱུར། གླུ་དབྱངས་གྲག་པ་དེས་གཟུགས་བརྙན་དེ་སྲ་མཁྲེགས་ཆེ་བའི་ངང་ནས་འགུལ་བསྐྱོད་བྱས། ཁོ་རྒྱ་མཚོ་སྦས་པའི་གོས་སྒམ་ཕྱོགས་སུ་འགུལ་བསྐྱོད་བྱས། ཁོ་གླུ་དབྱངས་གྲག་སའི་ཕྱོགས་སུ་འགུལ་བསྐྱོད་བྱས།
  གཟུགས་བརྙན་དེ་ལག་འཕྲིན་གྱི་འགྲམ་དུ་སླེབས་དུས་ཅིའང་མི་བྱེད་པར་ལངས་ནས་འདུག གླུ་དབྱངས་དེ་ཡུད་ཙམ་འགོར་རྗེས་གྲག་མཚམས་བཞག་སོང་། རྒྱ་མཚོས་རང་ཤུགས་ཀྱིས་ཤུགས་རིང་ཞིག་ཕུད་དགོས་བྱུང་། ཁོའི་ཐོད་པ་ན་རྔུལ་ཆུ་ཐིགས་པ་འགའ་རེ་འགྲིལ་གྱིན་འདུག ཡིན་ནའང་། ལག་འཕྲིན་ལས་གླུ་དབྱངས་སླར་ཡང་གྲག་སོང་། ཁོས"ཕ་རོ་བཟའ་རྒྱུ་སུ་ཞིག་གིས་གནད་འགག་འདི་འདྲ་ཞིག་ལ་ཁ་པར་གཏོང་གིན་འདུག ང་འདི་ནས་ཐར་རྒྱུ་ཞིག་ཡོད་ཚེ། མི་དེ་ཤ་ཉོག་རུས་ཉོག་ཅིག་བརྡུང་དགོས"སྙམ། གཟུགས་བརྙན་དེ་ལག་འཕྲིན་གྱི་དྲང་ཐད་ནས་ལངས་ཤིང་ངོ་གདོང་དལ་གྱིས་གོས་སྒམ་ཕྱོགས་སུ་འཁོར། ལག་འཕྲིན་གྱི་འོད་ལས་རྒྱ་མཚོས་གཟུགས་བརྙན་དེའི་ངོ་གདོང་དང་ལུས་པོ་གསལ་བོར་མཐོང་སོང་། འོན་ཀྱང་། མཐོང་བའི་མོད་ལ་ཁོ་དབང་བོ་བརྒྱལ་སོང་། ཁོའི་ཚོར་བ་ཡོད་ཚད་ནག་འཐིབ་བེར་བུད་སོང་།
  རྒྱ་མཚོ་བརྒྱལ་བ་ལས་སད་དུས། ཕྱི་ཉིན་གྱི་ཆུ་ཚོད་བཅུ་གཉིས་ལ་ཐོན་འདུག ཁོ་སྨན་ཁང་གི་ནད་ཁྲིའུ་ལས་མགོ་བོ་འགྱོག་དུས། ཁོའི་འགྲམ་དུ་ཉེན་རྟོག་རུ་ཁག་གི་མགོ་དཔོན་གྱིས་ངོ་གདོང་ནག་རོག་གེར་བྱས་ནས་བསྡད་འདུག ད་རུང་ཁོས་ཆུང་མ་ཡང་མཐོང་སོང་། ཆུང་མ་ངུ་བཞིན་འདུག ད་རུང་མི་འགའ་འདུག ཁོས་གསལ་བོ་ཞིག་བལྟ་མ་འདོད། ཁོ་ཐང་ཧ་ཅང་ཆད་འདུག ཁོས་ཁོ་རང་འདི་རུ་ཇི་ལྟར་ཡོང་བ་ཧ་མ་གོ
  རྒྱ་མཚོ་སད་པ་མཐོང་རྗེས། མགོ་དཔོན་གྱིས "ལྟས་ངན་ཁྱོད་ཀྱིས་ངའི་བུ་མོ་ལ་རྒྱབ་འགལ་བྱས་སོང"ཞེས་གཤེ་གཤེ་བཏང་།
  ཁོའི་ཆུང་མས"ངས་ཁྱོད་ལ་སྔོན་ནས་བཤད་མྱོང་། གལ་ཏེ་ཁྱོད་རང་ང་ལ་ནམ་ཞིག་མ་དགའ་ཚེ། ངེས་པར་དུ་བཤད་རོགས། ངས་ཁྱོད་བློས་གཏང་ཆོག་ཅེས་བཤད་པ་མི་དྲན་ནམ། ་་་ཧུན་་་ཧུན་་་"ཞེས་ངུ་སྐད་བཏོན། ཁོས་ཁོ་ཚོས་ཅི་ཞིག་བཤད་ཀྱིན་པ་གཏན་ནས་མ་གོ
   ཁོས་ཆུང་མ་ལ་བལྟས་ནས "ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད། ངས་ཁྱོད་ལ་རྒྱབ་འགལ་བྱས་མ་མྱོང"ཞེས་བཤད།
  "ཅི་ཟེར། རྒྱབ་འགལ་བྱས་མ་མྱོང་། དེས་ན་ངས་ཁྱོད་ལ་འདྲི། མདང་དགོང་ཁྱོད་གང་ལ་སོང་བ་ཡིན"
  "མདང་དགོང་་་མདང་དགོང་་་།"རྒྱ་མཚོའི་སེམས་ལ་ཅིའང་དྲན་མ་ཐུབ།
  "ཁྱོད་ཀྱིས་ཤོད་ཡ། ངས་ཉན་འདུག ད་ཐེངས་ཁྱོད་ལ་ལྕེ་བརྒྱ་ཡོད་ཀྱང་བཤད་ས་མེད"
  "ངས་དྲན་གྱིན་མི་འདུག ང་ཁྱིམ་ན་མེད་ཚེ་ཉེན་རྟོག་ཁང་དུ་ཡོད། ཉེན་རྟོག་ཁང་དུ་མེད་ཚེ་ཁྱིམ་ན་ཡོད་སྲིད"
  "ཧུན། ཁྱོད་ཀྱིས་ཁྲམ་གཏམ་མ་བཤད། ཁྱོད་མདང་དགོང་རྣམ་སྐྱིད་ཚང་གི་ཁྱིམ་དུ་སོང་བ་མིན་ནམ། ཧ་་་ཧ་་་། འོན་ཀྱང་། རྣམ་སྐྱིད་ཀྱིས་ཁྱོད་རང་གོས་སྒམ་དུ་བརྫངས་འདུག ལས་ངན་ཁྱོད"
  "རྣམ་སྐྱིད་་་རྣམ་སྐྱིད་་་།"རྒྱ་མཚོས་གློ་བུར་དུ་ཡོད་ཚད་དྲན་སོང་། ཁོ་མལ་ཁྲིའུ་ལས་དེ་མ་ཐག་མཆོངས་ལྡིང་བྱས་ནས"རྣམ་སྐྱིད་ཚང་ན་འདྲེ་འདུག རྣམ་སྐྱིད་ཚང་ན་འདྲེ་འདུག "ཅེས་སྐད་ཅོར་བརྒྱབ།
  "ཧ་་་ཧ་་་། དགོད་འོང་བ་ལ། ཁྱོད་རྣམ་སྐྱིད་ཚང་ལ་འདྲེ་འཛིན་དུ་སོང་བ་རེད་དམ།"མགོ་དཔོན་གྱིས་མགོ་བོ་བསེགས་ནས་དེ་ལྟར་བཤད།
  རྒྱ་མཚོ་འབྲོ་འདོད་ཀྱང་མི་འགས་བཟུང་ནས་འགུལ་ཙམ་ལས་བྱེད་མ་ཐུབ། "ངས་དངོས་གནས་ཟེར་བ་ཡིན། ཁོའི་མིག་རྡོ་གཉིས་ལས་ཁྲག་བཞུར་བཞིན་འདུག་ཅིང་། མ་རེད། ཁོ་ལ་མིག་རྡོ་མི་འདུག གདོང་ཡོངས་སྔོན་པོ་རེད། ད་རུང་ཁོའི་ལག་མགོ་གཉིས་ནས་ཁྲག་བཞུར་གྱིན་འདུག"ཅེས་སྐད་ཅོར་བརྒྱབ།
 "ཨ་ཕ། ཁོ་ལ་ཅི་བྱུང་བ་ཡིན་ནམ། ང་སྐྲག་གི།"རྒྱ་མཚོའི་ཆུང་མ་ཨ་ཕའི་ལག་གཡས་ལ་འབྱར།
 "ཁྱོད་སོང་ནས་སྨན་པ་བོས་ཤོག མ་སྐྲག ཁོར་ནད་ཅིག་བྱུང་བ་ཡིན་སྲིད"ཅེས་བཤད།
  "ང་ལ་ནད་ཅིའང་བྱུང་མི་འདུག དངོས་གནས་འདྲེ་འདུག ཨ་ཕ་ཁྱོད་སོང་ནས་བླ་མ་བོས་ཤོག ཡང་ན་མེ་མདའ་ཁུར་ཤོག དེས་མ་ཐུབ་ཚེ་གྲུབ་ཐུབ་ཅིག་འབོད་རོགས། ང་ཧ་ཅང་བདེ་ཐང་ཡིན། ངའི་མིང་ལ་རྒྱ་མཚོ་ཟེར། ངའི་ཆུང་མའི་མིང་ལ་མེ་ཏོག་ཟེར། ད་རུང་ཆུང་མའི་ཨ་ཕའི་མིང་ལ་ཐུབ་བསྟན་ཟེར། ལྟོས་དང་། ང་ཧ་ཅང་བདེ་ཐང་ཡིན"
