གློག་འོད་མག་མོག

    གཙང་བོས་བརྩམས།


གློག་འོད་མག་མོག

 
              གཙང་བོ། 

       ཁོས་དྲ་མའི་ཡོལ་བ་ཕྱེས་ཏེ་ཕྱི་རོལ་དུ་བལྟས་པ་ན་ཆར་བ་ཤག་ཤག་ཏུ་འབབ་བཞིན་ཡོད་ལ། ཁང་བའི་བྱ་འདབ་ནས་བཞུར་བའི་ཆུ་ཡི་ཟེགས་མ་རེ་རེས་ས་ལ་བུ་ག་འདོད་ཀྱིན་པའི་རྣམ་པར་ཧད་དེ་ཡུན་རིང་ལ་ལུས་ཤིང་། མཚམས་ཤིག་གློ་བུར་བའི་གྲང་བའི་སྣང་བ་ཞིག་གིས་ཁོ་གཉིད་ལས་བསླངས་པ་བཞིན་སད་པར་བྱས། ཕྱིར་འཁོར་ནས་གོས་གདང་ལ་བཀལ་བའི་སྟོད་གོས་སྔོན་པོ་མཐུག་པོ་དེ་གྱོན། སྔས་མགོར་བཞག་པའི་དཔེ་དེབ་དག་དཔེ་སྒྲོམ་དུ་བཞག་པ་དང་། གློག་གཟིམ་མེད་པའི་རྩིས་འཁོར་ལ་ཧད་དེ་མདང་དགོང་བལྟས་པའི་གློག་བརྙན་གྱི་གཏམ་རྒྱུད་ནང་དུ་སེམས་པ་ཤོར། ཐོག་མར་ཁོས་གློག་བརྙན་གྱི་ཁ་ཡིག་གི་སྐོར་ལ་བསམ་བློ་གཏོང་མགོ་བརྩམས་པ་དང་། དེ་བོད་ཡིག་ཏུ་༼གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ཡི་འཚོ་བ༽*ཞེས་བཏགས་ན་ལེགས་པར་སྙམ། ཁང་བའི་ནང་ནས་ཕྱི་རོལ་དུ་ཆར་བ་འབབ་པའི་སྒྲ་གསལ་བོར་ཐོས་ཐུབ་པས་ཁོ་ལ་ཧ་ཅང་ལྷིང་འཇགས་ཡིན་པའི་སྣང་བ་ཞིག་ཤར་བ་དང་། དེར་བསྟུན་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་གནས་ཚལ་དུ་གཅིག་པུར་བསྡད་དེ། སེམས་ལ་ཤར་བའི་གཟུགས་ཅན་དང་གཟུགས་མེད། མངོན་སུམ་དང་རྨི་ལམ་དུ་སྣང་བ་ཡོད་ཚད་རེ་རེ་བཞིན་ཤིང་ལེབ་དང་རྡོ་ལེབ་ཐོག་ཏུ་ཡི་གེར་བརྐོས་པའི་སྐོར་ལ་བསམ་བློ་མང་པོ་བཏང་ཞིང་། ད་དུང་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་རྒྱས་ཤིང་སྤྲོས་པའི་འཚོ་བ་རྒྱབ་ཏུ་གཡུགས་པའི་བསམ་པ་དེ་གང་ནས་སྐྱེས་པའི་ཕྱོགས་ལ་བསམ་བློ་བཏང་གིན་བཏང་གིན་རྙོག་འཛིང་ཆེ་རུ་སོང་། ཁོས་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ལྟར་རྫུན་གཏམ་དང་ཟོལ་བཅོས་ཀྱིས་ཁེངས་པའི་འཚོ་བ་ལ་འབྲོས་པ་དང་། རང་ཉིད་ལྟར་དེའི་ཁྲོད་དུ་འཚོ་བ་སྐྱེལ་བ་གཉིས་ལས་གང་ནི་ལེགས་ལམ་དང་གང་ནི་ལོག་ལམ་ཡིན་པ་དབྱེ་བ་འབྱེད་དཀའ་བར་གྱུར།
 
       མལ་གོས་ཀྱིས་མགོ་བོ་བཏུམས་ཏེ་ཅུང་ཙམ་བསྡད་ནའང་། ཀླད་པའི་ནང་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུའི་འཚོ་བ་དང་བསམ་བློ་གཏོང་ཚུལ་ལས་ཅི་ཡང་ཤར་རྒྱུ་མེད་པར་གྱུར་ལ། སེམས་ངལ་ལྷག་མ་དེ་དག་འདོར་ཆེད་དུ་ཆང་ཁང་ཞིག་འཚོལ་བའི་འདུན་པ་སྐྱེས་ཤིང་། རང་དང་བློ་སེམས་མཐུན་པའི་གྲོགས་པོ་རྡོ་རྗེ་ལ་ཁ་པར་གཏང་དགོས་སྙམ་གྱིན་སྒོར་བུད་པ་དང་། ཚོང་ཁང་ཆུང་ཆུང་ཞིག་ནས་ཐ་མག་སྒམ་གང་ཉོས་ཏེ་ཁོ་རང་ཐེངས་མང་པོར་སོང་མྱོང་བའི་ཕྱི་གླིང་བ་མང་སའི་ཆང་ཁང་དེའི་ཕྱོགས་སུ་གོམ་ཁ་བསྒྱུར། ཁོ་རང་ཆང་ཁང་དེའི་ནང་གི་རོལ་མོ་སྣ་ཚོགས་དང་ཁ་མདོག་དང་རོ་མི་འདྲ་བའི་ཆང་དག་ལ་ཧ་ཅང་དགའ་བོ་ཡོད། དེ་ནི་ཁོས་མཚམས་རེར་ངལ་གསོ་ས་ཞིག་ཏུ་འདོད་ཀྱིན་ཡོད་ལ། ཡང་ལན་རེར་སྐྱོ་བའི་ཁར་སྐྱོ་བ་མནན་ཏེ་མིག་ཆུ་གཏོང་དགོས་སའི་དགའ་སྐྱོའི་གཞིས་ཀ་ཞིག་ཏུ་བསམ་གྱིན་ཡོད། དེའི་ནང་དུ་ཁོ་མཚམས་མཚམས་སུ་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ལྟ་བུའི་སྐྱོ་སྣང་ཅན་དང་རྫུན་གཏམ་དང་ཟོལ་བཅོས་ཀྱིས་ཁེངས་པའི་མིག་མདུན་གྱི་འཚོ་བ་ལ་སྐྱུག་བྲོ་མཁན་ཞིག་བྱེད་མྱོང་ལ། ཡང་ལན་རེར་འདོད་པའི་དགའ་མགུར་རོལ་བའི་སྨྱོ་ཧམ་ཚ་ཞིང་མག་མོག་གི་འཚོ་བ་རོལ་མཁན་རེ་ཡང་བྱེད་མྱོང་། དེ་ལྟར་ར་བཟི་ནས་སྣང་བ་ཐམས་ཅད་ཀླད་པའི་ནང་མ་ཤོང་བར་གོས་ནང་ལ་བཅུག་ནས་ཁང་སྟོང་དུ་ལོག་པ་ནི་ཁོས་གླས་པའི་ཁང་བདག་གི་མིག་ལམ་ན་གསལ་ལེར་ཡོད་པ་ལས་ཁོ་རང་གིས་ར་བཟི་རྗེས་ཅི་ཡང་ཤེས་ཀྱིན་མེད།
 
       ཁོ་ཆང་ཁང་དུ་ཐོན་རྗེས་གོམས་ཕྱོགས་ལྟར་གཡོན་ཕྱོགས་ཀྱི་སྐས་ཐོག་ལ་འགོས་ཏེ་མི་གསུམ་བཞི་ཙམ་ཤོང་བའི་འདུག་སྟེགས་སུ་བསྡད། ཁོ་འདུག་སའི་ཁ་གཏད་ཀྱི་གྱང་ངོས་ལ་རས་དཀར་གྱི་ཡོལ་བ་ཆེན་པོ་ཞིག་འཐེན་ཡོད་ལ། དེ་ལས་སྐབས་རེར་མི་སེམས་ལ་གཡོ་འགུལ་གཏོང་བའི་རོལ་མོ་དང་གཞས་ཡག་པོ་རེ་གཟུགས་བརྙན་དང་བཅས་གྲགས་ཤིང་འཆར། ཁོས་ཆང་འཐུང་ཞོར་དུ་དེ་དག་ལ་ཉན་པའི་ཚེ་ན་ཕྱི་རོལ་གྱི་འུར་ཟིང་དང་བྲེལ་འཚུབ་ཀྱི་རྣམ་པ་དག་བརྗེད་པར་གྱུར་འགྲོ་ལ། དེ་ནི་ཁོ་རང་ཆང་ཁང་འདི་དང་འདུག་སྟེགས་འདིར་དགའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།ཡང་མཚམས་རེར་ཆང་ཅི་ཙམ་འཐུང་ན་དེ་ལྟར་སྙིང་བོ་མེད་པའི་སྐབས་སུ་གྲོགས་པོ་རེར་ཁ་པར་གཏོང་ལ་མགོ་མཇུག་མེད་པའི་སྐད་ཆ་མང་པོ་ཆུ་བཞུར་བ་ལྟར་བཤད་འགྲོ ཉིན་དེར་ཆང་ཁང་དེ་ཡང་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ཡི་ནགས་ཚལ་ཁྲོད་ཀྱི་འཚོ་བ་ལྟར་ལྷིང་འཇགས་སེ་གནས་ཡོད་ལ། ཁོ་རང་གཅིག་པུ་མ་གཏོགས་ཆང་ཁང་དུ་ཆང་འཐུང་མཁན་ཡང་མེད། ཁོས་དེ་ནི་ཕལ་ཆེར་ཕྱི་རོལ་ན་ཆར་ཆེན་པོ་འབབ་ཀྱིན་ཡོད་པས་ཡིན་པར་འདོད། དེ་ལྟར་ཁོས་ཆང་དམ་བེ་འགའ་རྔམ་འཐུང་བྱས་པ་དང་གློ་བུར་དུ་རྡོ་རྗེ་ལ་ཁ་པར་གཏང་རྒྱུ་བརྗེད་ཡོད་པ་ཡིད་ལ་ཤར། དེ་མ་ཐག་ཨམ་ཕྲག་ཏུ་ལག་སྙོབ་འགའ་བྱས་པ་ན་ལག་འཁྱེར་ཁ་པར་ཁང་བའི་ནང་ནས་ལུས་པ་ཤེས།
 
     ལག་འཁྱེར་ཁ་པར་ཁང་བའི་ནང་དུ་ལུས་པ་ཤེས་རྗེས། དོན་གཞན་ཞིག་ཀྱང་ཡིད་ལ་དྲན་དུ་བཅུག་པས་ཡུན་ཙམ་ལ་འཐོམ་ཞིང་སྦྲིད་པར་གྱུར་བ་དང་། འདང་ཞིབ་མོ་བརྒྱབ་རྗེས་བསམ་པར་ལག་འཁྱེར་ཁ་པར་ཁང་བའི་ནང་དུ་ལུས་པ་དེ་ཡང་དོན་བཟང་ཞིག་ཏུ་སྒོམ་དགོས་བྱུང་། ལག་འཁྱེར་ཁ་པར་འཁྱེར་ཡོང་ཡོད་ཚེ་རྡོ་རྗེ་ལ་སུན་སྣང་སྐྱེ་བྱེད་ཀྱི་སྐད་ཆ་མགོ་མཇུག་མེད་པ་མང་པོ་བཤད་ཡོད་སྲིད་ལ། དེ་མིན་ད་དུང་རང་ཉིད་ལའང་པད་སྒྲོན་དུ་འབོད་པའི་བུ་མོ་ཞིག་གིས་ཁ་པར་འཕྲོ་རིམ་འཕྲོར་བཏང་ཡོད་པ་མ་ཟད། པད་སྒྲོན་གྱིས་ཁོ་ལ་རྒྱུན་པར་བཤད་པའི་སྐད་ཆ་སྟེ། ཁྱོད་ནམ་ཞིག་ལ་ཐོན་ཐུབ། ང་འདི་ལྟར་བསྡད་ན་རྒན་མོ་ཁེར་འདུག་ཅིག་གི་སྣང་བ་ལས་ཅི་ཡང་མི་འདུག ཁྱོད་ཡོང་མི་འདོད་ན་འུ་གཉིས་ཁ་ཁ་བྱས་ཆོག” ཅེས་པའི་སྐད་ཆ་དེར་ཡང་དང་བསྐྱར་དུ་ཉན་མི་དགོས་པས་ཁོ་རང་ཉིན་དེར་དེ་དག་ལ་མ་གྲོས་རང་མཐུན་གྱིས་གཡོལ་ཐབས་ཙམ་བྱུང་བའི་རྐྱེན་གྱིས་ལག་འཁྱེར་ཁ་པར་མེད་ཚེ་ལྷག་པར་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་ཐུབ་པར་སྙམ་བཞིན་མུ་མཐུད་དེ་ཆང་མང་པོ་རྔམ་འཐུང་བྱས། ཡིན་ནའང་ཡིད་ཀྱི་ཟབ་ས་ཞིག་ནས་ད་དུང་ཡང་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ཡི་གཏམ་སྤྱོད་ཀྱིས་ཁོ་ལ་ཁ་ལོ་བསྒྱུར་བཞིན་ཡོད་པ་ཚོར། ཚོར་བ་དེ་དངོས་ཡོད་ལས་ཆེས་ཆེར་འགོངས་ཡོད་ཀྱང་དེ་ནི་ཤ་བོ་བྱེ་ཐང་ལ་ཉུལ་ནས་རྒྱང་རིང་ཐམས་ཅད་སྨུག་རྒྱུར་འཕྲུལ་བ་ལས་མ་འདས་པ་བཞིན་དུ་གྱུར། 
 
       མཚམས་ཤིག་ནས་ཁོས་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུའི་གཏམ་སྤྱོད་དག་རྩ་བ་ནས་བརྗེད་པར་བྱེད་ཆེད་དུ་དེ་འདྲའི་མི་ཞིག་དངོས་ཡོད་འཚོ་བའི་ཁྲོད་དུ་མེད་པར་བསམ་པ་དང་། དེ་ནི་ཕལ་ཆེར་རྩོམ་པ་པོ་ཞིག་གི་སྨྱུག་རྩེ་ནས་འཁྲུངས་པའི་རྟོག་བཏགས་ཀྱི་མི་ཞིག་ཏུ་ངོས་འཛིན་བྱས། དེ་ལྟར་བསམ་གྱིན་མགོ་བོ་སྒུར་ནས་ཐ་མག་ལ་མེ་སྒྲོན་གྱིན་པའི་སྐབས་སུ་ཁོའི་ཁ་གཏད་དུ་མི་ཞིག་འགྲེང་ནས་འདུག་པ་ཚོར།དོན་གློ་བུར་བ་དེས་ཁོ་ལ་རྒྱབ་ཀྱི་གོས་བཤུས་སོང་བ་ལྟ་བུའི་ཚོར་སྣང་ཞིག་བྱིན་པ་དང་།མགོ་བོ་དགྱེས་ཏེ་བལྟས་པ་ན་ཆང་ཁང་གི་ཞབས་ཞུ་མ་ཡིན་པ་ཤེས། མོས་ངག་འཇམ་པོསསྐུ་ཞབས་ལགས། ང་ཚོའི་ཆང་ཁང་གི་ངལ་གསོ་བྱེད་ཚད་ལ་སླེབས་འདུག”ཅེས་གུས་པ་ལྡན་པའི་སྒོ་ནས་བཤད། སྐད་ཆ་དེ་ཐོས་རྗེས་ཁོ་ཡིད་མ་ཆེས་པའི་རྣམ་པས་ཆུ་ཚོད་ག་པར་སླེབས་འདུག”“ཆུ་ཚོད་བཅུ་གཉིས་ལ་སླེབས་འདུག ཕྱི་རོལ་གྱི་ཆར་ཆེ་བས་མགྲོན་པོ་མི་འདུག ང་ཚོས་ཀྱང་ངལ་གསོ་རྒྱུ་ཡིན”
 
   ཁོས་ཆང་ཁང་གི་སྒེའུ་ཁུང་ནས་ཕྱི་རོལ་ལ་བལྟས་པ་ན་སྲང་གི་གློག་འོད་ནི་མག་མོག་ཏུ་སྣང་། མོ་ཊ་དག་ནི་ཚ་བས་གཟིར་བའི་གླང་བོ་ཆེ་སྨྱོན་པ་རེ་དང་འདྲ་བར་ཆུ་ནང་ལ་ཐེ་ཚོམ་མེད་པར་གཅིག་འཕྲོར་གཅིག་མཐུད་དེ་རྒྱུགས་བཞིན་འདུག ཁོ་སྐས་ཐོག་ནས་མར་འབབ་པའི་རྣམ་པ་ནི་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ཡིས་འཆི་ཁའི་ན་ཟུག་མ་བཟོད་པར་གོམ་པ་འཁྱར་འཁྱོར་ངང་ནགས་ཁྲོད་ཉུལ་གྱིན་པ་དང་འདྲ་ལ།སྒོར་བུད་དེ་གློག་འོད་གང་དུ་གསལ་ན་དེའི་ཕྱོགས་སུ་གོམ་པ་སྤོས། མདུན་དུ་ཆར་གདུགས་བཟུང་བའི་བུ་མོ་ཞིག་རང་དང་བར་ཐག་ཇེ་ཉེར་འགྲོ་བ་མཐོང་ཞིང་། ཁོའི་སེམས་སུ་པད་སྒྲོན་སླེབས་བྱུང་སྙམ།པད་སྒྲོན། པད་སྒྲོན••• •••”ཞེས་བུ་མོ་དེའི་ཕྱོགས་སུ་ལག་པ་གཡུགས། བུ་མོ་དེ་ཐེ་ཚོམ་དང་འཇིགས་སྣང་སྐྱེ་བཞིན་ཁོ་དང་བར་ཐག་ཇེ་རིང་ལ་བྱིན། སྐྲ་གསེབ་ནས་བཞུར་བའི་ཆུ་ཐིགས་རེ་རེ་ནི་མིག་ཆུའི་འཕྲེང་བ་མཁུར་མགོ་བརྒྱུད་དེ་སེམས་ཀྱི་ཟབ་སར་ཉིལ་བ་དང་འདྲ། འཁྱགས་ཤུར་ཤུར་གྱི་སྣང་བས་ལུས་ཀྱི་གོས་ནི་ཁུར་བོ་ཞིག་ལྟར་ཧ་ཅང་ལྕི། ཁོ་རང་སྲང་ལམ་ཀྱག་ཀྱོག་ཅིག་ཏུ་འགྲོ་བཞིན་པ་ལས་རང་གི་ཁང་བའི་ཕྱོགས་སུ་འགྲོ་བཞིན་ཡོད་མེད་གསལ་ཐག་མ་ཆོད། མགོ་བོ་དགྱེས་ཏེ་རྒྱང་རིང་ལ་བལྟས་པ་ན་གློག་འོད་མག་མོག་ཅིག་མིག་ལམ་དུ་ཤར།
    
       མཚན་མོ་དེར།འཕྲུལ་སྣང་དང་ཨ་རག་གཉིས་ཀྱིས་བཟི་བའི་གཞོན་ནུ་དེ་རང་གི་ཁང་བའི་ནང་ཐོན་རྒྱུ་མ་བྱུང་བར་ཆར་ནང་ནས་ལུས།
 
       རླུང་བསིལ་མོ་ཞིག་གིས་ཁོའི་སྐྲ་ལོར་བྱིལ་བྱིལ་ཐེངས་འགའ་བྱས། གདོང་ལ་འཁྱག་སིབ་སིབ་ཀྱི་ཆུ་རྡུལ་འགའ་བབས། མིག་ཕྱེས་ཏེ་བལྟས་པའི་ཚེ་ཁོ་རང་སྨུག་པ་སྲབ་མོས་བཏུམས་པའི་ནགས་ཀླུང་ཞིག་ལ་སླེབས་ཡོད་པ་ཚོར། དེ་ནི་དངོས་གནས་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ཡིས་ཟླ་འགའ་ལ་འུར་ཟིང་དང་ཟོལ་རྫུ་སོགས་ཀྱིས་བསྐྱེད་པའི་སྐྱོ་བ་རླུང་ལ་སྤུར་སའི་གནས་དེ་ཡིན་པའི་སྣང་བ་འགོག་མེད་ཅིག་སྐྱེས་ཤིང་། ཁོ་རང་གློ་བུར་དུ་གནས་ཆ་མེད་འདིར་ཇི་ལྟར་བསླེབས་པར་མཚར་སྣང་དང་འཇིགས་སྐྲག་མཉམ་དུ་སྐྱེས་ཤིང་ཁོའི་སེམས་སུ་རང་ཉིད་ཀྱང་གཞོན་ནུ་ཁའེ་ལི་སའེ་ཐོ་ཧྥུ་ལྟར་འཆི་རྒྱུ་ཡིན་པར་སྙམ།
 
       མིག་ལམ་གྱི་སྨུག་པ་དེ་རིམ་གྱིས་དྭངས་པ་དང་བསྟུན་ཁོའི་མིག་མདུན་གྱི་སྨུག་པ་དེ་ནི་སྨུག་པ་ངོ་མ་ཞིག་མིན་པ་ཚོར་བ་དང་། ཁོ་རང་ཡོད་སའི་ནགས་ཚལ་དེ་ཡང་ནགས་ཚལ་ངོ་མ་ཞིག་མིན་པ་ཤེས། སྨུག་པ་དེ་ནི་ཚ་གསུར་གྱི་དུ་སྨུག་ཡིན་ཞིང་། ནགས་ཚལ་དེ་ནི་ཁོའི་ཤ་ཉེ་འབྲེལ་དག་ཧ་ཅང་སྐྱོ་ཞིང་སྡུག་པའི་དུས་ཀྱི་མགོ་སྐྲ་རྫབ་པོ་དེ་རེད།


      *གློག་བརྙན་(荒野生存)ཁྲོད་ཀྱི་འཁྲབ་སྟོན་པ་གཙོ་བོའི་མིང་།
                 རྩོམ་སྒྲིག་པ། རྣོ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease