རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག ༣

    རྫོང་སར་རྩོམ་པ་པོ་མཐུན་ཚོགས།


རྫོང་སར་རྩོམ་རིག བཅད་རྩོམ་སྙན་ངག 


དཔྱད་འཚོལ། བཞག་ཚ། ལྷན་པོ། ཁྲག་གདོང་། རྣལ། ཁམས་པ་རག་སྨྱུག ངག་སར། 
སྨིན་ཚངས་སྲས། ཁམས་པ་རབ་རྡོར། གཟི་ནག་པོ། ཆུ་བོ། འབར་བློ་དཀར། མྱི་གསར་བ།

སེམས་པ་མར་ལ་ལྷུང་དུས།

              འབར་བློ་དཀར། མངོན་པ་འོག་མ།
 
ལོ་ངོ་དུ་མར་བས་མཐའི་ཡུལ་ནས་འཚོས།།
དཀའ་སྡུག་ལས་ཀྱི་ཁུར་ཙ་ཕྲག་ཏུ་བཞེས།།
གྲང་འཁྱག་རླུང་གི་རབ་ཁ་སྤོབས་པས་བརྒལ།།
ཡུལ་གདུང་དྲན་པའི་ལོ་མ་ཆུ་ལ་བསྐྱུར།།
རྒྱང་རིང་ལེ་བར་མང་པོས་བར་ཆོད་པའི།།
གཏིང་མི་དཔོགས་པའི་ཤེས་རབ་ནགས་ཀྱི་ཚལ།།
ཞི་བར་གནས་པའི་དྲང་སྲོང་དགའ་བའི་བཤེས།།
ཐུགས་སུ་བརྣགས་ནས་ཡུན་རིང་ཨུ་ཚུགས་ཀྱིས།།
རྡོག་པའི་ལྷམ་མཐིལ་རལ་བ་ཙམ་ཞིག་བྱས།།
འོན་ཀྱང་བག་ཆགས་ཤེལ་གྱི་སྒོང་ང་ལས།།
འཁྲུངས་པའི་ཀུན་རྫོབ་སྒྱུ་མའི་མིག་འཁྲུལ་ལ།།
ཆགས་པའི་སེམས་ཀྱིས་རྟག་པར་བསླུས་པ་ཡིས།།
ཡིད་ཆད་སྡུག་པའི་སྣོན་མ་ཡང་ཡང་བྱུང་།།
སྐབས་དེར་ཡིད་ཁོག་མཆི་མ་དང་བཅས་ཏེ།།
ཨ་ཐང་ཆད་པའི་སེམས་པ་མར་ལྷུང་དུས།།
ཡང་ཡང་ལག་པས་སྐྱོར་མཁན་སུ་ཞིག་ལགས།།


རྣམ་རྟོག་གི་གཞས།


              བཞག་ཚ། ཚད་མ་གོང་མ། 
 
རང་སེམས་རྣམ་པ་གཙང་བོ་རླབས་ཤིག་སྟེ།།
སྣང་བའི་ཐ་སྙད་འཁྲུལ་བའི་ཤེས་པ་རེད།།
ཚིག་ལ་ཞེན་ཆགས་འཁོར་བའི་མེ་ཏོག་འདི།།
དབྱངས་མ་ཚིག་ལ་ཆཊ་པའི་ཆཊ་སེམས་སོ།།
ཚིག་དབྱངས་རྫོཊ་ཚིག་ཐིམ་པའི་རྗེས་ཤུལ་ལ།།
འཇིག་རྟེན་བོར་བའི་སྒྱུ་མའི་ཞལ་རས་བྲིས།།
 
ཚོར་འདུ་པད་མ་མེ་ཏོག་དབྱིངས་སུ་བཞད།།
རྨད་བྱུང་སྙན་འགྱུར་ཕྲ་མོ་དབྱངས་ལ་ལྡེབ།།
སྤྲོས་པ་ཚིག་གི་རྒྱན་ཆ་སེམས་ལ་བཏགས།།
མགུར་ཆུང་གསོན་པོ་རྒྱུད་སྐུད་གདངས་ལ་ཐིམ།།
སོར་རྩེའི་འཕྲུལ་གྱི་སྙན་ཚིག་ཕུལ་བྱུང་འདི།།
ལྷ་མོ་དབྱངས་མ་དགྱེས་པའི་སྒོམ་དུ་འོས།།
 
ཚིག་རྒྱན་གེ་སར་དགོད་པའི་ཟེའུ་འབྲུ་ལ།།
འདབ་མ་སྟོང་གིས་ནགས་ཚལ་རབ་ཏུ་རྒྱས།།
ཡིད་ལ་སིམ་པའི་བྱ་སྐད་སྣ་ཚོགས་དཀྲོལ།།
སྣང་བའི་ཚིག་གི་གཞས་ཆུང་སྐྱིད་ལ་བསྐུལ།།
རྟོཊ་པའི་དབྱངས་ཀྱི་ཟློས་གར་སྡུག་ལ་བཏཊ།།
སྒྱུ་མའི་རྨི་ལམ་རིག་བྱེད་གཞས་སུ་བླངས།།
 
