ལྷ་ཚོགས་དང་གཞན་དག

    རྩོམ་པ་པོ། མདོ་སྨད་ཧེ་རུ་ཀ

ལྷ་ཚོགས་དང་གཞན་དག

             རྩོམ་པ་པོ།  མདོ་སྨད་ཧེ་རུ་ཀ



བསང་དུད་ནམ་མཁར་གཤེགས་ཤུལ་གྱི།
ཉི་མ་ནུབ་རིར་ཡིབ་པས།
མཚན་སྨག་གིས་ང་ལ་འོད་སྣང་དྲན་དུ་བཅུག
སྐར་ཚོགས་ནི་མིག་ཆུ་མིན་ཡང་།
བྲང་ཁོག་བརླན་བྱེད་ཀྱི་དགུ་ཚིགས་སྐྱ་མོ།
བསང་དུད་བཞིན་ངའི་ཡ་ཆུང་ལ་འཐིབས་པས།
ངས་ནམ་མཁའ་དང་ས་གཞིའི་བར་གྱི་མི་ཚོགས་དྲན་བྱུང་།
བསང་དུད་ཁོ་ན་ནི་སྦྲེལ་ཟམ་གྱི་རྨུ་ཐག་ཉག་ཅིག་སྟེ།
མི་ཚོགས་ཀྱི་ཁྲོད་ནས་འཁྲིགས་ཏེ།
ལྷ་ཚོགས་ཀྱི་ཁྲོད་དུ་འཐིམས་པའི།
མཛེས་སྡུག་གི་རི་མོ་ཞིག
སྙན་འཇེབས་ཀྱི་རོལ་དབྱངས་ཤིག
བསང་དུད་ནམ་མཁར་གཤེགས་ཤུལ་གྱི།
ཉི་མ་ནུབ་རིར་ཡིབ་པས།
མཚན་སྨག་གིས་ང་ལ་འོད་སྣང་དྲན་དུ་བཅུག
                  ༢༠༡༥/༥/༡༥ མཚན་མོར།


                             རྩོམ་སྒྲིག་པ། འཕགས་མི།