  "བལྟས་སོང་ན་ཁོ་འཇིགས་སྐྲག་ཅན་གྱི་དོན་དག་ལ་འཕྲད་ནས་ཀླད་པའི་རྩ་ལམ་ཞིག་ལ་སྐྱོན་སོང་བ་ཡིན་སྲིད། ཁྱོད་ཚོ་སྐྲག་མི་དགོས། ཉིན་འགའ་སོང་ན་ཡར་དགའ་ཡོད་སྲིད།"སྨན་པ་ཐུབ་བསྟན་ལ་འཁོར་ནས་དེ་ལྟར་བཤད། ཆུང་མ་སྔར་ལྟར་སྐད་ཆུང་ངུས་ངུ་བཞིན་འདུག སྨན་པའི་སྐད་ཆ་ཐོས་པས་རྒྱ་མཚོས་རང་ལ་རྩ་བ་ནས་བདག་མི་ཐུབ་པར་གྱུར་ནས"ཁྱོད་ཚོ་སྨྱོས་པ་རེད། ང་སྨྱོས་མེད། ངའི་མིང་ལ་རྒྱ་མཚོ་ཟེར། ངའི་མིང་ལ་རྒྱ་མཚོ་ཟེར། ཁྱོད་ཚོས་ཤོད་དང་། ང་རྒྱ་མཚོ་མིན་ནམ། ཁོ་ཐུབ་བསྟན་མིན་ནམ། ཁོ་མོ་མེ་ཏོག་མིན་ནམ། ཁྱོད་ཚོ་སུ་ཞིག་ཡིན་ནམ། ངས་དྲན་འདོད་མི་འདུག ང་འགྲོ་རུ་ཆུག་་་་་་།" ཐུབ་བསྟན་དང་མེ་ཏོག་གཉིས་སྨན་པ་དང་ལྷན་དུ་སྒོ་ཁར་བུད།


བཞི། 
  མུན་རུབ་སོང་། རྣམ་སྐྱིད་བྲོས་ནས་ཉེན་རྟོག་ཁང་ལ་ཐོན།
  རྣམ་སྐྱིད་ཉིན་གང་བོར་རི་ངོས་ཀྱི་ནགས་གསེང་དུ་སྦས། ཡིན་ནའང་། མུན་རུབ་དུས་ཁོ་མོ་སྐྲག་ནས་རི་ངོས་ནས་གྲོང་ནང་དུ་ཡོང་། ཁོ་མོ་ཁྱིམ་ལ་འགྲོ་མ་ཕོད། གྲོགས་མོ་ཆོས་མཚོའི་ཟུར་ལའང་མ་སོང་། དེ་ལྟར་མཇུག་མཐར་ཁོ་མོ་ཉེན་རྟོག་ཁང་ལས་འགྲོ་ས་མེད་པར་གྱུར། ཁོ་མོ་ནང་ལ་སླེབས་དུས། ཉེན་རྟོག་ཁང་ན་མཚན་རེས་པ་ཕོ་སར་ཞིག་ཡོད། ཁོས་རྣམ་སྐྱིད་ཀྱི་ཚུགས་ཀར་བལྟས་ནས་དོན་ངན་ཞིག་བྱུང་འདུག་སྙམ་སྟེ། མྱུར་གྱིས་ཁོ་མོ་འདུག་སྟེགས་ཤིག་ནས་སྡོད་དུ་བཅུག རྣམ་སྐྱིད་ཀྱིས་དགུན་ཟླ་འདིར་གོས་སྲབ་མོ་ཞིག་ལས་གོན་མེད་ཅིང་། རྐང་མགོར་ལྷམ་ཡ་གཅིག་ལས་མེད། ཁོ་མོའི་སྐྲ་འཛིང་པར་གྱུར་ཞིང་དེ་དག་གི་གསེང་ལ་རྩྭ་ལྡུམ་དང་སྡོང་ལོ་འབྱར་འདུག ཕོ་སར་དེས་གཙང་ཕོར་ཞིག་གི་ནང་དུ་ཆུ་ཚན་ཞིག་བླུགས་ནས་ཁོ་མོར་སྤྲད།
  "འདྲེ་འདུག"རྣམ་སྐྱིད་ཀྱིས་མགོ་རྔ་མེད་པའི་སྐད་ཆ་ཞིག་བཤད།
  ཕོ་སར་དེ་ཁོ་མོའི་འགྲམ་དུ་བསྡད་ནས"འདྲེ་འདུག གང་དུ་འདུག བྲེལ་བ་མ་ལངས"ཞེས་དྲིས།
  "གང་དུ་འདུག་གམ། ངེད་ཚང་ན་འདུག "
  "འདྲེ་ཅི་འདྲ་ཞིག་རེད"
  "གདོང་སྔོན་པོ་རེད། མིག་རྡོ་མི་འདུག མིག་ནང་ནས་ཁྲག་བཞུར་སྟེ་འགྲམ་པ་གཉིས་ལ་ཟག་གིན་འདུག ལག་མགོ་ཧྲིལ་བོ་ཁྲག་གིས་དཀྲིས་འདུག"
  "ཡ་ཡ། གོ་སོང་། ངས་མགོ་དཔོན་ལ་ཁ་པར་ཞིག་གཏོང"
  "••••••"
  ཕོ་སར་ཉེན་རྟོག་པ་ཕར་སོང་ནས་མགོ་དཔོན་ལ་ཁ་པར་བཏང་། ཁོས་སྐད་ཆུང་ངུས "མགོ་དཔོན། འདི་རུ་དབང་རྩའི་སྨན་ཁང་ནས་འོངས་བའི་ནད་པ་ཞིག་འདུག ཇི་ལྟར་བྱ"ཞེས་དྲིས། མགོ་དཔོན་གྱིས་ཐེ་ཚོམ་མེད་པར"དེས་ན་དབང་རྩའི་སྨན་ཁང་ལ་ཁ་པར་བཏང་ནས་ནད་པ་བསུ་རུ་འཇུག་རོགས"ཞེས་བཤད་རྗེས། ཕོ་སར་ཉེན་རྟོག་པས་ལགས་སོ་ཙམ་ཡང་ཟེར་ཁོམ་མ་བྱུང་བར་ཁ་པར་ཁྲོག་གེར་བཞག་སོང་། ཁོས་དབང་རྩའི་སྨན་ཁང་ལ་ཁ་པར་བཏང་། ལན་མ་གཉིས་ཙམ་བཏང་རྗེས་གཞི་ནས་ཁ་པར་ཉན་སོང་།
  "ཝེ། ཁྱོད་སུ་ཡིན།"ཕར་ཕྱོགས་ནས་དེ་ལྟར་དྲིས།
  "ཨོ། ང་ཉེན་རྟོག་ཁང་ནས་ཡིན།"ཕོ་སར་ཉེན་རྟོག་པས་སྐད་སྦོམ་པོར་བཏང་ནས་དེ་སྐད་བཤད།
  "ཨོ། ལགས་སོ། དོན་དག་ཅི་ཞིག་ཡོད་ལགས།"
  "ཁྱོད་ཚོའི་སྨན་ཁང་གི་ནད་པ་ཞིག་ང་ཚོའི་ཉེན་རྟོག་ཁང་དུ་སླེབས་བྱུང་། མྱུར་མོར་ལེན་དུ་ཤོག"ཅེས་བཤད་རྗེས། ཕར་ཕྱོགས་ལ་ལན་ཙམ་ཡང་འདེབས་པའི་དུས་ཚོད་མ་སྤྲད་པར་ཁ་པར་ཐུར་ལ་བཞག
  ཕོ་སར་ཉེན་རྟོག་པ་རྣམ་སྐྱིད་ཀྱི་འགྲམ་ལ་སླེབས་དུས། རྣམ་སྐྱིད་འདུག་སྟེགས་ཐོག་ཏུ་གུམ་གུམ་བྱས་ནས་གཉིད་དུ་ཡུར་འདུག ཁོས་རང་གི་སྟོད་ལྭ་མར་ཕུད་ནས་རྣམ་སྐྱིད་ཀྱི་ཆུང་ཞིང་གཉོམ་པའི་ལུས་པོ་བཀབ། ཁོ་རང་རྣམ་སྐྱིད་ཀྱི་འགྲམ་དུ་བསྡད། ཡུད་ཙམ་འགོར་རྗེས། དབང་རྩའི་སྨན་ཁང་གི་ལས་མི་འགའ་ཉེན་རྟོག་ཁང་ལ་འཛུལ། ཁོ་ཚོའི་ཁྲོད་ཀྱི་གཅིག་གིས"ཉེན་རྟོག་པ་ལགས། ནད་པ་གང་ན་འདུག"ཅེས་དྲིས།
  ཁོས་རང་གི་ལྭ་བ་རྣམ་སྐྱིད་ཀྱི་ལུས་སྟེང་ནས་ཡར་ལ་ལེན་ཞོར "འདི་ན་ཡོད། ཝེ། ག་ལེ་བྱོས། ཁྱོད་ཀྱིས་ཁོ་མོ་གཉིད་འདུག་པ་མི་གོའམ"ཞེས་བཤད་ནས་རྣམ་སྐྱིད་ཡར་ལ་བསྐྱོར་ཡང་། རྣམ་སྐྱིད་དེ་མ་ཐག་གཉིད་ལས་སད་སོང་། ཁོ་མོས"ཁྱོད་ཚོས་ཅི་ཞིག་བྱ་འདོད་པ་ཡིན"ཞེས་དྲིས་པ་ན།
ཕོ་སར་ཉེན་རྟོག་པས"ཁྱོད་རང་སྐྲག་མི་དགོས། ང་ཚོ་སྨན་ཁང་ལ་འགྲོ ཁོ་ཚོ་སྨན་པ་རེད"ཅེས་བཤད།
  "ང་ལ་ནད་ཅིའང་མེད་པས། ཅིའི་ཕྱིར་སྨན་ཁང་དུ་འགྲོ་དགོས།"ཁོ་མོས་ཕོ་སར་ཉེན་རྟོག་པའི་གདོང་ལ་ལྟ་ཞོར་ཤ་ཚ་བའི་ཉམས་ཤིག་ཕུད་ནས་དེ་ལྟར་བཤད།
  ཁོས་ཁོ་མོའི་འཛིང་པར་གྱུར་བའི་སྐྲ་རྣམས་རོབ་ཙམ་མཉམ་དུ་བསྡུ་ཞོར"ཁྱོད་རང་སྐྲག་མི་དགོས། སྨན་ཁང་དུ་སོང་ན་འདྲེ་ཡིས་ཁྱོད་རང་བཙལ་ཐབས་མེད"ཅེས་བཤད།
  ཁོ་མོ་ཡུད་ཙམ་ལ་ཁོའི་གདོང་ལ་བལྟས་ནས་བསྡད། དེ་ནས་རང་གི་མིག་ཆུ་འབྱིད་ཀྱིན་ལས་མི་དག་དང་ལྷན་དུ་རླངས་འཁོར་ལ་བསྡད། སྐད་ཅིག་ཙམ་གྱི་ཡུན་ལ་རླངས་འཁོར་དཀར་པོ་དེ་ཕོ་སར་ཉེན་རྟོག་པའི་མིག་ལམ་ནས་ཡལ་སོང་། ཁོས་སྟོད་ལྭ་རྒྱབ་ཏུ་གོན་ཞོར་རློན་པར་གྱུར་བའི་མིག་མཐའ་འབྱིད་ཙམ་བྱས། དབང་རྩའི་སྨན་ཁང་དུ་སླེབས་རྗེས། རྣམ་སྐྱིད་ནད་ཁང་ཅིག་གི་ནང་ལ་འདུག་ཏུ་བཅུག ལས་མི་དག་སོང་རྗེས་ཁོར་ཡུག་ཧྲིལ་བོ་འཇམ་ཅག་གེར་གྱུར་སོང་། རྣམ་སྐྱིད་ནད་ཁྲིའུའི་ཐོག་ཏུ་པུས་མོ་བསྡམས་ནས་ཉལ། ཁོ་མོའི་སྙིང་ཤ "སྟིག་་་སྟིག་་་"བྱས་ནས་འཕགས།
  རྣམ་སྐྱིད་དལ་གྱིས་གཉིད་སོང་། གཉིད་ནས་མཚན་དཀྱིལ་ཙམ་ལ་སླེབས་དུས། ཁོ་མོའི་ཕ་རོལ་ཕ་རོལ་གྱི་སྣང་ངོར་ཞིག་ལ་མི་ཞིག་གིས་ཁོ་མོའི་ནུ་མ་ཕུར་གྱིན་འདུག ཁོ་མོས་དེ་ནི་རྨི་ལམ་རེད་བསམས། མི་དེ་སུ་རེད་བལྟ་འདོད་ཀྱང་། ཁོའི་གདོང་གསལ་བོ་ཞིག་མཐོང་མ་ཐུབ། མོའི་སྣང་ངོར་མི་དེ་ནི་རྡོ་རྗེ་ཡིན་པ་འདྲ་ལ། ཡང་རྒྱ་མཚོ་ཡང་ཡིན་པ་འདྲ། མི་དེས་ཁོ་མོའི་ནུ་མ་ཡུད་ཙམ་ཕུར་རྗེས་སྣམ་བུ་ཐུར་ལ་ཕུད་སོང་། དེ་ནས་གསང་དོར་ཕུད། མཐའ་མར་ལུས་སྟེང་དུ་འབུད་དུས་ཁོ་མོ་མནན་ནས་གཉིད་ལས་སད་སོང་། མ་རེད། འདི་རྨི་ལམ་མ་རེད། ཁོ་མོས་འཕག་འཚག་བྱེད་ཀྱིན་ཡར་ལ་ལྟ་དུས། མི་དེ་ནི་སྨན་གོས་གྱོན་པའི་སྐྱེས་པ་ཞིག་རེད། ཁོ་གཅེར་བུར་རྣམ་སྐྱིད་ཀྱི་བརླ་བར་ན་འཕག་འཚག་བྱེད་ཀྱིན་འདུག ཁོ་མོས་ཤེད་ཤུགས་ཡོད་ཚད་ཕུད་ནས་མི་དེ་རང་གི་ལུས་སྟེང་ནས་ཕུད་འདེད་བྱས་ཀྱང་། ནུས་པ་ཕྲན་ཙམ་ཡང་མ་ཐོན། དེ་ལས་ལྡོག་སྟེ་མི་དེས་རྣམ་སྐྱིད་ལ་འགྲམ་ལྕག་ཅིག་གཞུས་ནས་ཁོ་མོའི་བརླ་བར་ནས་ནང་དུ་ནུད་ཅི་ཐུབ་བྱས། ཁོ་མོས་སྐད་ཅོར་བརྒྱབ་ཀྱང་མི་སུ་གཅིག་ཀྱང་མ་བྱུང་། ཁོ་མོས་ངུ་སྔག་བྱས་ཀྱང་མི་སུ་གཅིག་ཀྱང་མ་ཐོན།
  མི་དེ་ཁོ་མོའི་བརླ་བར་ནས་བགད་ཀྱིན "དབང་རྩའི་ནད་པ་ཞིག་གིས་ཀྱང་འདི་ལྟར་འགོག་རྒོལ་བྱེད་པར་ང་ཐོག་མར་འཕྲད་པ་ཡིན། ཧ་ཧ། ང་བུད་མེད་འདི་ཅན་པོའི་གཤིས་ཀ་ལ་དགའ། འདི་ནི་རྟ་རྒོད་པོ་དང་འདྲ"ཞེས་ཧབ་ཆ་བརྒྱབ།
  རྣམ་སྐྱིད་ཀྱིས་ངུ་སྐད་སྒྲོག་ཞོར"ང་ནད་པ་མིན། ང་ལ་ནད་ཅིའང་མེད། ཁྱོད་ཀྱིས་ང་གཏོང་རོགས། དེ་ལྟར་མ་བྱས་ཚེ་ངས་ཉེན་རྟོག་པར་ཁ་པར་གཏང་རྒྱུ་ཡིན"ཞེས་བཤད།
  མི་དེ་སླར་ཡང་སྐད་ཆེན་པོས་བགད་ནས "ང་ནད་པ་མིན་ཟེར་ན་ནད་པ་ཡིན་པ་རེད། མི་རྣམས་ཀྱིས་ནམ་ཡང་རང་ཉིད་ལ་ནད་ཡོད་པ་ཁེ་ལན་མི་ཐུབ"ཅེས་བཤད་ནས་རྣམ་སྐྱིད་ཀྱི་ཞབས་ལ་ལག་པས་བསྙབས། རྣམ་སྐྱིད་ཀྱིས་ཇི་ལྟར་བཀག་ཀྱང་མ་ཁོག མི་དེའི་ཤེད་ཤུགས་ལ་རྣམ་སྐྱིད་ལྟ་བུའི་བུད་མེད་བཅུ་ཡོད་ཀྱང་དོ་ཡ་མི་ཡོང་བ་འདྲ། ཁོ་མོ་ཕམ་པར་གྱུར་བ་དང་། མི་དེའི་འདོད་བློ་ལྟར་འགྲུབ་ཀྱིན་པའི་སྐབས་སུ་འཁུན་སྒྲ་སྒྲོག་པའི་གཟུགས་བརྙན་ནག་པོ་ཞིག་འགྲམ་དུ་སླེབས། མི་དེས་ཁུ་ཚུར་གནམ་ལ་འཕྱར་ནས་གཟུགས་བརྙན་ནག་པོ་ལ་རྒྱག་པར་འདོད་དུས། ནད་ཁང་གི་ལམ་གློག་གི་འོད་ཀྱིས་གཟུགས་བརྙན་ནག་པོ་དེའི་གདོང་ཡོངས་གསལ་བོར་མཐོང་སོང་། དེ་ནི་གདོང་ཡོངས་སྔོན་པོར་ཡོད་ཅིང་། མིག་གཉིས་ལས་ཟུངས་ཁྲག་བཞུར་གྱིན་འདུག ལུས་པོའི་སྟོད་སྨན་ཁྲག་གིས་བྱུགས་འདུག མི་དེ་སྙིང་ཤོར་ཞིང་གཅེར་བུར་ཕྱི་ལ་བརྒྱུགས་ཤིང་། ཁ་ནང་ནས་འཕྲོར་འཕྲོར "སྲོག་སྐྱོབས་ཡ། སྲོག་སྐྱོབས། འདྲེ་འདུག་་་་འདྲེ་འདུག་་་"ཅེས་སྐད་ཅོར་བརྒྱབ་ཀྱང་། སུ་གཅིག་ཀྱང་མ་ཐོན།
  རྣམ་སྐྱིད་ཀྱང་སྐྲག་ནས་འགུལ་མ་ཕོད། འཁུན་སྒྲ་སྒྲོག་མཁན་དེ་མདུན་དུ་མ་ཡོང་ལ་རྒྱབ་ཏུ་ཡང་མ་སོང་། ཁོས་འཁུན་སྒྲའི་བར་ནས"རྣམ་་་སྐྱིད་་་"ཅེས་སྒྲོག་གིན་འདུག སྐད་དེ་གོ་མ་ཐག་རྣམ་སྐྱིད་ཀྱིས་མགོ་བོ་མྱུར་གྱིས་བཀྱག ཁོ་མོས་དེ་ནི་རྡོ་རྗེ་ཡི་སྐད་ཡིན་པ་རྟོགས། ཡིན་ནའང་། མིག་མདུན་གྱི་འཁུན་སྒྲ་འབྱིན་མཁན་འདི་རྡོ་རྗེ་རེད་ཟེར་ན་སུ་ཞིག་གིས་བདེན་དུ་འཛིན། ཁོའི་གདོང་ཡོངས་སྔོན་པོ་རེད། མིག་རྡོ་མེད་པའི་མིག་ཀོང་ལས་ཁྲག་བཞུར་གྱིན་འདུག ལག་པ་གཉིས་ཁྲག་གིས་ཤན་འདུག ཁོ་མོས་དལ་གྱིས་ལྟ་དུས། དེ་ནི་དངོས་གནས་རྡོ་རྗེ་ཡིན་པ་འདྲ། ནངས་མོ་དེར་རྡོ་རྗེ་ཕྱི་ལ་ཁོ་མོར་ནང་ཟས་ཉོ་རུ་འགྲོ་སྐབས་ལྭ་བ་འདི་གོན་ཡོད།
   ཁོ་མོས "ཁྱོད་ཡིན་ནམ། རྡོ་རྗེ"ཞེས་དྲིས།
  "••••••"ཕར་ཕྱོགས་ནས་ཅིའང་མ་བཤད།
  "ཁྱོད་ཀྱིས་ཤོད་དང་། ཁྱོད་ངའི་རྒད་པོ་རྡོ་རྗེ་ཡིན་ནམ། ཁྱོད་ཀྱིས་ང་ལ་ཤོད་དང་། ཁྱོད་ཤི་སོང་བ་ཡིན་ནམ"ཞེས་འདྲི་ཞོར་ངུ་ལ་ཤོར།
  "རྣམ་་་སྐྱིད་་་།"ཕར་ཕྱོགས་ནས་འདི་ལྟར་གསལ་ལ་མ་གསལ་བ། འཁུན་སྒྲ་དང་འགྲོགས་ནས་བཤད་པས། རྣམ་སྐྱིད་ཀྱིས་མགོ་བོ་བསྒུར་ནས་ངུས། ཁོ་མོས"ངས་ཁྱོད་ཤི་སོང་བའི་སྨོན་ལམ་བཏབ་མྱོང་ཡང་། དེ་ནི་ཁྱོད་ཀྱིས་ང་རང་ཁེར་མོ་མལ་ཁང་དུ་བཞག་ནས། ཁྱོད་རང་དཔེ་ཁང་དུ་འགྲོ་སྐབས་བཏབ་པ་ཡིན། ངེད་གཉིས་མཉམ་དུ་བསྡད་ནས་ལོ་ལྔ་ཙམ་འགོར་གྱིན་ཡོད་རུང་། ཁྱོད་ཀྱིས་དུས་རྒྱུན་ང་རང་པང་དུ་བཟུང་ནས་གཅེས་གཅེས་བྱས་མ་མྱོང་། དེ་ལས་ལྡོག་སྟེ། ང་ལ་དུས་རྒྱུན་སྒོར་མོ་སྟེར་ཞིང་ཅ་ལག་ཉོས། དོན་ངོ་མས་ང་ལ་དགོས་པ་ནི་ཁྱོད་ཡིན། ཁྱོད་ཀྱི་སེམས་ཁུར་ཡིན། ཡིན་ནའང་། ་་་ཨུན་་་ཨུན་་་"ཞེས་མིག་ཆུ་དང་སྣ་ཆུ་འདྲེས་ནས་དེ་ལྟར་ངུས། དེ་ལྟར་བཤད།
  རྡོ་རྗེ་སྲ་མཁྲེགས་ཆེ་བའི་སྒོ་ནས་ཁོ་མོའི་འགྲམ་ལ་ཅུང་ཙམ་བཅར་ནས "རྣམ་་་སྐྱིད་་་། རྣམ་་་སྐྱིད་་་"ཅེས་ཡང་ཡང་བརྡོལ།
  རྣམ་སྐྱིད་ནད་ཁྲིའུ་ལས་བབས་ནས་རྡོ་རྗེ་ལ་འཁྱུད་འདོད་ཀྱང་། རྡོ་རྗེ་ཨུ་ཚུགས་ཆེ་བའི་སྒོ་ནས་ཕྱི་ལ་དལ་གྱིས་བཀྱེད། རྣམ་སྐྱིད་ཀྱིས་སྔར་ལས་ཆེ་བའི་སྐད་བཀྱག་ནས་ངུས། ཁོ་མོས"ཁྱོད་རང་ང་ལ་བཙོག་སྐྱེས་པ་ཨེ་རེད། ང་རྒྱ་མཚོ་དང་ཉལ་དོན་ཁྱོད་ཀྱིས་ང་རང་གཅེས་སུ་འཛིན་ཆེད་ཡིན། ཡིན་ནའང་། ཁྱོད་ལ་ནམ་ཡང་ཁྱོད་ཀྱི་ཡིག་ཉོག་དེ་ཚོ་ལས་ཅིའང་མི་དགོས"ཞེས་བཤད་ཀྱང་། རྡོ་རྗེ་ལ་གྲག་འགུལ་མེད་པར་ལངས་ནས་འདུག་ཅིང་། སྐབས་སྐབས་སུ "རྣམ་་་སྐྱིད་་་"ཅེས་པའི་སྒྲ་རེ་འབྱིན་འོངས། སྐབས་ཤིག་རྣམ་སྐྱིད་ཀྱིས་སྣམ་བུ་གོན་རྗེས་ངུ་མཚམས་བཞག དེ་ནས་མགོ་སྔས་རྡོ་རྗེའི་ཕྱོགས་སུ་གཏད་ནས་བློ་སེམས་བདེ་ལ་བབས་ཏེ་གཉིད་དུ་ཡུར།
  ཕྱིར་ཉིན་ཁོ་མོ་འུར་ཟིང་ཞིག་གི་ཁྲོད་ནས་གཉིད་ལས་སད་སོང་། ཁོ་མོ་དལ་གྱིས་སྒོ་ཁར་བུད་ནས་འགྲོ་དུས། བར་ཁྱམས་ཀྱི་སྣེ་མོར་ནད་གོས་གོན་པའི་མི་མང་པོ་རུབ་ཀྱིན་འདུག ཁོ་མོ་ཕར་སོང་ནས་ལྟ་དུས། མི་མང་གི་དཀྱིལ་དུ་གཅེར་བུར་ཡོད་པའི་སྐྱེས་པ་ཞིག་ཤི་འདུག ཁོའི་ལུས་པོ་ཡོངས་སྔོན་པོར་གྱུར་འདུག་ལ། ཤི་སྟངས་ཧ་ཅང་ཡ་ང་བ་ཞིག་རེད། ཁོ་མོས་གཞི་ནས་མདང་དགོང་བྱུང་བའི་དོན་དག་དྲན་ཞིང་མྱུར་གྱིས་ནད་ཁང་ལ་ལོག་དུས། ནད་ཁང་དུ་རྡོ་རྗེའི་གྲིབ་མ་ཙམ་ཡང་མཐོང་མ་ཐུབ།  བར་ཁྱམས་དུ་ཤི་བའི་མི་དེ་ནི་ཁོ་མོར་ཐུབ་ཚོད་བྱས་པའི་མི་དེ་རེད། མི་དེ་བདེན་པ་ཡིན་ཚེ། མདང་དགོང་མཐོང་བའི་རྡོ་རྗེ་ཡང་བདེན་པ་རེད། འོན་ཀྱང་། ད་ལྟ་ཁོ་རང་གང་དུ་སོང་བ་ཡིན་། མ་གཞི་མདང་དགོང་རྡོ་རྗེ་ཡིས་ཁོ་མོར་ཐུག་ཏུ་མི་འཇུག་དོན་ནི་ཁོ་མོ་ལ་བཙོག་སྐྱེས་པ་མ་ཡིན་པར། ཁོ་མོ་ལ་གནོད་སྐྱེལ་མ་འདོད་པས་ཡིན་འདུག
  "འདི་ཡོད་ཚད་རྨི་ལམ་དང་ཅི་འདྲའི་མཚུངས་ཨང་། གལ་ཏེ་ནངས་མོ་དེར་རྡོ་རྗེ་མོ་ལ་ཞོགས་ཟས་ཉོ་རུ་སོང་མེད་ཚེ། དོན་ངན་འདི་འབྱུང་མི་སྲིད་ལ། དོན་ངན་འདི་མ་བྱུང་ན། མོ་དང་རྡོ་རྗེ་གཉིས་ད་ལྟ་བདེ་མོ་འཚམས་པོ་བྱས་ནས་ཁྱིམ་དུ་བསྡད་ཡོད་སྲིད།" ཁོ་མོས་དེ་ལྟར་དྲན་ཞོར་མིག་ཆུ་ཤོར།


ལྔ།
  རྡོ་རྗེ་གསོད་མཁན་གྱི་མི་དེའི་མིང་ལ་ཀུན་དཔལ་ཟེར། ཁོ་ནི་མིའུ་གྲོང་ཁྱེར་གཡུ་འབྲུག་ནག་ཚོགས་ཀྱི་ཚོགས་གཙོ་ཡིན། ནག་ཚོགས་དེས་མིའུ་གྲོང་ཁྱེར་གྱི་མཚན་མོའི་འཚོ་བ་ལ་དབང་བསྒྱུར་ནས་ཡོད། ཁོ་ཚོ་རྩ་ཁྲིམས་ཀྱི་བར་གསེང་ལ་འཛུལ་ནས་མིའུ་གྲོང་ཁྱེར་གྱི་སྣེ་མང་པོར་ཁྲིམས་འགལ་གྱི་ལས་ཀ་སྒྲུབ་ཀྱིན་ཡོད། རྡོ་རྗེ་དང་གྲོགས་པོ་འགས་ལྐོག་ནས་ཁོ་ཚོའི་སྤྱོད་ངན་དེ་དག་ཐེར་འདོན་བྱེད་པའི་དཔེ་ཆ་ཞིག་འབྲི་བཞིན་ཡོད་ཀྱང་། ཁོ་ཚོའི་ཁྲོད་ཀྱི་གྲོགས་པོ་གཅིག་ནག་ཚོགས་པའི་ལག་ལ་ཤོར་ནས་ལས་གྲོགས་ཚང་མ་ཁོ་ཚོར་བཤད། དེའི་རྐྱེན་གྱིས་ཀུན་དཔལ་གྱིས་ལྐོག་ནས་རྡོ་རྗེ་དང་ཁོའི་ལས་གྲོགས་ཚོ་བཙལ་ནས་དཔེ་ཆ་དེ་རྙེད་ཐབས་བྱེད་ཀྱིན་ཡོད། ཡིན་ནའང་། དཔེ་ཆ་དེ་རྡོ་རྗེ་ཡིས་གང་ཞིག་ཏུ་སྦས་ཟིན་པས། ཁོའི་ལས་གྲོགས་ཚོས་མཐའ་གཅིག་ཏུ་རྡོ་རྗེའི་སར་ཡོད་པ་ཁས་བླངས་ཀྱང་། རྡོ་རྗེ་ལ་མནར་གཅོད་ཅི་འདྲ་བྱས་ཀྱང་མ་སྤྲད་པས་ཀུན་དཔལ་གྱིས་ཡང་གཅིག་བྱས་ན་རྡོ་རྗེ་བསད་བཞག་ན་དཔེ་ཆ་དེ་ཡང་མེད་པར་བུད་འགྲོ་སྙམ་ནས་རྡོ་རྗེ་བསད་པ་རེད། འོན་ཀྱང་། རྡོ་རྗེ་ཤི་ནས་ཉིན་གཉིས་འགོར་དུས་ཉེན་རྟོག་པས་རྡོ་རྗེའི་ཆུང་མ་སྟེ། མིང་ལ་རྣམ་སྐྱིད་ཟེར་བ་ཞིག་འཚོལ་གྱིན་པ་ཀུན་དཔལ་གྱིས་མྱུལ་མ་བརྒྱུད་ནས་ཤེས། དེར་བརྟེན། མཐར་ཀུན་དཔལ་གྱིས་རྣམ་སྐྱིད་དབང་རྩའི་སྨན་ཁང་དུ་ཡོད་པ་རྟོགས།
  མཚན་མོ་དེར་ཀུན་དཔལ་གྱིས་སྟོབས་པོ་ཆེ་གསུམ་མངགས་ནས་དབང་རྩའི་ནད་ཁང་གི་རྣམ་སྐྱིད་འཛིན་དུ་མངགས།
  མཚན་མོའི་ཆུ་ཚོད་བཅུ་གཉིས་པ་ཡས་མས་ལ་ཐོན་དུས། སྟོབས་པོ་ཆེ་གསུམ་གྱིས་མིག་དང་ཁ་ལས་མི་མཐོང་བའི་ཞྭ་མོ་གསུམ་གོན་ཞིང་སྨན་ཁང་ནང་གི་ལས་མི་ཞིག་གི་ནང་འབྲེལ་ལ་བརྟེན་ནས་སྨན་ཁང་དུ་འཛུལ། རྣམ་སྐྱིད་ཀྱི་ནད་ཁང་ཐོག་བརྩེགས་གསུམ་པར་ཡོད་ཅིང་ཁོ་མོ་སྔ་མོ་ནས་གཉིད་དུ་ཡུར་ཟིན། སྨན་ཁང་གི་ལས་མིས་སྟོབས་པོ་ཆེ་གསུམ་ལ་སྒོ་ཕྱེས་རྗེས་རང་གི་མལ་ཁང་དུ་བུད་སོང་། སྟོབས་པོ་ཆེ་དག་མྱུར་སྟབས་ཀྱིས་ཐོག་བརྩེགས་གསུམ་པར་བསྐྱོད། ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གིས་ཁུག་མ་ནག་པོ་ཆེན་པོ་ཞིག་བཟུང་མོད་ཅིང་། གཅིག་གི་ལག་ཏུ་ཐག་པ་རིང་པོ་ཞིག་བཟུང་ཡོད། དེ་མིན་གཅིག་གི་ལག་ཏུ་དབྱུག་དུམ་ཞིག་བཟུང་འདུག
  ཁོ་ཚོ་རྣམ་སྐྱིད་ཀྱི་ནད་ཁང་དུ་སླེབས་དུས། རྣམ་སྐྱིད་ཀྱིས་སྔུར་བ་ཆུང་ཆུང་ཞིག་འཐེན་གྱིན་འདུག སྟོབས་པོ་ཆེ་གཅིག་གིས་ཁོ་མོའི་མགོ་ལ་དབྱུག་པས་ཐེངས་གཅིག་གཞུས་པས། ཁོ་མོའི་སྔུར་བ་དེ་མ་ཐག་མེད་པར་གྱུར་སོང་། གཞན་སྟོབས་པོ་ཆེ་ཞིག་གིས་ཁོ་མོ་ཡར་བཀྱགས་ནས་ཁུག་མ་ནག་པོར་བཅུག དེ་མིན་གཞན་པ་དེས་ཁུག་མའི་ཁ་ཐག་པས་བསྡམས་ཤིང་དེ་མ་ཁད་རྒྱབ་ཏུ་ཁུར། ཁོ་ཚོས་ནད་ཁང་དུ་འཛུལ་བ་དང་རྣམ་སྐྱིད་ཁུག་མར་བཅུག་པའི་བར་སྐར་མ་གཅིག་ཙམ་ལས་མ་ཐོགས་པས། དེ་ལས་ཁོ་ཚོ་དུས་རྒྱུན་ལས་ཀ་འདི་དག་སྒྲུབ་ཏུ་འགྲོ་བཞིན་པ་ཤེས་ཐུབ།
  ཁོ་ཚོ་སྨན་ཁང་གི་སྒོ་ཁར་སླེབས་དུས། སྒོ་ཁར་གྲིབ་མ་ནག་པོ་ཞིག་མཐོང་། སྟོབས་པོ་ཆེ་གཅིག་གིས་དབྱུག་དུམ་བཟུང་ནས་སྔུན་ལ་ཐོན་དུས། གྲིབ་མ་ནག་པོ་དེ་ཁོ་ཚོའི་ཕྱོགས་སུ་ཚུར་ཡོང་།
  གྲིབ་མ་ནག་པོ་དེ་ཁོ་ཚོའི་དྲང་ཐད་དུ་ཐོན་ཞིང་། ཁོ་ཚོའི་སྔོན་བཀག་སོང་། གྲིབ་མ་ནག་པོ་དེས་ཀྱང་ཞྭ་ནག་པོ་ཞིག་གོན་འདུག མི་དེ་གློ་བུར་དུ་འགྲོ་མཚམས་བཞག་ནས"སྡོད། ཁྱོད་ཚོ་གང་དུ་འགྲོ་འདོད། གར་ཡང་འགྲོ་མི་ཆོག"ཅེས་བཤད།
  སྟོབས་པོ་ཆེ་གཅིག་གིས་བྱང་ཆ་ཆེ་བའི་སྒོ་ནས་དབྱུག་པ་གནམ་ལ་འཕྱར་ནས་རྒྱག་གྲབས་བྱེད་དུས། གཞན་ཞིག་གིས་བཀག་འགོག་བྱས། ཁོས་མི་དེར་མཛུབ་གུ་བཙུགས་ནས "ཁྱོད་ཀྱིས་ལྟོས་དང"ཞེས་བཤད་པ་ན། ཁོ་ཚོས་གཞི་ནས་མི་དེས་ལུས་སྨད་ལ་གསང་དོར་དམར་བོ་ཞིག་ལས་གོན་མེད་པ་མཐོང་། ཁོ་ཚོ་མི་དེ་ལ་བཀྱེད་ནས་སྒོ་ཁར་བུད་ནས་འགྲོ་དུས། མི་དེ་སླར་ཡང་ཁོ་ཚོའི་རྗེས་སུ་བརྒྱུགས་ནས"འགྲོ་མི་ཆོག་ཟེར་བ་མ་ཐོས་སམ། མི་འདི་འདྲ་ཆེན་པོ་གསུམ་ལ་རྣ་བ་སྐྱེས་མེད་པ་མ་རེད་དམ"ཞེས་བཤད། ཁོ་ཚོས་ཁོ་ལ་ཁ་ཡ་མ་བྱས་པར་མུ་མཐུད་དུ་སྒོ་ཆེན་ཕྱོགས་སུ་སོང་།
  ཡིན་ནའང་། མི་དེས་སླར་ཡང་སྐད་ཆེན་པོས "མི་ཤོག་ཡ། མི་ཤོག ནད་པ་གསུམ་ཕྱི་ལ་འབྲོ་བཞིན་འདུག"ཅེས་སྐད་ཅོར་བརྒྱབ་པས། སྟོབས་པོ་ཆེ་གཅིག་གིས་དེ་མ་ཁད་དབྱུག་དུམ་གནམ་ལ་བཀྱག་ནས་མི་དེའི་མགོ་ལ་ཤེད་ཀྱིས་ཐེངས་གཅིག་གཞུས་པས། མི་དེ་དེ་མ་ཐག་ས་ལ་འགྱེལ་སོང་། ཁོའི་མགོ་བོའི་མཚམས་ཀྱི་ཨར་འདམ་སྟེང་དུ་ཁྲག་བཞུར་བྱུང་། སྟོབས་པོ་ཆེ་གཅིག་གིས་མི་དེའི་མགོ་ལ་ཡང་བསྐྱར་ཞེ་ནད་མ་སེལ་བའི་ཚུལ་གྱིས་དབྱུག་དུམ་ཐེངས་འགའ་གཞུས་རྗེས། གཞི་ནས་བློ་སེམས་བདེ་བའི་ངང་ནས "ད་འགྲོ "ཞེས་བཤད་རྗེས། ཁོ་ཚོ་ཚང་མ་གནས་དེ་ནས་ཁ་བྲལ།
  ཕྱིར་ཉིན་དབང་རྩའི་སྨན་ཁང་ནས་མཚན་གཅིག་ལ་ནད་པ་གཅིག་མི་མཐོང་བར་གྱུར་བ་དང་། ནད་པ་གཅིག་གཞན་གྱིས་དམར་གསོད་བྱས་པས་སྔ་མོ་ནམ་གསལ་མ་ཐག་ཉེན་རྟོག་པ་སྨན་ཁང་གི་སྒོ་རར་སླེབས།  
  མགོ་དཔོན་ཐུབ་བསྟན་གྱིས་སྨན་ཁང་གི་གླིང་གཙོ་ལ"བོར་སོང་བ་དེ་སུ་རེད"ཅེས་དྲིས།
  གླིང་གཙོ་རྟ་མགྲིན་གྱིས "ཚེས་བདུན་གྱི་དགོང་མོར་ཉེན་རྟོག་ཁང་ནས་བསྐྱལ་ཡོང་བ་དེ"ཞེས་བཤད།
  ཐུབ་བསྟན་གྱིས"ཚེས་བདུན་གྱི་ནུབ་མོར་ལས་རེས་པ་སུ་རེད"ཅེས་ཉེན་རྟོག་པ་ཞིག་ལ་དྲིས།
  ཡེ་ཤེས་ཀྱིས་འདྲ་པར་རྒྱག་མཚམས་བཞག་ནས"ང་རེད"ཅེས་བཤད།
  "ཁོ་མོའི་མིང་ལ་ཅི་ཟེར"
  "ངས་མ་དྲིས"
  "ཁོ་མོའི་མིང་ལ་ཅི་ཟེར།"རྒྱ་མཚོ་རྟ་མགྲིན་ཕྱོགས་སུ་འཁོར་ནས་དེ་ལྟར་དྲིས།
  "ཧ་མ་གོ ཁྱོད་ཚོ་ཉེན་རྟོག་ཁང་ནས་བསྐྱལ་བས་མིང་མ་དྲིས། གཅིག་བཤད་ན་ནད་པ་ཞིག་ལ་ཅི་ཞིག་དྲིས་ཀྱང་ཤེས་མི་སྲིད།"རྟ་མགྲིན་གྱིས་དེ་ལྟར་བཤད།
  "དེ་ཁྱོད་ཚོའི་སྨན་ཁང་གི་ནད་པ་མིན་ནམ"
  "ག་ལ་ཡིན། ཁྱོད་ཚོས་ཁ་པར་བཏང་ཡོང་བ་མིན་ནམ"
  ཐུབ་བསྟན་ཕྱིར་འཁོར་ནས "དེས་ན་ཁྱོད་ཀྱིས་ཁོ་མོ་ནད་པ་ཡིན་པ་ཇི་ལྟར་ཤེས"ཞེས་ཡེ་ཤེས་ལ་དྲིས།
  ཡེ་ཤེས་ཀྱིས"ཁོ་མོའི་སྐད་ཆ་བཤད་སྟངས་ནད་པ་ཞིག་དང་གཅིག་འདྲ་རེད"ཅེས་བཤད།
  "ཁོ་མོས་ཅི་ཞིག་བཤད་སོང"
  "ཁོ་མོས་ཟེར་ན། ཁོ་མོས་འདྲེ་མཐོང་སོང"
  "སྒུག་དང་། ཅི་ཟེར། འདྲེ་མཐོང་སོང་། འདྲེ་ཅི་འདྲ་ཞིག"
  "ཁོ་མོས་ཟེར་ན། གདོང་ཡོངས་སྔོན་པོ་ཡིན་ཞིང་། མིག་ནང་ནས་ཁྲག་བཞུར་གྱིན་འདུག དེས་མི་ཚད་ལུས་ཡོངས་ཁྲག་གིས་ཤན་འདུག"
  "ཧ་ཧ། ནད་པ་ཡིན་པ་གཏན་འཁེལ་རེད། གཅིག་བྱས་ན་ནད་པ་དེས་མི་འདི་བསད་རྗེས་བྲོས་སོང་བ་ཡིན་སྲིད། དབང་རྩའི་ནད་པ་འདི་ཚོས་མི་ལས་དགུ་ལས་བྱེད། ཡིན་ནའང་། རྩ་ཁྲིམས་ཀྱིས་ཁོ་ཚོར་ཁྲིམས་ཆད་བྱ་ཐབས་མེད།"རྟ་མགྲིན་གྱིས་མེ་མ་བསྒོས་པའི་ཐ་མག་ཅིག་སོ་བར་ལ་གཅུར་ནས་དེ་ལྟར་བཤད་ཀྱང་། ཐུབ་བསྟན་དེ་མ་ཁད་གནས་དེ་དང་ཁ་བྲལ་ནས་མིའུ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་ཕྱོགས་སུ་བརྒྱུགས།
  ཐུབ་བསྟན་སྨན་ཁང་དུ་སླེབས་དུས། རྒྱ་མཚོ་གཉིད་དུ་ཡུར་འདུག ཁོ་ཕར་བརྒྱུགས་ནས་རྒྱ་མཚོའི་འགྲམ་པར་འགྲམ་ལྕག་གཞུ་ཞོར "ཝེ། ཡར་ལོངས། མགྱོགས་པོར་ཡར་ལོངས"ཞེས་བཤད།
   རྒྱ་མཚོ་གཉིད་མ་སད་ཀྱི་ངང་ནས་འཚབ་འཚུབ་ཀྱིས"ཨ་་་། ཅི་ཞིག ཅི་ཞིག"ཅེས་བཤད་ཞོར་མགོ་བོ་ཡར་བཀྱགས་ནས་བལྟས། ཁོས་མིག་གདུན་གྱི་མི་དེ་ནི་ཐུབ་བསྟན་ཡིན་པ་ཤེས་རྗེས"ཧེ། ཨ་ཕ། ཁྱོད་ཡིན་ནམ། ཁྱོད་ཀྱིས་འདི་འདྲ་སྔ་མོ་ཞིག་ལ་ང་མལ་ལས་བསླངས་ནས་དོནདག་ཅི་ཞིག་ཡོད"ཅེས་དྲིས།
  "ངས་ཁྱོད་ལ་འདྲི། ཁྱོད་ཀྱིས་ཁར་ཉིན་འདྲེ་མཐོང་སོང་ཟེར་བ་ངོ་མ་ཡིན་ནམ"
  "ལོས་ཡིན། ལོས་ཡིན"
  "འདྲེ་ག་འདྲ་ཞིག་རེད"
  "ཁ་ངོ་ཡོངས་སྔོན་པོ་རེད། མི་ཤི་བོ་ཞིག་གི་ཁ་ངོ་དང་ཤིན་ཏུ་འདྲ། མིག་ཀོང་ན་མིག་རྡོ་མེད་ཀྱང་ཟུངས་ཁྲག་ཆད་མེད་དུ་བཞུར། ད་རུང་ལག་མགོ་ན་མཛུབ་གུ་གཅིག་ཀྱང་མི་འདུག "
  "ད་རུང་སུས་མཐོང་ཡོད"
  "ད་རུང་་་། ཨུ་་་"
  "མགྱོགས། དྲང་མོར་ཤོད། ངའི་བུ་མོ་ཁྱོད་གཉིས་ཀྱི་དོན་དག་རྗེས་ནས་བཤད"
  "ཨུམ་་་། རྣམ་སྐྱིད་ཀྱིས་ཀྱང་མཐོང་ཡོད་སྲིད། ཁོ་མོས་ཨག་སྐད་ཅིག་བརྒྱབ་ནས་མི་མཐོང་བར་གྱུར་སོང"
  "མགྱོགས། མགྱོགས། ཡར་ལོངས། ངས་ཁྱོད་ཉེན་རྟོག་ཁང་ནས་སྒུག "ཐུབ་བསྟན་གྱིས་དེ་ལྟར་བཤད་མ་ཐག་ཕྱིར་འཁོར་ནས་སྨན་ཁང་གི་སྒོ་ཕྱིར་བུད། ཁོས་རླངས་འཁོར་སྐོར་གྱིན"རྒྱ་མཚོས་འདྲེ་མཐོང་སོང་ཟེར། བུད་མེད་དེས་ཀྱང་འདྲེ་མཐོང་སོང་ཟེར། བུད་མེད་དེ་རྣམ་སྐྱིད་ཡིན་ན། རྣམ་སྐྱིད་ཀྱི་རྒད་པོ་སུ་ཞིག་ཡིན། ཁོ་མོར་རྒད་པོ་མེད་པ་ཡིན་ནམ། ཁོ་ཚོས་མཐོང་བའི་འདྲེ་དང་དབང་རྩའི་སྨན་ཁང་གི་བར་ལ་དོན་དངོས་འབྲེལ་བ་ཅི་ཞིག་ཡོད"ཅེས་དྲན།
  ཉེན་རྟོག་ཁང་ལ་སླེབས་རྗེས་ཐུབ་བསྟན་གྱིས་མྱུར་མོར་ཚོགས་འདུ་བསྡུས། ཁོས་མཛུབ་གུའི་བར་ལ་སྙུག་གུ་སེར་བོ་ཞིག་གཅུར་ནས "ཡེ་ཤེས། ཁྱོད་སོང་ནས་རྣམ་སྐྱིད་ལ་རྒད་པོ་ཡོད་མེད། ཡོད་ན་མིང་ལ་ཅི་ཟེར་བ་དང་ལས་རིགས་ཅི་ཞིག་ཡིན་པ་རྩད་ཆོད་ཅིག རིག་དར། ཁྱོད་སོང་ནས་དབང་རྩའི་སྨན་ཁང་གི་གློག་མིག་ལ་བལྟས་ནས། ཚེས་བདུན་གྱི་ནུབ་མོ་སྨན་ཁང་དུ་བསྐྱལ་བའི་བུད་མེད་དེ་རྣམ་སྐྱིད་ཡིན་མིན་ལྟོས། རྒྱ་མཚོ། ཁྱོད་སོང་ནས་སྨན་ཁང་ཉེ་འཁོར་གྱི་གློག་མིག་དག་ལས་ཁ་སང་དགོང་མོའི་བརྙན་བཙལ་ནས། མདང་དགོང་སྨན་ཁང་ལ་དོན་དངོས་ཅི་ཞིག་བྱུང་བ་རྟོགས། འཕྲིན་ལས། ཁྱོད་སོང་ནས་ཁ་སང་སྔ་མོར་ཤི་བའི་མི་དེ་དང་། ད་ནངས་གཞན་གྱིས་བསད་པའི་མི། ད་དུང་མདང་དགོང་གར་སོང་ཆ་མེད་དུ་གྱུར་བའི་བུད་མེད་དེ་དག་གི་བར་ལ་འབྲེལ་བ་ཅི་ཡོད་ལྟོས། ངེས་པར་དུ་རང་རང་གི་ས་ནས་རྩད་གཅོད་ནན་མོ་བྱེད་དགོས། ལྷོད་གཡེང་སྤུ་རྩེ་ཙམ་ཡང་བྱ་མི་ཆོག"ཅེས་ལས་བསྒོ་བྱས།


དྲུག
  རྣམ་སྐྱིད་འཁྱག་ཤུར་ཤུར་གྱི་ཁྲོད་ནས་བརྒྱལ་བ་ལས་སད་དུས། མིག་མདུན་ན་མི་སྟོབས་པོ་ཆེ་ཞིག་གིས་ཆུ་ཟེའུ་ནག་པོ་ཞིག་ས་ལ་འཇོག་གིན་འདུག ཁོ་མོས་ཅི་ཞིག་བྱུང་སོང་སྙམ་ནས་ཕར་ཚུར་ལྟ་དུས། ཆུ་ཟེའུ་ས་ལ་འཇོག་པའི་སྟོབས་པོ་ཆེ་དེའི་ཕར་ཕྱོགས་ན་ད་རུང་སྟོབས་པོ་ཆེ་འགའ་ལངས་ནས་འདུག དེ་དག་གི་ཟུར་ན་མི་ཞིག་ནེམ་ཁྲིའུ་དཀར་པོ་ཞིག་གི་སྟེང་དུ་བསྡད་འདུག གཟབ་ཀྱིས་བལྟ་དུས། མི་དེའི་ཁ་ངོ་ཕྱེད་ཀ་རྨ་ཤུལ་གྱིས་ཁེངས་འདུག
  ཁོ་མོ་ཡར་ལ་ལངས་འདོད་ཀྱང་། ལུས་པོ་དམ་པོར་བྱས་ནས་ཤིང་གི་རྐུབ་སྟེགས་ཤིག་ལ་བཀྱིག་འདུག
  རྣམ་སྐྱིད་ཀྱིས་རྐུབ་སྟེགས་ཐོག་ནས་འཕག་འཚག་བྱེད་དུས། གདོང་ན་རྨ་ཤུལ་ཡོད་པའི་མི་དེ་ཡར་ལངས་ཤིང་ཁོ་རང་གི་མཆན་ཁུག་ནས་ལག་རས་དཀར་པོ་ཞིག་ཡར་བླངས་ནས་རྣམ་སྐྱིད་ཀྱི་གདོང་དུ་བཞུར་བའི་ཆུ་དག་འབྱིད་ཞོར"མ་གཞི་མཛེས་མ་ཞིག་རེད་འདུག རྡོ་རྗེ་ལྟ་བུའི་དཔེ་ཆ་བ་གླེན་པ་ཞིག་ལ་ཁྱོད་ལྟ་བུའི་སྒེག་མ་ཞིག་མ་འཚམ་པ་བདེན་པ་རེད"ཅེས་བཤད།
  རྣམ་སྐྱིད་ཀྱིས་ཅི་ཡིན་ཆ་མ་འཚལ་བར "ཁྱོད་ཚོ་སུ་ཡིན། ང་གང་ན་ཡོད། ཁྱོད་ཚོས་ང་འདི་ལྟར་བཀྱིག་ནས་ཅི་བྱེད"ཅེས་དྲིས།
  མི་དེའི་རྨ་ཤུལ་གྱིས་ཁེངས་བའི་ངོ་གདོང་རྣམ་སྐྱིད་ཀྱི་རྣ་བ་གཡས་པའི་ཕྱོགས་སུ་བཅར་ནས"ངས་ཁྱོད་ཚོ་ལ་བཤད། ང་ཚོ་མི་བཟང་པོ་འགའ་ཡིན། ཁྱོད་གྲོང་ཁྱེར་འདིའི་ཆེས་བདེ་ཞིང་འཇགས་པའི་གནས་ན་ཡོད། དེ་ལས་ང་ཚོས་ཁྱོད་ལ་ཅིའི་ཕྱིར་འདི་ལྟར་བྱེད་དགོས་དོན། ཁྱོད་ཀྱིས་རང་གི་རྒད་པོ་རྡོ་རྗེ་ལ་དྲིས་ན་འགྲིག ཨོ།  ཁྱོད་ཀྱི་རྒད་པོ་ལ་འདྲི་ཐབས་མེད། དེ་བས་ང་ཚོས་ཁྱོད་ལ་ཅི་ཞིག་དྲིས་ན་དེ་ལྟར་དྲང་བཤད་བྱས་ན་འགྲིག་ཡོད"ཅེས་བཤད།
  "ཁྱོད་ཀྱིས་ངའི་རྒད་པོ་ཅིའི་ཕྱིར་ངོ་ཤེས་པ་ཡིན། ཁོ་གསད་མཁན་ཁྱོད་ཚོ་ཡིན་ནམ། གདོན་འདྲེ་ཁྱོད་ཚོ་ཤི་རྗེས་དམྱལ་བར་ལྷུང་བར་ཐེ་ཚོམ་མེད"
  "ཧ་ཧ། དམྱལ་བ། དམྱལ་བ་ནི་མི་གླེན་པ་ཚོར་འཇིགས་སྐུལ་བྱ་ཆེད་བཤད་པ་ཙམ་རེད། ཡང་གཅིག་བཤད་ན། ང་དམྱལ་བར་ཁྲིད་ནུས་མཁན་ཞིག་ཡོད་ན་དེ་ནི་ང་རང་ཡིན"
  "ཕེ་ཕེ། གདོན་འདྲེ་ཁྱོད་ཚོས་ངའི་རྒད་པོའི་སྲོག་ཚབས་སྐྱིན་དགོས"
  "མཛེས་མ་ལོ་ལོ། ཁོང་ཁྲོ་མ་ལངས། ཁྱོད་ཀྱིས་རྒད་པོས་སྟག་གི་རྔ་མ་ལ་འཇུས་པ་རེད། དེའི་ཕྱིར་ངས་ཁོ་གོ་ལ་འདི་ནས་བདའ་དགོས་སོང་། ད་ཁྱོད་ཀྱང་དེ་འདྲ་རེད། གལ་ཏེ་ཅ་ལག་དེ་གང་དུ་ཡོད་པ་དྲང་བཤད་བྱས་ན། ངས་ཁྱོད་མྱུར་དུ་གཏོང་ཆོག་པས་མ་ཚད། བྱ་དགའི་ཚུལ་དུ་ཁྱོད་ལ་ཁྲི་ཚོ་བརྒྱ་ཙམ་སྟེར་ཆོག ཁྱོད་ལྟ་བུ་གཞན་བརྟེན་གྱི་སྲིན་འབུ་ལྟ་བུར་མཚོན་ན། སྒོར་མོ་འདི་འདྲ་མང་པི་ཞིག་སེམས་ལ་དྲན་ཙམ་ཡང་བྱ་མི་ཕོད"
  "ཕེ་ཕེ། ངའི་རྒད་པོས་ཁྱོད་ཚོ་གཅིག་རེ་གཅིག་རེ་གསད་ངེས། འཇིག་རྟེན་འདི་ན་ལས་རྒྱུ་འབྲས་ཡོད་པ་བརྗེད་དུ་མ་འཇུག"ཅེས་བཤད་ཞོར་མི་དེའི་རྣ་བར་སོ་ཁམ་བཏབ་པས། མི་དེ་ཕྱིར་བཀྱེད་བྱས་ནས་སར་ལོག་སོང་།  དེ་མ་ཐག་སྟོབས་པོ་ཆེ་ཞིག་གིས་ས་ནས་ཡར་བསླངས་རུང་། ཁོའི་ངོ་གདོང་ཕྱེད་ཀ་དཀར་པོ་དང་ངོ་གདོང་ཕྱེད་ཀ་དམར་པོར་གྱུར་ནས་ཁོ་མོར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་རྗེས"གདོན་མོ་འདིའི་འདྲེ་སོ་དེ་དག་གཅིག་རེ་གཅིག་རེ་ཐོགས་ཤིག"ཅེས་བཤད་ནས་ནེམ་ཁྲིའུ་དཀར་པོ་དེའི་ཐོག་ཏུ་བསྡད་ཅིང་། ལག་པ་གཅིག་གིས་ཁྲག་བཞུར་གྱིན་པའི་རྣ་བ་བསྐྱོར།
  སྟོབས་པོ་ཆེ་གཉིས་ཕར་སོང་ནས་རྣམ་སྐྱིད་ཀྱི་སོ་དག་ཕུད་པར་རྩོམ་དུས་གློ་བུར་དུ་གློག་སྒྲོན་ཐམས་ཅད་ཀྱི་འོད་མེད་པར་གྱུར་སོང་།
  "ཅི་བྱུང་བ་རེད། སོང་ནས་མྱུར་མོར་ལྟོས་ཤིག"མུན་ནག་ཁྲོད་མི་དེའི་སྐད་མགོ་མཐོན་པོ་བཀྱག་ནས་དེ་ལྟར་སྨྲས།
  མུན་ནག་ཁྲོད་ཅིའང་མཐོང་མི་ཐུབ། ཡིན་ནའང་། ཐག་རིང་ནས་དལ་གྱིས་ཤི་ཁའི་མི་ཞིག་གི་འཁུན་སྒྲ་དང་འདྲ་བའི་འཁུན་སྒྲ་འཇིགས་སུ་རུང་བ་ཞིག་གྲག་བྱུང་། མི་དེའི་སྐད་སླར་ཡང་གྲག་བྱུང་།
  "ཅི་ཞིག་གི་སྒྲ་རེད། གློས་རྒན་ཁྱོད་ཚོས་ཅི་ཞིག་བྱེད་ཀྱིན་ཡོད"ཅེས་བཤད་ཀྱང་། སྟོབས་པོ་ཆེ་དག་གིས་ལག་འཕྲིན་བླངས་ནས་གློག་བཀར་འདོད་ཀྱང་། ཁོ་ཚོ་ཚང་མའི་གློག་སྒྲོན་བཀར་མ་ནུས། འཁུན་སྒྲ་དེ་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། མུན་ནག་ཁྲོད་རྣམ་སྐྱིད་སྐད་ཆེན་པོས་བགད་ནས"ཧ་ཧ། ཁྱོད་ཚོའི་ཚེ་ཚད་ལ་ཐུག་པ་རེད། ངའི་རྒད་པོས་ཁྱོད་ཚོ་གཅིག་རེ་གཅིག་རེ་བྱས་ནས་ཕྱི་མར་བདའ་སྲིད"ཅེས་བཤད་པ་ན། ཁོ་ཚོའི་ཁྲོད་ཀྱི་སྟོབས་པོ་ཆེ་གཅིག་ལ་འཚུབ་ཆ་འཁོར་ནས་མུན་ནག་ཁྲོད་དུ་མེ་མདའ་འཕངས། དེ་མ་ཐག་སྟོབས་པོ་ཆེ་གཞན་ཞིག་གིས་ཨག་སྒྲ་ཡ་མཚན་བསྒྲགས་པ་ལྷན་དུ་ས་ལ་འགྱེལ་བའི་སྒྲ་ལས་ཅིའང་ཐོས་མི་ཐུབ་པར་གྱུར།
  "ཕ་རོ་མ་རོ། སུ་རེད། གློས་རྒན་སུས་མེ་མདའ་བརྒྱབ་པ་རེད། སུ་གཅིག་གིས་ཀྱང་པེ་མདའ་རྒྱག་མི་ཆོག"ཁོ་ཚོའི་མགོ་དཔོན་གྱིས་གཤེ་གཤེ་གཏོང་ཞོར་དེ་ལྟར་སྨྲས།
  སྟོབས་པོ་ཆེ་དེ་མེ་མདའི་ཁ་ནས་ཤི་ནས་ཡུད་ཙམ་འགོར་རྗེས་འཁུན་སྒྲ་དེ་མེད་པར་གྱུར། ཁོར་ཡུག་གློ་བུར་དུ་ཤིན་ཏུ་ལྷིང་འཇགས་ལ་གྱུར།
  ཁོ་ཚོའི་མགོ་དཔོན་གྱིས "སྐྲག་རྒྱུ་ཅི་ཡོད། མི་གཉིས་སོང་ནས་དོན་དངོས་ཅི་ཞིག་བྱུང་འདུག་རྟོགས"ཞེས་བཤད་པས། ཁོ་ཚོའི་ཁྲོད་ཀྱི་མི་གཉིས་ལྐོག་ལྐོག་སུད་སུད་ཀྱིས་མདུན་དུ་འགྲོ་མགོ་བརྩམས། ཧ་ལམ་ཁོ་ཚོ་སོང་ནས་སྐར་མ་ལྔ་ཕམ་འགོར་དུས། མུན་ནག་གི་ཐག་རིང་ས་ཞིག་ནས་ཨག་སྐད་གཉིས་འཕྲོར་འཕྲོར་གྲག་ནས་འཇམ་སོང་། དེའི་རྐྱེན་གྱིས་ཁོ་ཚོའི་མགོ་དཔོན་ལ་ཡང་འཚུབ་ཆ་འཁོར་ནས་མུན་ནག་ཁྲོད་དུ་མེ་མདའ་འཕྲོར་འཕྲོར་འཕངས་བས། སྟོབས་པོ་ཆེ་གཞན་གཉིས་ཀྱང་ཁོའི་མེ་མདའི་འོག་ནས་ཚེ་སྲོག་ཤོར་ཞིང་། རྣམ་སྐྱིད་ཀྱི་ལག་གཡས་ལའང་མེ་མདའ་ཕོག་པས་ཨག་སྐད་ཤོར།
  "ཧ་ཧ། ཁྱོད་ལྷ་འདྲེ་གང་འདྲ་ཞིག་ཡིན་རུང་། རྣམ་སྐྱིད་སྐྱོབ་ཐབས་མེད།"མགོ་དཔོན་གྱིས་དེ་ལྟར་སྨྲས་རྗེས། སླར་ཡང་མེ་མདའ་ཕྱོགས་ཕྱོགས་ལ་གཏད་ནས་འཕྲོར་འཕྲོར་འཕངས། གློ་བུར་དུ་ཁོའི་སྐེ་ལ་ཅི་ཞིག་འབྱར་ནས་གནམ་ལ་བཀྱག་བྱུང་། ཁོའི་སྐེ་སྡོམ་མཁན་དེའི་ཤེད་ཤུགས་ཧ་ཅང་ཆེ། ཁོས་མྱུར་གྱིས་དབུགས་ལེན་མི་ཐུབ་པར་གྱུར་ནས་མེ་མདའ་ལག་ནས་ཤོར་སོང་། ཁོ་ཤི་མ་གསོན་གྱི་སྐབས་དེར་ཉེ་འཁོར་ནས་གློ་བུར་དུ་གློག་སྒྲོན་མང་པོ་ཕྱོགས་ཕྱོགས་ནས་བཀར་བྱུང་།
  རྣམ་སྐྱིད་ཨུ་ཚུགས་ཆེན་པོས་ཡར་ལངས་ནས་ཉེ་འཁོར་ལ་ལྟ་དུས། ཁོ་ཚོའི་མགོ་དཔོན་སྟེ་ཀུན་དཔལ་ས་ལ་འགྱེལ་འདུག དེའི་ཕར་ཕྱོགས་ན་ཉེན་རྟོག་པའི་མགོ་དཔོན་ཐུབ་བསྟན་གྱིས་སྣེ་ཁྲིད་པའི་ཉེན་རྟོག་པས་བསྐོར་འདུག ཀུན་དཔལ་གྱིས་དབུགས་ལེན་ཙམ་ཐུབ་དུས་མྱུར་གྱིས་མེ་མདའ་བཟུང་ནས་རྣམ་སྐྱིད་སྔུན་དུ་དེད་ཅིང་ཁོ་ནོའི་མགོ་བོར་མེ་མདའ་བཙུགས་ནས "ཚང་མའི་མེ་མདའ་ས་ལ་ཞོག དེ་མིན་ཚེ་ངས་ཁོ་མོ་གསད་རྒྱུ་ཡིན"ཞེས་བཤད། ཁོས་ཉེན་རྟོག་པར་འཇིགས་སྐུལ་བྱ་ཆེད་རྣམ་སྐྱིད་ཀྱི་བརླ་ཐོག་ལ་གཏད་ནས་མེ་མདའ་ཞིག་བརྒྱབ་པས་རྣམ་སྐྱིད་ཀྱིས་ཨག་སྐད་འཕྲོར་འཕྲོར་ཤོར།
   ཁོས་སླར་ཡང"ད་དུང་མ་བཞག་ན། ངས་ཁོ་མོའི་མགོ་བོ་གཏོར་རྒྱུ་ཡིན"ཞེས་བཤད།
  ཐུབ་བསྟན་གྱིས "ཁྱོད་ཐར་ས་ཡོད་པ་མ་རེད། མྱུར་མོར་མེ་མདའ་ཐང་ལ་ཞོག ཁྱོད་ཀྱིས་ཁོ་མོ་བསད་ཀྱང་ཐར་མི་ཐུབ"ཅེས་བཤད་ནས་མེ་མདའ་སར་མ་བཞག
  ཀུན་དཔལ་གྱིས་སྐད་ཆེན་པོས"ང་ཤི་དགོས་ཀྱང་ཤི་རོགས་ཤིག་མ་ཁྲིད་ན་བུ་རབས་མིན་ནི་ཡིན"ཞེས་བཤད་མ་ཐག ཉེན་རྟོག་པའི་གྲས་སུ་མེ་མདའ་གཏད་ནས་ཐེངས་འགའ་འཕྲོར་འཕྲོར་མནན་པས། དེ་མ་ཐག་ཉེན་རྟོག་པ་འགའ་ལ་མདེའུ་ཕོག་སོང་། རྒྱ་མཚོས་འཚུབ་ཆེ་བའི་སྒོ་ནས "རྒྱོབས"ཞེས་བཀའ་བསྐུལ། ཐུབ་བསྟན་གྱིས་མེ་མདའ་འཕེན་མི་ཆོག་སྨྲ་འདོད་ཀྱང་། སྐད་ཆ་ངག་སྒོར་མ་ཐོན་སྔོན་ནས་ཁོ་ཚོས་མེ་མདའ་རྣམ་སྐྱིད་དང་ཀུན་དཔལ་གྱི་ཕྱོགས་སུ་གཏད་ནས་འཕངས། རྣམ་སྐྱིད་ཀྱིས་ད་གསོན་པའི་རེ་བ་མི་འདུག་སྙམ་ནས་མིག་བཙུམས་དུས། མདེའུ་གཅིག་ཀྱང་ཁོ་མོའི་ལུས་སྟེང་ལ་མ་ཕོག
  ཁོ་མོའི་རྣ་བར་མི་མང་པོས"འདྲེ་་་འདྲེ་་་"ཞེས་སྨྲ་བཞིན་པ་ཐོས་པས། མིག་ཁ་འབྱེད་དུས་རྡོ་རྗེ་ཁོ་མོའི་སྔུན་དུ་ལངས་ནས་མདེའུ་འགོག་གིན་པ་མཐོང་། ཀུན་དཔལ་གྱིས་རྡོ་རྗེ་མཐོང་ནས་ཕྱོགས་གཅིག་ལ་འབྲོ་དུས། ཉེན་རྟོག་པའི་མེ་མདའི་འོག་ནས་དེ་མ་ཐག་རྐྱེན་ལམ་དུ་ཤོར།
  ཉེན་རྟོག་པ་ཚོས་རྡོ་རྗེ་མཐོང་བས། སྙིང་ཤོར་ནས་རྣམ་སྐྱིད་དེ་རུ་ཡོད་མེད་ལ་མི་ལྟ་བར་མེ་མདའ་འཕེན་ཅི་ཐུབ་བྱས། རྡོ་རྗེ་དེ་མ་ཐག་མདེའུའི་ཚོགས་ཀྱིས་གཙག་སོང་། ཁོ་ལ་འགུལ་བ་མེད་པར་རྣམ་སྐྱིད་ཀྱི་སྔུན་ནས་བརྟན་པོར་ལངས་ཀྱང་། རྐང་པའི་མཚམས་ཀྱི་རུད་པར་མདེའུ་ཕོག་ནས་བརྟན་ཚུགས་པོར་ལངས་མི་ཐུབ་པར་གྱུར།
  རྣམ་སྐྱིད་སྐད་ཆེན་པོས་ངུ་ཞོར་མདེའུའི་ཚོགས་ལ་མི་ལྟ་བར་རྡོ་རྗེ་ཡི་སྔུན་ལ་བུད་ནས་བཀག་པས། ཁོ་མོའི་ལུས་ཡོངས་དེ་མ་ཁད་མདེའུས་ཕུག་ནས་ས་ལ་འགྱེལ་ཡང་ལག་པ་རྡོ་རྗེ་ཡི་ལག་པར་འབྱར་ནས་མ་བཏང་།
    རྣམ་སྐྱིད་འགྱེལ་རྗེས་རྡོ་རྗེ་ཡང་ས་ལ་འགྱེལ་སོང་།
ཁོ་རྣམ་སྐྱིད་ཀྱི་ལུས་འགྲམ་དུ་བཅར་ཞིང་རྣམ་སྐྱིད་ཀྱི་དབུགས་རྔ་ཆད་པ་དང་བསྟུན་ནས་ཁོ་ཡང་འགུལ་བ་མེད་པར་གྱུར་སོང་།
              ༢༠༢༡ལོའི་ཟླ༡པོའི་ཚེས་༡༥ཉིན།

                རྩོམ་སྒྲིག་པ། མྱི་གསར་བ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease