ལྷ་ཚོགས་ཚང་དང་ཁ་གཡང་།

    རྩོམ་པ་པོ། སྒོ་རབ་རྒྱས།

ལྷ་ཚོགས་ཚང་དང་ཁ་གཡང་།
 
             རྩོམ་པ་པོ།  སྒོ་རབ་རྒྱས།



སྨིག་སྒྱུའི་མཚོ་མོར་བརྒལ་བའི་གྲུ་ཆུང་ལ།
དྲག་ཏུ་རྒོལ་བའི་ཆུ་ཡི་གཉེར་རིས་ཁྲོད།།
འོད་དུ་འཚེར་བའི་ང་ཡི་དྲན་པའི་འཛུམ།།
སྲིད་ཁམས་ཆེན་མོའི་ལྟེ་བར་མ་ཤོང་བར།།
གཞན་ནས་གཞན་དུ་ཆས་པའི་ཡུས་ཆེན་ཞིག།
ངང་གིས་བཞེས་པའི་དར་དཀར་སྐྱོད་པའི་ངོགས།།
ས་གནམ་བར་དུ་འཕུར་བའི་སྡོང་ལོ་བཞིན།།
ཉིན་མཚན་རྨི་ལམ་བརྗེས་པའི་སྒྲ་དབྱངས་ཤིག།
གྲིབ་མར་ཁེན་པའི་སྙིང་གི་ཕོ་བྲང་ངམ།།
ཁེར་རྐྱང་འཚོ་བའི་དབྱིངས་སུ་རྩེན་བཞིན་དུ།།
འཕྱ་ཞིང་དམོད་པའི་ཚིག་གི་ཟུར་ཁ་ཡིས།།
ཧྲལ་ཧྲུལ་གཏོང་བའི་སེམས་ཀྱི་དག་ཞིང་ལ།།
གྱེས་བརྡ་ལན་གཅིག་བཏང་བའི་དབུ་ཁྱུད་དུ།།
དངངས་འདར་ཡང་ཡང་རྒྱག་པའི་ལུས་ཀྱི་ཉམས།།
བརྩད་ནས་འཇོམས་པའི་མཚན་མོའི་བྲང་གཞུང་དུ།།
དབྱངས་ཅན་པི་ཝང་འཁྲོལ་བའི་ལྷ་ཚོགས་ཀྱི།།
ཤེས་རབ་མཚོན་གྱིས་བརྡར་བའི་རྡོ་རིང་ངོར།།
ལམ་ལམ་འབར་བའི་གསེར་གྱི་ཡིག་འབྲུའི་གཟིས།།
ཁམས་གསུམ་ལུག་ཁྱུ་བཞིན་དུ་འཚོ་བར་ཤོག།
ལུག་ཁྱུ་སྐར་ཚོགས་བཞིན་དུ་འཕེལ་བར་སྨོན།།

 
        2015-5-15 དགོང་མོའི་ཆུ་ཚོད་བཅུའི་སྟེང་།
             
   རྩོམ་སྒྲིག་པ། འཕགས་མི།