བདག་ནི་ཉི་འོད་མེད་པའི་འཇིག་རྟེན་དུ།།
ཚིག་དབྱངས་མགུལ་དུ་རྒྱན་ནས་སྙན་ངག་བྲིས།།
དྲན་གདུང་སྙིང་དུ་ལྷུང་ནས་དབྱངས་རྟ་དཀྲོལ།།
སྤྲིན་པ་ཡར་འགྲོ་ཞིག་ལ་འཕྲིན་ཆུང་བསྐུར།།
གཙང་བོ་མར་འགྲོ་ཞིག་ལ་བདེ་མོ་འཇོག  །
འདི་ནི་མི་སེམས་མཚོན་པའི་རྣམ་རྟོག་རེད།།
                       2022/5/11

མི་རྟག་སྒྱུ་མའི་ཟློས་གར།
 
               ཁྲག་གདོང་། ཕར་ཕྱིན་བར་མ།
 
སྐད་ཅིག་གློག་འགྱུ་ཇི་བཞིན་དལ་བུ་ངང་།།
ཀུན་རྟོག་རླབས་ལས་གྲུབ་པ་སྒྱུ་མའི་ཚོགས།།
སྐྱི་བསེར་རླུང་བུ་ནང་གི་གཡོ་ཐབས་ཤིག།
རེས་གསལ་རེས་མོག་ཚུལ་དུ་སྣང་བ་ཡང་།།
སྔོན་གྱི་རྒྱུ་ཡིས་བསགས་པའི་འབྲས་བུ་ཞིག།
དྲན་པས་མཇལ་རྒྱུ་དེ་དག་ཚོར་དུས་བྱུང་།།
 
ནམ་ཟླའི་མཐའ་རུ་འཆང་བའི་ནམ་ཟླ་བཞིན།།
མི་རྟག་སྟོན་ཁའི་སྤྲིན་ལྟར་གློ་བུར་བའི།།
ན་ཚོད་གོ་རིམས་ཀློང་ནས་འགྱུར་བག་ནི།།
ལྟོས་བཅས་འཚོ་བའི་འགྲོས་སུ་ཅི་ཆ་ཡོངས།།
ལུས་ཀྱིས་ཁྱེར་བ་དག་ཀྱང་རྣམ་སྨིན་ཏེ།།
ངག་གི་སྨྲ་བརྗོད་རིང་ཐུང་མཐའ་མེད་ཅིང་།།
ཡིད་ལ་འཆར་རྟོག་མི་འདྲ་འཛོམས་པ་འང་།།
ཟླ་བའི་མདངས་ལ་ཅེར་པའི་ལས་སྐལ་ནི།།
སྙིང་པོའི་མེ་ཏོག་ནང་གི་སྙིང་པོ་ཚོགས།།
སྒོ་གསུམ་མ་གཡེང་མ་ཆགས་ཚུལ་དུ་གསལ།།
 
རྟག་སྟོང་སྣ་ཚོགས་སེམས་ཀྱི་མེ་ལོང་དུ།།
སྤྲོས་པའི་འཆར་ཡན་རྡོལ་བ་ཐོལ་བྱུང་ཙམ།།
ཕྱི་ནང་འགྱུར་མདོག་དེ་ལས་ཉམས་དགའ་བ།།
མ་བཅོས་མི་རྟག་ཆོས་ཀྱི་རླབས་རིས་བསམ།།
འདི་བས་ལྷག་པའི་དྲན་རྒྱུ་འཚོལ་ཐབས་ནི།།
ནམ་ཞིག་ནམ་ཡང་མ་རྙེད་སེམས་པའི་བཅུད།།
 
རྟོག་བཏགས་དེ་རུ་མངོན་རྒྱུ་ལོ་ཟླའི་བརྙན།།
མི་འགྱུར་མི་ལྡོག་བྲལ་བའི་རང་བཞིན་དེ།།
བཅོས་བཅོས་འཚོ་བའི་ཉིང་ཁུ་འཇིག་པ་ལས།།
ནང་སེམས་བར་ཐག་མེད་པ་གློ་རྡེག་ཏུ།།
ཕྱི་ལུས་ཕྲ་ལ་རིང་བའི་ཚུགས་ཀ་ཆགས།།
འདི་ཡང་སྟོང་པའི་སྟོང་པ་ཇི་ལྟ་བུར།།
སྒྱུ་འཕྲུལ་ཀླད་དུ་མཐོང་བ་ག་ཚད་ཙམ།།
གཟུགས་སུ་འགྱུར་བ་སྲིད་པའི་ཟློས་གར་སྙམ།།
       ༢༠༢༢ ༤ ༢༤ མཚན་མོར་ཕ་ཡུལ་ནས།

ས་མཐའི་སྨོན་པ།
 
           ཆུ་བོ། དབུ་མ་བར་མ།
 
རླུང་གིས་སྤུར་བ་མིན་ཡང་སྨྲེང་བ་མི་འཇགས། །
ཆར་གྱིས་བརླན་པ་མིན་ཡང་གདོང་བ་མི་སྐམ། །
ཕ་ཡུལ་ས་མཐའ་བཞིན་དུ་སེམས་ནས་བོར་ཏེ། །
ས་མཐའ་ཕ་ཡུལ་བཞིན་དུ་ཡི་གར་ཡོང་བས། །
རྡོག་པ་གཞན་དུ་བཞག་པར་ཐུགས་ཁག་མ་བྱུང་། །
 
བདེ་ཡང་གླ་བའི་ཚུལ་དུ་འཕག་ས་མེད་ཀྱང་། །
སྡུག་ཀྱང་ཆར་བ་ནང་བཞིན་ལྷུང་ས་མེད་ཀྱང་། །
སྡོད་ཁང་གཅིག་གི་ནང་དུའང་དགའ་སྐྱོ་འདྲེས་ཏེ། །
རང་རང་གོ་བ་ལོན་མིན་བར་བརླག་རྣམས་སུ། །
ཧ་ཅང་རྣམ་འགྱུར་སྙི་མོ་ངང་གིས་བསྟན་སོང་། །
 
གླུ་གཞས་སེམས་ཀྱིས་བཏང་བ་སེམས་ཀྱིས་ཉན་ན། །
སྒྲ་གདངས་མཐོ་ཡང་དམའ་ཡང་རྣ་བར་སྙན་མོད། །
ཡུལ་ལ་ཐལ་བ་འཚུབ་སྟེ་རང་མདོག་ཉམས་པས། །
གནས་སྐབས་གཅིག་གི་ལྷ་གསང་འདི་ནས་བཏང་ཡོད། །
འདི་གའི་ལྷ་མི་འབྱུང་ཁམས་འཕྲོད་ཅིང་འཚམ་ཤོག །
 


དབྱངས་ཀྱི་མཆོད་པ་ཐོར་བུ། 
 
              གཟི་ནག་པོ། ཕར་ཕྱིན་བར་མ།
 
 
ཚིག་དྲུག་ལུས་ཀྱི་རླུང་བུ་གཡོ་བ་ན། ། 
སྣང་བའི་ན་བུན་རྒྱང་ནས་རྒྱང་དུ་གཅོད། ། 
མ་བཅོས་ཞེ་ཡི་དང་གཙང་ཆུ་རྒྱུན་ལ། ། 
དཀར་ཤ་རྟག་ཏུ་རྒྱས་པའི་གཞོན་མ་དེས། ། 
འཇམ་ཤ་དོད་པའི་གདོང་གི་རྣོ་འོད་ཀྱིས། ། 
སྐྱེ་ནས་སྐྱེ་བར་ཕུད་ཀྱི་མེ་ཏོག་ཆག ། 
 
དངས་གཙང་དབྱངས་ཀྱི་ལྷ་མོ་འཕག་མ་དེ། ། 
ཉོན་མོངས་དྲྭ་བའི་ཁམས་པའི་དར་ཅིག་ལ། ། 
ང་ཅག་ལུས་ཀྱི་དར་ནག་གསོག་ཏུ་གསོལ། ། 
གནའ་མའི་མེ་ཏོག་གདན་དུ་འཁོད་པ་དེ། ། 
དབྱངས་ཀྱི་གདུབ་ཀོར་དཀྲི་བའི་ལྷ་མོ་ཨང་། ། 
 
མ་གཅིག་ལྷ་མོའི་མགྲིན་ངག་རབ་ཕྱུག་པའི། ། 
གདང་གི་ང་རོའི་གདིང་ཚད་མི་ཆ་བ། ། 
མདུན་དུ་བཀོལ་བའི་གསེར་གྱི་སྤྱན་ཡང་མར། ། 
མི་ཞིག་བྲག་གི་དད་པ་རབ་ཏུ་སྐྱེས། ། 
སྣང་ཚུལ་ཆ་མི་མཉམ་ཡང་དེ་གར་དུ། ། 
འཇོག་པར་མི་ཆ་བ་ཡི་གདིང་ཚད་ཀྱིས། ། 
རྗེས་ཁྲིད་སྐུད་སྣེར་བདག་གིས་དམ་དུ་འཇུས། ། 
 
 
ཁྱེད་ཀྱི་གདང་ལས་བདག་གི་ཡི་གར་དུ། ། 
རྣེ་སྨིན་དཀར་པོ་འབའ་ཞིག་འཇོ་བ་དང་། ། 
སྐྱེ་འཆུའི་དན་རོགས་ཞིག་གི་ངོ་གདོང་ནས། ། 
ཁྱེད་ནི་ཡི་གར་འོང་བའི་འཕག་མ་སྟེ། ། 
རྩ་ཁྲག་བརྒྱུས་ཏེ་བསླུས་པའི་ཀླད་ཀོར་དུ། ། 
ཡང་སྙིང་ཞུམ་པ་མེད་པའི་ཁྱོད་སྐུ་བཞེངས། ། 
                 ༢༠༢༢-༤-༡༡


ཐོད་བརྒལ་གྱི་འཆར་ཡན།
 
               ཁམས་པ་རག་སྨྱོན། ཚད་མ་འོག་མ།
 
ཉི་འོད་ཀྱི་སྤྱོད་ཡུལ་མིན་པའི་རྩྭ་ཡི་ཟིལ་དཀར་རེ་རེ། །
མི་ཚེ་ཡི་དཔེ་རུ་བཞག་སྟེ་ང་ལ་ཆོས་བཤད་མ་བགྱིད། །
རྩྭ་རྩེ་ཡི་ཟིལ་བའི་ཤེལ་ཕྲེང་དྭངས་ཤིང་གཙང་མར་སྣང་ཡང་། །
ཙག་རླུང་གིས་ཐོལ་དུ་གཏོར་འགྲོ་སྙིང་པོ་གཏན་ནས་མི་འདུག །
 
མེ་ཏོག་དག་མགོ་ལྕོག་ལྡེམ་ལྡེམ་སྐྱེད་ཚལ་ཀུན་ཏུ་དཀྲིགས་པ། །
དལ་རྟེན་གྱི་ལང་ཚོའི་དཔེ་རུ་ང་ལ་བསྙད་པར་མ་བགྱིད། །
ལོ་འདབ་ཀྱིས་ཡོངས་སུ་སྤྲས་པའི་ངང་ཚུལ་མཛེས་པར་སྣང་ཡང་། །
གློ་བུར་དུ་སེར་ཐིག་ལྷུང་སྟེ་རྒས་པའི་གཉེར་མ་མངོན་ཡོང་། །
 
འཇའ་གུར་ནི་ཀུན་གསལ་ངོས་སུ་ཚོན་བྲིས་ཇི་བཞིན་བཀྲ་བ། །
འཇིག་རྟེན་གྱི་རྣམ་པ་མཚུངས་ཞེས་སྨྲ་བའི་རྟུལ་ཞུགས་མ་འཆང་། །
རིས་མཛེས་ཀྱི་འཇའ་ཚོན་ཁྲ་ཁྲ་སྐྱེ་བོའི་ཡིད་དུ་ལྷུང་ཡང་། །
ཡུན་ཐུང་གི་གཤིས་སུ་གྲུབ་པས་ཐོལ་དུ་བོར་བརླག་འཆོར་འགྲོ། །
 
བསིལ་རླུང་གིས་དལ་གྱིས་སྒུལ་བའི་སྒྲོལ་མའི་དར་ལྕོག་ཟད་པོ། །
ཕུགས་བསམ་ཀྱི་མཚོན་བྱེད་བཞག་སྟེ་ང་ལ་འཚམས་འདྲི་མ་བགྱིད། །
དལ་ལྕོག་གི་དབུ་འཕང་མཐོ་ཞིང་ཉི་ཟླའི་དཔུང་བ་བཟུང་ཡང་། །
གློ་རྡེག་ཏུ་མདོག་ག་འགྱུར་ཏེ་རྣམ་པ་གཞན་ཞིག་མངོན་ཡོང་། །
 
ཆུ་འཛིན་ནི་ཞི་བའི་འགྲོས་ཀྱིས་ཕར་ནས་ཕར་ལ་བཞུད་ཀྱང་། །
མི་གཤིས་ཀྱི་དཔེ་རུ་བཞག་སྟེ་སྐད་ཆའི་སྐུད་སྣེ་མ་དཔྱང་། །
སྤྲིན་ཕུང་ལ་བསིལ་མོ་རླུང་གིས་རེག་ཙམ་རེག་ཙམ་བྱས་ན། །
གློ་རྒྱག་ཏུ་ག་ཤེད་ཅིག་ཏུ་མྱུར་མོ་མྱུར་མོ་བྱོལ་འགྲོ། །


མདང་ནུབ།

             རྣལ།  ཕར་ཕྱིན་འོག་མ།
 
མདང་ནུབ་ཆར་ཞོད་འབབ་ཚུལ་ལན་འགར་བལྟས།།
མདུན་གྱི་ཆར་ཞོད་ནང་གི་ལྕང་སྡོང་བལྟས།།
ལྕང་ཕྲན་ལྕང་ལོར་ལྡེམ་པའི་ཚུལ་དེ་ཡིས།།
ང་ཡི་འབྲི་ཤོག་སྣག་ཚས་རབ་ཏུ་བརླན།།
དེ་ཉིད་མཚོན་ཐབས་གཞན་ཞིག་ཡོད་སྙམ་ཚེ།།
གློ་བུར་བྲག་ཅ་ཞིག་གིས་ལྷིང་འཇགས་བསྒུལ།།
གཏུད་མར་བྱེ་འུ་ཚོགས་དག་མཉམ་དུ་འཕུར།།
གངས་རིའི་རི་ཟོམ་བརྒལ་ཏེ་རྒྱང་ལ་འཕུར།།
ང་ཡི་འབྲི་ཤོག་སྟེང་གི་སྣག་ཚ་དག།
སྐད་ཅིག་བྱེའུ་ཁྱུ་ཉིད་ལ་སྤྲུལ་ཏེ་མངོན།།
དེ་ནས་རབ་རིབ་བཅས་ཏེ་གློ་བུར་ཡལ།།
 
རྣམ་རྟོག་ཀློང་དུ་སླར་ཡང་འཆར་བྱས་ནས།།
ཡལ་གར་བབས་ནས་རྒུམ་འབུ་འཐུ་བ་དང་།།
དེ་མུར་བྱེའུ་ཚང་སྐྱོང་ཚུལ་བྲིས་པ་ན།།
ཤོག་དཀར་ངོས་སུ་བྱེའུ་ཁྱུ་སླར་ཡང་མངོན།།
གཤོག་པའི་གསེབ་ནས་ཉི་འོད་གྲངས་མེད་འཆར།།
ལྗོན་པའི་མལ་ཁྲིའི་ཐོག་གི་ཟིལ་བ་སྤྲུག།
ང་ཡིས་དེ་ཉིད་ཡང་ཡང་མཐོང་བ་ན།།
སྡོང་མགོར་ཉི་མ་ལྡེས་པའི་བྱེ་འུ་ལ།།
སྙན་ཚིག་ཅི་ཙམ་འཁོར་བར་ཡང་ཡང་བལྟས།།
            ༢༠༢༢   ༥   ༡༤ རྫོང་སར།

ངོ་མཚར་གཏམ་གྱི་མཆོད་པ། 


                     དཔྱད་འཚོལ། མངོན་པ་འོག་མ།


རབ་མཛེས་མཚན་དཔེས་རབ་ཏུ་རྒྱན་པའི་སྐུ་ནི་འོད་ལས་གཟི་མདངས་ཆེ།།
སྙན་འཇེབས་ཚངས་པའི་དབྱངས་ཀྱིས་སྒྲོགས་པའི་གསུངས་ནི་གཉིས་མེད་རྡོ་རྗེའི་སྒྲ།།
མ་འདྲེས་ཁམས་གསུམ་ས་ལེར་མཁྱེན་པའི་ཐུགས་ནི་ནམ་མཁའི་ཀློང་དང་མཉམ།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་པའི་འདྲེན་པ་ཁྱོད་ནི་སླར་ཡང་བསུ།།།
 
རྒྱ་ཆེན་ཐུགས་ཀྱི་ལུས་སྟོབས་རྫོགས་པའི་བདུད་རྩི་ལྟ་བུའི་ཆོས་ཤིག་རྙེད།།
དམིགས་མེད་བརྩེ་བའི་སྤྱན་ཟུང་དཀར་པོ་གཟིམས་པ་མེད་པ་འགྲོ་ལ་འཕྲོ།།
ཕན་བདེའི་གཞི་གྱུར་མཛད་འཕྲིན་སྐར་ཕྲན་རྩོལ་མེད་ཕྱོགས་མཚམས་ཀུན་ཏུ་འབར།།
བསམ་མི་ཁྱབ་པའི་ས་བཅུར་ཕྱིན་པ་དང་བའི་དཔྱིད་ཀྱིས་སླར་ཡང་བསུ།།
 
མ་རིག་སྟུག་པོའི་ནང་ན་ལོག་པའི་སེམས་ཅན་སྣ་ཚོཊ་འདྲེན་པའི་དཔལ།།
འཁོར་རྩ་ལས་ཉོན་གཞན་དབང་གྱུར་པའི་སྐྱེ་དགུ་དཔག་ཡས་ཐབས་ཀྱིས་འདུལ།།
འགྲོ་དོན་སྟོབས་ཆེན་མཛད་པར་མངའ་བའི་ཤྭཀྱའི་སྲས་གྱུར་གོའུ་ཏ་མ།།
ཡ་མཚན་སྐུ་ཡི་མཚན་དཔེ་བལྟམས་པ་དད་གསུམ་ཀློང་ནས་སླར་ཡང་བསུ།།
 
སྤྱོད་པ་རྨད་བྱུང་ངོ་མཚར་ཆེའོ་མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ།།
མཁྱེན་ཡས་རྨད་བྱུང་ངོ་མཚར་ཆེའོ་བརྩེ་དང་ནུས་པ་རྒྱ་ཆེན་པོ།།
དཔྱོད་ཤེས་རྨད་བྱུང་ངོ་མཚར་ཆེའོ་ནང་སེམས་བརྟུལ་བ་ཆོས་འཛིན་པོ།།
ཚོཊ་གཉིས་རྨད་བྱུང་ངོ་མཚར་ཆེ་བ་སྲིད་པའི་མིག་གཅིག་སླར་ཡང་བསུ།།
 
བདག་ཅག་འཁོར་ཚོཊ་རྗེས་སུ་བཟུང་ཞིང་བྱིན་གྱིས་རློབས་པར་མཛད་དུ་གསོལ།།
བརྩེ་བའི་ཀློང་ནས་བོར་བ་མེད་པར་ཁྱེད་ཀྱི་རྗེས་སུ་འཛིན་པར་ཤོག།
བསྟན་པའི་རྒྱལ་མཚན་སྙིང་ལ་འཛིན་ཞིང་དངོས་གྲུབ་བརྙེས་པར་མཛད་དུ་གསོལ།།
ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་ཁྱེད་གསུང་ཆོས་ལ་རེག་པར་ཤོག།

ཚོན་མདངས་གཞན་པའི་མི། 
 
               ཁམས་པ་རབ་རྡོར། ཕར་ཕྱིན་གོང་མ། 
 
མཛེས་མའི་སྔུན་ནས་མིག་ལོག་ཐད་ཀར་གནང་།།
གོར་མོའི་མདུན་ནས་རི་རྒྱལ་བཞིན་དུ་བཞུགས།།
རྒྱས་སྤྲོས་འཚོ་བ་བཞད་གད་གཏམ་དུ་བརྩི།།
འདོད་ཡོན་མཐའ་རུ་བསྐྲད་པའི་ངེས་འབྱུང་པ།།
 
སྐབས་རེར་ཚོད་མེད་སྡུག་གིས་ངེས་འབྱུང་སྐྱེ།།
རིང་ནས་འདྲིས་པའི་ཕ་མའི་བཀའ་ཡང་བསྐྱུར།། 
གཅེས་པའི་ཆུང་མ་གྲོང་སྡེའི་མཐའ་རུ་གཡུག།
དབེན་པའི་རི་སུལ་འགྲིམས་ནས་ཏིང་འཛིན་སྤྱོད།། 
 
ལན་རེར་བཅོས་མིན་དོན་གྱི་ངེས་འབྱུང་སྐྱེ།། 
རང་ཡུལ་འདོར་ལ་རང་ཐག་རང་གིས་བཅད།།
ཞེན་པའི་ཡུལ་རྣམས་བྱ་སྐྱག་བཞིན་དུ་བཏང་།།
བློ་སེམས་ཆོས་ལ་བཅོལ་ནས་ལྷམ་མེར་བཞུགས།། 
 
ཐག་རིང་ཐག་རིང་ཅན་གྱི་མགྲོན་པོ་ཞིག།
གློ་བུར་ངུར་སྨྲིག་ཚོན་གྱིས་སྤུད་སོང་ཟེར།།
ཡུན་རིང་ཡུན་རིང་འགྲོགས་པའི་གྲོགས་མོ་ལ།།
ཕྱི་བལྟས་མེད་པར་ལ་ལུང་བརྒལ་སོང་ཟེར།།
 
མཛེས་པའི་གཟུགས་ཀྱང་ཚེར་མ་བཞིན་དུ་མཐོང་།།
སྙན་པའི་དབྱངས་ཀྱང་གཡུལ་སའི་སྒྲ་ལྟར་གོ།
བརྩེ་བའི་སེམས་ཀྱང་རྨི་ལམ་བཞིན་ཏུ་རྟོགས།།
མ་བཅོས་ལྷོད་ཀྱིས་ཀློད་པའི་ཉམས་ལེན་པ།།
          བོད་རྒྱལ་ལོ༢༡༤༩ལོའི་ཟླ་༣ཚེས་༡༠ལ།   

མགོན་པོ།
 
             ལྷན་པོ།  ཚད་མ་འོག་མ།
 
མི་ཁའི་རླུང་བུ་ཡར་མར་ཀུན་དུ་གཡུག་གྱུར་བས།།
ཁོ་བོའི་སེམས་ཀྱི་སྡོང་ལོ་དེ་ཡང་སྤུར་གྱུར་ཞིང་།།
འདབ་ཆགས་གང་དེས་གསུང་སྐད་དབྱངས་ལ་གྱེར་གྱུར་བས།།
ད་གཟོད་བདག་གི་གཤིས་དེ་མངོན་གྱིས་མཐོང་གྱུར་རོ།།
 
མུན་པས་ལེགས་ཚོགས་ཉི་འོད་སྣང་བ་བསྒྲིབ་འགྱུར་པས།།
འཁོར་བའི་མགྲོན་པོ་སུ་དང་གང་ཡང་བཀག་འགྱུར་ཞིང་།།
བསིལ་གྲིབ་ལྡན་པའི་རྒྱུ་སྐར་རྒྱལ་པོ་འཕགས་པས་ན།།
ད་གཟོད་སེམས་ཅན་སྡུག་གི་མུན་ལས་གསལ་གྱུར་རོ།།
 
སྐྱེ་འགྲོ་མི་རྟག་མི་ཚེ་འཛད་ལ་འཇིགས་འཇིགས་ཀྱིས།།
མཚན་མོའི་རྨི་ལམ་མནར་བའི་དངངས་སྐྲག་སྐྱེས་པར་གྱུར།།
དེ་ལྟ་ན་ཡང་ཞི་བའི་རྒྱལ་སྲས་གང་ཉིད་དེས།།
འཁོར་བའི་ཁྲོམས་ཚོགས་ན་ཟུག་གྲོལ་བའི་ལམ་བུ་བསྐྲུན།།
 
སྐྱེ་རྒ་ན་འཆིའི་འཇའ་ཚོན་མཁའ་རུ་དོད་པ་ཡིས།།
མནར་མེད་དམྱལ་ཁམས་མེ་སྲག་ཡིད་དུ་འཆར་གྱུར་རུང་།།
སེམས་དཔའ་ཆེན་པོའི་ས་ཐོབ་ཁྱེད་ཉིད་མ་བཞུར་ན།།
འབར་བའི་མེ་ལ་བུད་ཤིང་སྣོན་པ་ལྟར་འགྱུར་རོ།།
 
དེས་ན་དད་དང་བརྩེ་བའི་ཕྱག་ཟུང་པདྨོ་དང་།།
སྙིང་གི་དོ་ཤལ་གསེར་གྱི་ཨ་ལོང་ཁྱེད་ལ་འབུལ།།
དེའི་ཕྱིར་འདྲེན་པའི་ལྕགས་ཀྱུས་ཨ་ལོང་མི་འདོར་བར།།
གང་དུ་རྒྱུ་བའི་དག་པའི་གནས་སུ་ཁྲིད་པར་ཤོག།         

ཐོ་རངས་ཤིག་ལ།

              ངག་སར། ཚད་མ་འོག་མ། 
   
མེ་ཏོག་འདབ་མ་སིམ་སིམ་གཡོ་བ་ཡིས། ། 
ང་ནི་སྐྱ་རེངས་ཤིག་གིཚབ་ཏུ་གནས། ། 
ཞོགས་པའི་ཉི་ཟེར་ས་གཞིར་འཚེར་བ་ནས། ། 
བསིལ་རླུང་ངང་གིས་ལྡང་བའི་མི་ཡུལ་འགྲིམ། ། 
རྩི་ཤིང་རེ་རེའི་སྟེང་གི་སྙན་ངག་དེས་། ། 
བརྩེ་བའི་མི་ལ་ཐོ་རངས་ཁམས་བདེ་ཞུ། ། 
 
འཁྲི་ཤིང་སྔ་ན་གཡོ་བ་མེད་པར་མཐོང་། ། 
དགུང་གི་རྩེ་མོར་ཁ་བས་རྒྱན་ཆ་བཏགས། ། 
རླུང་བུས་སིལ་སིལ་ལྡང་བའི་གར་གྱིས་ན། ། 
དབྱར་གྱི་མཛེས་སྡུག་ཁ་བས་སུབ་སོང་བ། ། 
ད་ནི་སྟོན་ཁའི་ཐོ་རངས་ཡིད་ལ་བསྐུལ། ། 
 
བདག་ནི་ཡིད་འོང་ཁྱིམ་གྱི་དགའ་ཚལ་དུ། ། 
ཚངས་མགུར་ཐོས་པའི་ཁྲུང་ཁྲུང་མཛེས་སྡུག་བྲིས། ། 
མེ་ཏོག་འདྲ་བའི་བྱ་ཁྱུ་ཅི་ནས་རྨད། ། 
ངག་ལ་འཐེན་ཞོར་དབྱངས་ཅན་ལྷ་མོ་ཡི། ། 
བྱད་གཟུགས་དྲི་མེད་གཅིག་ཏུ་བསྒུལ་བས་ན། ། 
བདག་ལ་ད་དུང་དངོས་གྲུབ་བསྩལ་དུ་གསོལ། ། 
             ༢༠༢༢   ༥  ༡༣


འཛུམ་བཞད་ཟླ་བའི་ཞལ་རས།
 
              སྨིན་ཚངས་སྲས། དབུ་མ་གོང་མ།
 
ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔའི་འཛུམ་ཞལ་ལྷད་མེད་ཀྱིས་མཛེས་ཤིང་། །
མུ་ཏིག་ཚར་དུ་དངར་བར་བྲིས་པའི་གཟི་འོད་གསལ་བོ་ཞིག་འཁྱུད་པའི། །
མཚན་མོ་མཁའ་ལ་རྒྱུ་བའི་སྨིན་ལེགས་གཙུག་ན་འཇོ་སྒེག་ཉམས་བསྐྲུན་པའི། །
བྷོ་ཊ་ཞེས་བྱ་ཡུལ་ནས་བྱོན་པའི་ཚེ་རིང་མིང་ཅན་གྱི་མཛངས་མ། །
 
དབྱངས་ཀྱི་རྒྱལ་མོ་དོན་ལ་འགྲན་ཟླར་བྲལ་བའི་འཇིག་རྟེན་གྱི་ལྷ་སྟེ། །
སྐྱེ་བོ་ཀུན་པོའི་ཡིད་ཀྱི་བརྟན་པ་གཞི་ནས་འཕྲོག་བྱེད་ཀྱི་མཛེས་མ། །
རྒྱུད་མངས་རྒྱན་དུ་རྒྱུན་གྱིས་འཛིན་པ་མིན་ཡང་སྐད་ངག་ནི་སྙན་ཞིང་། །
བདག་ཀྱང་ཡིད་སེམས་དལ་བུར་དབང་མེད་འདི་ཡི་རྗེས་སུ་ཕྱོཊ་ལ་འཇུག །
 
མིག་གིས་ལན་རེ་བལྟས་ཚེ་སྐྱེ་བོ་དགྱེས་པའི་ཡིད་བཞིན་གྱི་ནོར་བུ། །
ནགས་ཚལ་སྟུག་པོའི་སྨིན་མ་རླུང་གིས་ཅུང་ཟད་བསྐྱོད་པ་ལྟར་འདྲ་པས། །
ཁོང་ཁྲོ་ཅན་གྱི་མཐོང་ཚེ་གདུང་བ་རིང་ནས་སྤངས་ཏེ་སེམས་ངོས་ལ། །
ཐེངས་གཅིག་མིན་པའི་དགའ་བ་ཡང་ཡང་རྒྱས་པའི་མཐུ་ནི་མ་ནུས་སམ། །
 
དམར་ལ་བརླན་ཞིང་ཐུར་སྤྲང་དྲི་ཞིམ་ལྡང་བའི་མཆུ་ཏོ་ཡི་བར་སྟོང་། །
འོད་ཟེར་ཅིག་ཅར་འཕྲོ་བའི་མུ་ཏིག་སོ་འཛུམ་ཕྲེང་མཛེས་ཀྱི་ལྡིང་ཁར། །
དབྱངས་ལྕེ་ལྷུག་པོ་སྨྲ་བའི་ངག་འཇམ་སྙན་ཞིང་དོན་དམ་གྱི་གཏམ་དེས། །
སྒྲ་འཛིན་བུ་གར་ཐོས་ཏེ་ཅི་ཕྱིར་ལུས་ཀྱི་བ་སྤུ་གཡོ་ལ་གྱུར། །
 
འཇམ་དཀར་ལུས་ལ་སྤོས་ཆར་དྲི་གཙང་བགོས་པའི་སྐེད་མེད་མའི་གཙུག་ཏོག །
སྒྱུ་མ་སྣ་ཚོགས་འདུས་པའི་གར་ལ་སྦྱོར་མཁན་རྣམ་མང་གི་རྒྱན་ཞིག །
ཁ་བ་གངས་ཅན་ལྗོངས་ཀྱི་སྨིན་ལེགས་དབུས་ནས་མངོན་སུམ་གྱིས་མཛེས་པའི། །
ཁྱོད་ནི་ང་ཡི་སྙིང་གར་སྡུག་པ་ལན་གཅིག་མིན་ཏེ་གྲངས་ལས་འདས། །
 
ཉམ་ཆུང་ཚུལ་གྱིས་མཛེས་པའི་གཡོན་མས་དགའ་ཕྱོགས་ལྗིད་པོ་རྒྱབ་ལ་ཁུར། །
འཇོ་སྒེག་མེ་ཏོག་རློམ་སེམས་ཨ་ཅེ་ཚེ་རིང་སྐྱིད་ཀྱི་ཅིག་ཅར་དུ་འཕྲོག་ཅིང་། །
ཁའི་ཆུ་ཟེགས་མ་རེ་རེས་བ་གུ་ལ་ཡི་དགྱེས་དགའ་འཕེལ་བྱེད་པའི། །
ཁོ་བོའི་སེམས་ངོས་ལན་གཅིག་མིན་པའི་དྲན་པ་ཁྱོད་ལས་གཞན་ནི་སུ། །
 
གཡོ་སྒྱུའི་སེམས་ཀྱིས་བསླད་པའི་རང་གཤིས་འཁྱོག་པོ་བོར་ནས་དྲང་སྲོང་གནས། །
ངག་རྒྱུན་རྩུབ་པོ་རིང་དུ་སྤངས་ཏེ་སྙན་ཞིང་འཇེབས་པ་སྨྲ་བར་འབད། །
ལྟ་སྟངས་མ་མཛའ་རྒྱང་ན་གཡུགས་ཤིང་མིག་གི་དཔྱིད་དཔལ་སྟེར་ལ་མཁས། །
དེ་ནི་རང་བློར་ཡུན་གྱིས་ཉལ་བའི་ཁྱོད་ཡིན་འཕྱང་མོ་ཉུག་པ་འགག །
 
སྒྲིབ་གཉིས་དྲི་མས་གོས་ཀྱང་དག་གསལ་ལང་ཚོ་སྨིན་པའི་སྐྱེས་གཟུགས་མཛེས། །
ཟླ་བའི་འོད་ཀྱི་ལེགས་ཆ་རྐུ་བ་མིན་ཡང་དཀར་མདངས་ཤིག་འཁྱུད་པ། །
སྣག་ཚའི་འབྲི་སྨྱུག་མ་བྲིས་གནག་སྣུམ་ཅན་གྱི་སྨིན་མ་གཡོ་ཞིང་ཅུང་ཟད་སྤུར། །
སྲིད་འདིར་འཇལ་བའི་ལྷ་དང་རྗེས་འཆང་ན་གཞོན་ཁྱུང་སྲས་ཀྱི་བུ་མོ། །

འཕྲིན་ཡིག་མིང་མེད།

               མྱི་གསར་བ། མངོན་པ་འོག་མ། 
 
གློ་བུར་རྒྱང་རིང་གྲོགས་ཀྱིས་འཕྲིན་པ་འབྱོར།།
འཕྲིན་པའི་ནང་དུ་ཕོ་ལོ་ཉེར་བདུན་གྱི།།
རང་དབང་བོར་བའི་སྡུག་བསྔལ་ཕྱེད་ཀ་དང་།།
བདེན་པའི་རྒྱུ་འབྲས་ཤོར་བའི་གདུང་སེམས་དང་།།
རྨི་ལམ་ཆག་པའི་སྐྱོ་གར་སྣ་ཚོགས་བཅས།།
མཚོན་ཐབས་མི་གཅིག་སྐད་ཡིག་འདྲ་མིན་ལས།།
ནམ་ཞིག་བརྩམས་པར་གནང་བའི་ཟླ་ཚེས་ཡང་།།
ངུ་དགོད་འདྲེས་མའི་འཕྲིན་པའི་ནང་ནས་བཀླགས།།
 
དེ་ལྟར་འདི་ལྟར་འཚོ་བའི་སྔ་གཞུག་ཏུ།།
འབྲེལ་ཡོད་ཚེ་སྲོག་ག་ཙམ་འགག་པ་དང་།།
འབྲེལ་མེད་རྡུལ་ཕྲན་ཅི་ཙམ་སྐྱེས་པ་སོགས།།
གུས་པའི་ཟིན་དེབ་ངོས་སུ་བཀོད་པར་མཛད།།
འཇིག་རྟེན་སྨུག་རྒྱུའི་ནགས་ཚལ་ཆེན་པོ་ནས།།
འུ་ཅག་སྐྱེ་འཆིའི་རེའུ་མིག་ནང་དུ་ལྷུང་།།
སྐབས་རེར་སྨྲེང་བའི་མིག་གི་མཚོ་ཡང་བཞུར།།
སྐབས་རེར་ངོ་མཚར་སྙམ་ནས་དགོད་ཡང་འཛུམ།།
              2022  5  13
                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease