ལང་ཀར་གཤེགས་པའི་མདོ་ལ་དཔྱད་པ་སྔོན་མེད་ལེགས་བཤད་གསར་བའི་དགའ་སྟོན།

     རྨུགས་སང་སྟོབས་ལྡན་གྱིས་བརྩམས།

ལང་ཀར་གཤེགས་པའི་མདོ་ལ་དཔྱད་པ་སྔོན་མེད་ལེགས་བཤད་གསར་བའི་དགའ་སྟོན།
 

                     རྨུགས་སང་སྟོབས་ལྡན་གྱིས་བརྩམས།



 ༡༽  ལང་གཤེགས་ཀྱི་མདོ་གསུང་སའི་གནས་དང་ད་ལྟའི་ཆར་གྱི་ས་ཁོངས། 

ཐོག་མར་མདོ་ཉིད་ཀྱི་གླེང་གཞིའི་སྐབས་ནས་འབྱུང་བ་ལྟར་གང་དུ་གསུང་སའི་གནས་ནི་ལང་ཀའི་གྲོང་རྡལ་གྱི་རི་མ་ལ་ཡ་ཡི་རྩེར་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གནས་ཉིད་ཡིན། ད་ལྟའི་ཆར་ལང་ཀ་ནི་རྒྱ་གར་གྱི་ལྷོ་ཕྱོགས་སིངྒ་ལ་ཡི་གནས་ལ་བཞེད་པ་ཕལ་ཆེར་ཡོངས་གྲགས་སུ་མཆིས། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་ལ་བདེན་ཚིག་གཡུ་ཡི་ཁྲ་ཚོམ་བཀོད་པའི་ལེགས་བཤད་ལས་འབྱུང་བར་སྙམ། ལང་ཀའི་གྲོང་རྡལ་གྱི་རི་མ་ལ་ཡ་ཞེས་པའི་ཚིག་ཟུར་གྱི་རི་མ་ལ་ཡ་ནི་སིངྒ་ལའི་ཡུལ་ཆ་གསུམ་དུ་བགོས་པའི་ཕྱོགས་ཅིག་གངྒ་འབབ་པའི་ནུབ་ཕྱོགས་ཀྱི་རི་ལ་ཟེར། དེའི་རྩེ་མོ་ནི་མདོ་ཉིད་གསུང་སའི་གནས་ལགས། གླིང་ཕྲན་འདི་ནི་རིན་པོ་ཆེ་ཡི་རིགས་དུང་དང་མུ་ཏིག་སོགས་ཀྱི་འབྱུང་ཁུངས་ཡིན་པ་གྲགས་ཆེ་ཞིང་། སངས་རྒྱས་ཞལ་བཞུགས་པའི་དུས་ཀྱི་ཚོང་པ་རྣམས་རྒྱ་མཚོར་བགྲོད་ནས་རིན་པོ་ཆེ་བཙལ་སའི་གནས་ཀྱང་ཡིན། མ་ཟད་མདོ་ཡི་གླིང་གཞི་རྣམས་སུ་ཡང་ཡང་འབྱུང་བ་དང་འཇིག་རྟེན་ན་ཆེས་ཡོངས་སུ་གྲགས་པའི་ཚོང་དཔོན་ནོར་བུ་བཟང་པོ་ཡང་གླིང་འདིའི་བདག་པོ་ཡིན། ལངྐའི་ཡུལ་ལ་མིང་གཞན་ལྷོ་ཕྱོགས་རྒྱ་མཚོའི་མུ་ཏིག་གླིང་ཞེས་དང་། གསེར་གླིང་དང་ཟངས་གླིང་ཞེས་ཀྱང་གྲགས། ལང་ཀ་ངོས་འཛིན་གྱི་ཐད་ལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་དཔྱད་པ་ཞིག་གནང་འདུག་ཀྱང་ཡིད་ཆེས་རྙེད་པ་རང་མ་བྱུང་། རཱ་མ་ཎའི་གཏམ་རྒྱུད་དུ་གྲགས་པའི་སྲིན་པོའི་གླིང་ནི་ལངྐའི་ཡུལ་དང་རྒྱལ་པོ་ལངྐ་མགྲིན་བཅུ་ཡང་མདོ་འདི་གསོལ་བ་འདེབས་མཁན་གྱི་འབོད་འགྲོགས་ཡིན། འདི་ནི་ཕལ་པའི་བློ་ཡུལ་དུ་འགྲོ་དཀའ་སྟེ་སྲིན་པོའི་གླིང་ནི་གོ་ལ་གཞན་ཞིག་དང་། དེའི་རྒྱལ་པོ་ནི་ཁ་མིག་བགྲད་ཅིང་རལ་པ་གྱེན་དུ་གཟེངས་པ་མཐོང་ན་སྙིང་རྩ་འགས་པའི་གདོན་འདྲེ་ཞིག་ཏུ་གྲགས་ཆེ་བས་ལན་ནམ་སྙམ། དོན་དངོས་སུ་ལངྐ་མགྲིན་བཅུའམ་འབོད་འགྲོགས་ནི་ང་ཚོ་དང་འདྲ་བ་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་འབོད་འགྲོགས་མུ་སྟེགས་པའི་ལྟ་བས་རྒྱུད་བསླད་པ་ཞིག་ཀྱང་གསུངས་ཡོད། སྲིན་པོ་གནོད་སྦྱིན་གྱི་རིགས་སུ་གཏོགས་ཤིང་གནོད་སྦྱིན་ཞེས་བྱ་བ་ནི་ཁྲོ་གཏུམ་ཆེ་ཞིང་དཔའ་བ་འཇིགས་སུ་རུང་བ་ལ་གསུངས་པ་དང་། སྔོན་ལངྐའི་ཡུལ་གྱི་མི་རྣམས་སྤྱོད་པ་གདུག་རྩུབ་ཆེ་བ་ལོ་རྒྱུས་ལས་བྱུང་བ་གཉིས་ལ་ཚོད་དཔག་བྱས་ན་ཡུལ་དེའི་མི་རྣམས་ལ་སྲིན་པོ་ཞེས་པའི་མིང་ཐོགས་ཡོད་པ་འདྲ། གཏམ་རྒྱུད་འདི་ལ་སྒྲུང་གཏམ་འདྲེས་པའི་ཆ་ཡོད་ཀྱང་ལང་ཀའི་ཡུལ་ལ་རཱ་མ་ཎའི་སྤྲེལ་དམག་དྲངས་པ་དང་། རྒྱལ་པོ་འབོད་འགྲོགས་ཀྱིས་འཇིག་རྟེན་གྱི་ལྷ་ཆེན་པོ་མཆོད་པ་དང་། ལྷ་མོ་ཨུ་མ་བཙུན་མོ་རོལ་པ་སོགས་ཀྱི་ལོ་རྒྱུས་ནི་ཁས་ལེན་པར་འདུག ། རྒྱའི་མཁན་པོ་ཇྙཱ་ན་བཛྲའི་ལང་གཤེགས་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་དུ་གཏམ་རྒྱུད་དེ་དག་ཚུལ་བསྟན་གྱི་རྣམ་པ་ཞིག་ཀྱང་གསུངས་ཡོད། གཞན་ཡང་ད་ལྟའི་སིངྒ་ལའི་ས་བཀྲ་དང་སྔོན་གྱི་ལོ་རྒྱུས་གཉིས་བསྡུར་ན་དེ་གཉིས་ཡུལ་གཅིག་པ་ལ་ངེས་ཤེས་རྙེད་པ་ཞིག་འདུག ། གཏམ་རྒྱུད་གསེར་ཐང་ལས། རྒྱ་གར་ལྷོ་ཕྱོགས་སུ་བསྟན་པའི་སྣེ་དང་ཉེ་བར་མདྷུར་ཏེ་སྦྲང་རྩིའི་ཡུལ་དང་། དེའི་ཤར་ལྷོ་ངོས་ནས་ས་ལག་ཆེན་པོ་ཞིག་རྒྱ་མཚོའི་དབུས་སུ་བརྐྱངས་པ་ལ་མནྡཡ་ཟེར། ས་ལག་དེའི་མཐའ་ཟད་ནས་ལྕགས་ཟམ་ཤིན་ཏུ་རིང་པོ་ཞིག་གིས་རམེཤརཱའི་གླིང་དང་སྦྲེལ་ཞེས་དང་། འདི་མུ་སྟེགས་ཀྱི་སྒྲུང་ནས་བཤད་པའི་སྤྲེའུའི་ཟམ་པའི་ཤུལ་ཡིན་སྐད་གསུངས་པ་ནི་ད་ལྟའི་སིངྒ་ལའི་ས་བཀྲ་ངོས་གསལ་པོར་མཐོང་རྒྱུ་ཡོད་པ་འདི་ནི་ཡིད་རྟོན་འཁེལ་བའི་བདེན་དཔང་ཞིག་ཏུ་མཐོང་། མདོ་ཡི་མཚན་བྱང་ཡང་ལང་ཀའི་གནས་འདིར་གསུངས་པས་དེ་ལྟར་ཐོགས་སྙམ། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་འདུལ་བའི་ཕྱིར་ལང་ཀའི་གྲོང་རྡལ་དུ་བཞུགས་པས་ན་མདོ་སྡེ་འདི་ལང་ཀར་གཤེགས་པ་ཞེས་བྱའོ་གསུངས་འདུག ། སྤྱིར་ན་རྒྱ་གར་གྱི་ཡུལ་གྲུ་ཁག་ཏུ་སྟོན་པ་ཞལ་བཞུགས་པའི་སྐབས་དང་ཁོང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཡས་མས་བར་ཡོངས་གྲགས་ལ་ཐེག་དམན་གྱི་ཆོས་དང་དེའི་སློབ་ཚོགས་མང་བ་ལྟར་གླིང་འདི་ཡང་ཐེག་དམན་གྱི་ཆོས་དར་རྒྱས་ཆེ་བ་གཅིག་མཚུངས་སྙམ། རྗེས་སུ་ཡང་ཉན་ཐོས་སྡེ་བ་བཅོ་བརྒྱད་ལས་གནས་བརྟན་སྡེ་བའི་ལུགས་ཀྱི་དམ་ཆོས་འདུལ་བའི་ཕྱག་བཞེས་གཙོ་ཆེར་དར་བ་ལོ་རྒྱུས་དང་ཆོས་འབྱུང་དུ་གསལ་མོད། ཐེག་ཆེན་གྱི་ཆོས་གཏན་ནས་དར་མ་མྱོང་བ་མིན་ཏེ། སིངྒ་ལའི་ལོ་རྒྱུས་ལས་ནང་བསྟན་ཆོས་ལུགས་སྡེ་ཚན་གསུམ་གྱེས་སོང་བ་དང་། འཇིགས་མེད་རི་བའི་སྡེ་བ་ཁག་གཅིག་གིས་ཐེག་ཆེན་ཆོས་ཀྱི་གནས་གཞི་བཙུགས་པ་སོགས་ཀྱང་ལོ་རྒྱུས་སུ་གསལ། མ་ཟད་གླིང་འདིའི་སློབ་དཔོན་རྣམས་ཀྱིས་ཐེག་ཆེན་གྱི་མདོ་སྡེ་རྣམས་ལ་འགྲེལ་བཤད་ཀྱང་མཛད་པར་གྲགས། ལྷག་ཏུ་སྡེ་དགེའི་བསྟན་འགྱུར་དུ་ད་ལྟར་བཞུགས་པའི་སིངྒ་ལའི་སློབ་དཔོན་སའི་རྩ་ལག་གིས་མཛད་པའི་དམ་ཆོས་པདྨ་དཀར་པོའི་འགྲེལ་བཤད་འདི་ལས་ཀྱང་གསལ་བཤད་བྱས་འདུག་སྙམ།


༢༽  སྟོན་པའི་རྣམ་ཐར་ལ་ལང་གཤེགས་གསུངས་པའི་དུས་ཀྱི་ཁུངས་བཅོལ་བ།

སློབ་དཔོན་ཀུན་དགའ་སྙིང་པོས། བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ། །ཞེས་གསུངས་པ་ལྟར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་བདག་ཅག་གི་སྟོན་པ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་འོག་མིན་གྱི་གནས་སུ་སངས་རྒྱས་པར་བཞེད། དེའི་ཚེ་འོག་མིན་དང་གནས་ངེས་མེད་ལ་ཆོས་འཁོར་རྒྱ་ཆེན་བསྐོར། སླར་ཡང་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་ནས་རྡོ་རྗེའི་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ཡང་བསྐྱར་གསུངས་པའི་རྒྱུད་སྡེ་རྣམས་ལ་བཟླས་ཏེ་གསུངས་པའི་རྒྱུད་ཅེས་གྲགས། དཔེར་ན་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལྟ་བུ་ཡིན། ལང་ཀར་གཤེགས་པའི་མདོ་ལ་བཟླས་ཏེ་གསུངས་པའི་མདོ་ཞེས་པའི་ཐ་སྙད་དངོས་སུ་མི་སྣང་ཡང་དོན་ལ་དེ་ལྟར་ཐོབ། དོན་འདི་ཁོང་དུ་མ་ཆུད་ན་ལང་གཤེགས་ཀློག་པའི་སྐབས་སུ་ཚིག་འགའ་རེས་འཁྲུལ་གཞི་བྱས་ཏེ་མདོ་མ་ཡིན་པར་འཛིན་པའི་ཕྱིན་ཅི་ལོག་གི་བློ་སྐྱེ་བའང་འབྱུང་སྲིད། འབོད་འགྲོགས་ཀྱིས་གསོལ་བ་བཏབ་པ་ལས། ལང་ཀར་གཤེགས་པའི་མདོ་སྡེ་ནི། །སངས་རྒྱས་སྔ་མས་གསུངས་པའོ། །ཞེས་གསུངས་པ་ལྟར་སྟོན་པ་འདིའི་སྔོན་ནས་སངས་རྒྱས་སྔ་མས་གསུངས་ཟིན་པ་ཡིན། སྐབས་དེའི་ལང་གཤེགས་གསུངས་པའི་དུས་ནི་ཤིན་ཏུ་ལྐོག་གྱུར་སོང་བས་བདག་བློའི་ཡུལ་དུ་མ་གྱུར་བས་དཔྱད་ཐབས་བྲལ། ད་ལྟའི་སྟོན་པ་བདེ་བར་གཤེགས་པས་ལང་ཀར་གཤེགས་པའི་མདོ་གསུངས་པའི་དུས་ཉིད་སྐབས་དོན་གྱི་གླེང་བྱ་ལགས། མདོ་ཡི་གླིང་གཞི་ལས། བཅོམ་ལྡན་འདས་རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ཞག་བདུན་ལོན་ཏེ་བྱུང་ནས་བརྒྱ་བྱིན་དང་། ཚངས་པ་དང་། ཀླུའི་བུ་མོ་བྱེ་བ་དུ་མས་བསུ་བ་དང་ལང་ཀའི་རི་མ་ལ་ཡ་ལ་གཟིགས་ཏེ། ལང་ཀའི་གྲོང་རྡལ་གྱི་རི་མ་ལ་ཡའི་རྩེ་མོ་འདིར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས། རྟོག་གེའི་ལྟ་བ་མུ་སྟེགས་ཅན་དང་། ཉན་ཐོས་དང་རང་སངས་རྒྱས་དང་། འཕགས་པའི་ཡུལ་མ་ཡིན་པ་དེ་དག་གིས་བསྒོམས་པའི་ཆོས་བསྟན་ཏེ། ངས་ཀྱང་དེ་ཉིད་དུ་གནོད་སྦྱིན་གྱི་བདག་པོ་འབོད་འགྲོགས་ཀྱི་ཕྱིར་དེ་ཉིད་བསྙད་ཅིང་ཆོས་བསྟན་ཏོ་སྙམ་ནས་འཛུམ་པ་མཛད་དོ་ཞེས་གསུངས། གླིང་གཞི་འདི་ལས། ཤཱཀྱ་ཐུབ་པ་ཀླུ་ཡུལ་དུ་ཞག་བདུན་བཞུགས་པའི་རྗེས་སུ་ལང་ཀར་གཤེགས་པའི་མདོ་གསུངས་པ་དངོས་སུ་བསྟན་པ་ཙམ་ལས་སངས་རྒྱས་པའི་ལོ་དང་དེའི་ཕྱི་ལོ་སོགས་དུས་ནམ་ཞིག་ལ་གསུངས་པ་མདོ་ཉིད་ལས་གསལ་པོར་བསྟན་མེད། གཏམ་རྒྱུད་གསེར་ཐང་ལས། ལང་ཀའི་ཡུལ་དུ་སངས་རྒྱས་ལན་གྲངས་གསུམ་ཕེབས་པར་གསུངས་པའི་དང་པོ་སངས་རྒྱས་པའི་ལོ་ལ་རི་རྩེར་ཕེབས་ནས་སྲིན་པོ་རྣམས་ལ་ཆོས་བསྟན་པར་གསུངས། འདིའི་ཆ་ཤས་འགའ་ཞིག་གླིང་གཞི་དང་ཤིན་ཏུ་འགྲིགས་པས་ཁུངས་ཐུབ་ལྟ་བུར་སྣང་ཡང་ཞིབ་མོར་དཔྱད་ན་མི་འཐད། དཔེར་ན་ལང་ཀའི་རི་རྩེར་སྲིན་པོ་རྣམས་ལ་ཆོས་བསྟན་ཞེས་པ་དང་། གླིང་གཞིར་རི་མ་ལ་ཡའི་རྩེ་མོར་འབོད་འགྲོགས་ལ་ཆོས་བསྟན་གསུངས་པ་ལྟ་བུ་དང་། ཐུན་མོང་བའི་རྣམ་ཐར་ལས་སྟོན་པ་སངས་རྒྱས་པའི་ལོ་དེའི་བདུན་ཕྲག་ལྔ་པ་ལ་ཀླུ་ཡུལ་དུ་ཕེབས་པར་གསུངས་པ་རྣམས་ལ་བལྟས་ན་འགྲིག་འགྲིག་ལྟར་སྣང་མོད། གླིང་གཞི་ལས་འཁོར་དུ་དགེ་སློང་གི་དགེ་འདུན་ཞེས་ལང་ཀར་གཤེགས་པ་གསུངས་པའི་འཁོར་དུ་དགེ་སློང་ཡོད་པར་བསྟན་པས་མི་འཐད། དེ་ཡང་སྟོན་པའི་རྣམ་ཐར་ལས་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་སུ་འཁོར་ལྔ་སྡེ་ལ་ཆོས་འཁོར་བསྐོར་བ་དེའི་ཚེ་ལྔ་སྡེའི་རྒྱུད་ལ་ཡེ་ཤེས་ཁོང་ཆུད་ཀྱི་སྡོམ་པ་སྐྱེ་བ་དང་དགེ་སློང་གི་ཐོག་མར་ལྔ་སྡེ་ཆགས་པ་ཡོངས་གྲགས་ཡིན། ལང་གཤེགས་ཀྱི་བམ་པོ་ལྔ་པ་དང་། དྲུག་པ། བདུན་པར་འབྱུང་བའི་མདོ་རྣམས་ཀྱི་གླིང་གཞི་དང་ཡང་འགལ་བར་འདུག །གཏམ་རྒྱུད་གསེར་ཐང་ལས། སྟོན་པ་སངས་རྒྱས་ནས་ལོ་ལྔའི་དུས་སུ་ཀླུ་ལ་ཆོས་སྟོན་པར་བྱོན་པའི་ཚེ་ལང་ཀའི་ཡུལ་དུ་ཕེབས་པར་བཞེད། བཅོམ་ལྡན་འདས་སངས་རྒྱས་ནས་རྒྱ་གར་ཡུལ་རྣམས་སུ་བྱོན་པའི་རྣམ་ཐར་གྱི་གོ་རིམ་དང་བསྒྲིགས་ན་འདི་འཐད་ཆེ་བར་འདུག །མངོན་པར་འབྱུང་བའི་མདོ་ལས། སངས་རྒྱས་ནས་བཱ་རཱ་ཎ་སི། ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས། ག་ཡཱ། མ་ག་དྷཱ། རྒྱལ་པོའི་ཁབ། གཉན་ཡོད། སེར་སྐྱའི་གྲོང་རྣམས་སུ་རིམ་བཞིན་ཆོས་འཁོར་བསྐོར་བར་གསུངས་ཡོད། དེ་ལྟར་ན་སྟོན་པ་སངས་རྒྱས་ནས་ལོ་ལྔ་པའི་ཆོས་འཁོར་བསྐོར་བའི་གནས་ནི་རྒྱལ་པོའི་ཁབ་དང་མཉན་ཡོད་ལ་འཁེལ་འདུག །ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལ་སྡེ་དགེའི་བཀའ་འགྱུར་དུ་རིགས་གསུམ་བཞུགས། དང་པོ་རྒྱལ་པོའི་ཁབ་དང་། གཉིས་པ་དང་གསུམ་པ་ཀླུ་ཡི་གནས་རྒྱ་མཚོར་གསུངས་པར་བཞེད། འདི་ལས་སངས་རྒྱས་རྒྱལ་པོའི་ཁབ་ཏུ་བཞུགས་སྐབས་ཀླུ་ཡུལ་དུ་ཕེབས་པ་ཤུགས་ལ་གོ །ལང་གཤེགས་ལས་འབྱུང་བའི་མདོ་རྣམས་ཀྱི་གླིང་གཞི་དང་ཡང་འགྲིགས་ཆེ་བར་སྙམ། ཡིན་ཡང་འགལ་འདུ་རགས་པ་ཞིག་ནི། ལང་གཤེགས་ལས་མྱང་འདས་ཆེན་པོའི་མདོ་སྔོན་དུ་གསུངས་ཟིན་བཀོད་པ་དང་། མྱང་འདས་ཆེན་པོའི་གླིང་གཞི་ལས་སྟོན་པ་མྱ་ངན་ལས་འདའ་བའི་ལོ་དེར་གསུངས་པ་གཉིས་ཡིན། ལོ་ཚིགས་བསྡུར་ན་འདི་གཉིས་ཤིན་ཏུ་འགྲིག་ཐབས་དཀའ། ཁོ་བོ་གཅིག་པུ་མ་ཡིན་པར་ལང་གཤེགས་གསུངས་པའི་དུས་ལ་བསམ་གཞིག་གཏོང་མཁན་ཞིག་ཡིན་ན་དཀའ་ངལ་འདི་འཕྲད་པ་གཅིག་མཚུངས་སུ་ཡོང་བར་ངེས། ཕྱོགས་གཞན་ཞིག་ནས་བསམ་ན་ལང་གཤེགས་ལེའུ་བདུན་པར་བཞུགས་པའི། མྱ་ངན་འདས་དང་སོར་ཕྲེང་དང་། །ཞེས་པའི་གཞུང་གི་ཚིག་ཟུར་གྱི་མྱང་འདས་ཞེས་པའི་མདོ་ཡི་ཐ་སྙད་འདི་ལེགས་སྦྱར་མ་ཕྱི་སྟེང་ཡོད་མེད་དཔྱད་གཞི་ཆེ་བར་འདུག །འདི་ཡང་རྒྱུ་མཚན་གཏན་ནས་མེད་པའི་རྒྱུན་ལྡན་ཆོས་རའི་ནང་གི་རྩོད་ལན་ལྟ་བུ་མ་ཡིན་ཏེ། རྒྱ་དཔེ་ལས་བསྒྱུར་བའི་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་བམ་པོ་བརྒྱད་པ་ལས། གླང་པོ་འཆིང་དང་སྤྲིན་ཆེན་དང་། །སོར་མོའི་ཕྲེང་བའི་མདོ་དག་དང་། །ལང་ཀར་གཤེགས་པའི་མདོ་འདི་ལས། ངས་ནི་ཤ་རྣམས་རབ་ཏུ་བཀག །ཅེས་པ་ལས་མྱང་འདས་ཆེན་པོའི་མདོ་ཚིག་ཟུར་ཙམ་ཡང་གསུངས་མི་འདུག །ལང་ཀར་གཤེགས་པའི་མདོ་དང་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་གཉིས་ཡིག་ཚོགས་མང་ཉུང་དང་འགྱུར་གྱི་ཁྱད་པར་ཙམ་ལས་ཡང་སྙིང་བརྗོད་བྱ་གཅིག་པ་རེད་བཞག །ལང་གཤེགས་མདོ་ཡི་མ་ཕྱི་དཔེ་སྐྲུན་བྱས་ཡོད་པ་ཚུལ་ཁྲིམས་སྐལ་བཟང་གིས་གསུངས་འདུག་པས་ལེགས་སྦྱར་ཡི་གེ་དགོངས་མཁན་ཞིག་གིས་གཟིགས་ཙམ་མཛད་ན་གནད་དོན་འདི་རང་གྲོལ་དུ་འགྱུར་སྲིད། དེབ་སྔོན་གསར་མ་ལས། མཁས་པ་འགའ་རེས་ལང་གཤེགས་ཀྱི་མཚན་ཐོགས་མེད་དང་དབྱིག་གཉེན་གྱི་གཞུང་དུ་མེད་པས་དབྱིག་གཉེན་བྱོན་རྗེས་སུ་བརྩམས་ཟེར་བ་ཕྱོགས་སྔ་བཞག་ནས་དགག་པ་མང་པོ་མཛད་འདུག་མོད། ཡིན་ཡང་ཕྱོགས་སྔ་ཕྱི་གཉིས་ཆར་ལ་མཐོང་རྒྱ་ཆུང་བའི་རང་འཚང་ཕྱི་རུ་མངོན་པའི་སྐྱོན་ཐུན་མོང་དུ་ཡོད་པ་ནི་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་དངོས་སུ་དྲངས་པའི་ལང་གཤེགས་ཀྱི་ལུང་མ་མཇལ་བ་དེའོ། །དེབ་སྔོན་རྩོམ་པ་པོས། རྒྱུ་མཚན་ལྟར་སྣང་འགའ་ཤས་བགྲངས་ནས་ལང་གཤེགས་རྒྱུད་བླ་བརྩམས་རྗེས་སུ་བརྩམས་ཡོད་ཅེས་ཐག་གཅོད་གནང་འདུག་མོད། འདི་ནི་ཤིན་ཏུ་འཁྲུལ་ཚབ་ཆེ་བ་ཞིག་དང་ཁོང་གི་གསུང་རྩོམ་པོ་ཏི་རི་བོ་འདྲ་བའི་བཅུ་ཕྲག་དེ་ཡང་ཞིབ་འཇུག་མེད་པའི་ཉབ་ཉོབ་འདི་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ངང་གིས་སྐྱེས་སོང་། ཁོང་ཉིད་ཀྱིས་བྱམས་ཆོས་སྡེ་ལྔ་དཔྱད་པའི་གཞུང་དུ་དབྱིག་གཉེན་དང་སྐུ་ཐོག་གཅིག་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོ་རྒྱུད་བླ་རྩོམ་མཁན་ཡིན་པ་ཁོང་གི་ཞེ་འདོད་ཡིན་པ་འདྲ། ཡིན་ཡང་དེའི་སྔོན་དུ་ལང་གཤེགས་ཀྱི་མདོ་ལུང་ཁུངས་དྲངས་པའི་ཚད་ལྡན་གྱི་བསྟན་བཅོས་ཧ་ཅང་མང་། མཚན་གཞི་ཙམ་བགྲངས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ། ཨཱརྱ་དེ་བས་མཛད་པའི་སྤྱོད་བསྡུས་སྒྲོན་མ། ས་ར་ཧཱས་མཛད་པའི་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་རྣམས་སུ་ཡང་ནས་བསྐྱར་དུ་ལུང་ཁུངས་དྲངས་པ་བཅུ་ཕྲག་ལས་བརྒལ་བ་ཡོད། མཐོང་བཞིན་དུ་མགོ་བོ་གཡུག་རྐྱང་མཛད་ན་གླེན་པའི་ཨུ་ཚུགས་ལས་མ་འདས་པས་གནས་སྐབས་ཅི་བྱར་མེད། གཞན་ཡང་ལང་གཤེགས་ལེའུ་བརྒྱད་པ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པའི་གཞུང་འདིས་ཀླུ་སྒྲུབ་ལུང་དུ་བསྟན་པ་རྒྱ་བོད་ཀྱི་མཁས་པ་ཀུན་ལ་ཡོངས་སུ་གྲགས་ཤིང་། དེབ་སྔོན་གསར་མ་ལས་ཀྱང་མདོ་འདིས་ཀླུ་སྒྲུབ་ལུང་བསྟན་བཞེད་པ་ཟླ་གྲགས་སོགས་ལ་གྲགས་ཆེ་བ་བཞེད་འདུག་པས་འགལ་འདུའི་ཕུང་པོ་ཉིད་དུ་མཐོང་། དེང་སང་དངོས་ཁམས་རིག་པ་བ་ཁ་ཤས་ཀྱིས་རྒྱུ་ཡི་སྔོན་དུ་འབྲས་བུ་ཡོད་པ་ཞེ་ལ་མཚར་བའི་ཁས་ལེན་མཛད་པ་ལྟར། ལུང་དུ་བསྟན་པའི་གསུང་རབ་ནི་རྗེས་དང་ལུང་གིས་ཟིན་པའི་སྐྱེས་བུ་སྔོན་དུ་ཡོད་པ་ཁས་ལོངས་ཤིག ། ཀྱེ་མ་མ།


༣༽  ལང་གཤེགས་མདོ་ཡི་དགོངས་དོན་དབུ་སེམས་གང་དུ་ཉེ་བ།

ལང་ཀར་གཤེགས་པའི་མདོ་འདིས་སྣང་བ་ཐམས་ཅད་སེམས་ཙམ་དང་། རང་བཞིན་གསུམ་གྱི་རྣམ་གཞག །རྣམ་ཤེས་བརྒྱད་ཀྱི་དབྱེ་བ། ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་གཅིག་ཏུ་གསུངས་པ། ཀུན་གཞི་དང་རྣམ་ཤེས་སྐྱེ་མེད་བསྟན་པ་སོགས་བརྗོད་བྱ་སྣ་ཚོགས་པས་རྒྱ་དཀར་ནག་སོགས་སྐྱེས་ཆེན་རྣམས་ཀྱིས་མདོ་གཞན་དག་ལས་དོ་སྣང་ཤུགས་ཆེར་གནང་ཡོད་ཚོད་རེད། དཔེར་ན་འཛམ་གླིང་མཛེས་པའི་རྒྱན་དྲུག་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་མཛད་པའི་གསུང་རབ་ཕྱོགས་གཅིག་ཏུ་བསྒྲིགས་པ་སྡེ་དགེའི་བསྟན་འགྱུར་རིན་པོ་ཆེའི་ནང་དུ་བཞུགས་པའི་མདོ་རྒྱུད་ཀྱི་འགྲེལ་པ་པོ་ཏི་བདུན་ཅུ་དོན་གཅིག་༧༡དང་། གཞུང་ཚན་བརྒྱ་དང་ལྔ་༡༠༥ཡི་ནང་དུ་མདོ་འདིའི་མིང་དང་ལུང་ཁུངས་དངོས་སུ་བཀོད་པ་མཇལ་རྒྱུ་ཡོད། བདེ་བར་གཤེགས་པ་སྐུ་མྱ་ངན་ལས་འདས་པའི་རྗེས་ལོ་ངོ་སུམ་བརྒྱ་༣༠༠ནས་གྲུབ་ཆེན་ས་ར་ཧས་མདོ་འདིའི་ལུང་དྲངས་པ་ནས། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་ལྷ་སྦས། འཕགས་པ་ལྷ། དབྱིག་གཉེན། བློ་གྲོས་བརྟན་པ་ནས་རྒྱ་གར་གྱི་སྐྱེས་ཆེན་དྲུག་ཅུ་རེ་བདུན་༦༧ཙམ་གྱིས་ལུང་ཁུངས་དྲངས། གོང་གི་སློབ་དཔོན་དང་བསྟན་བཅོས་རེ་ཟུང་རྒྱ་ནག་གི་ཡིན་པ་ཡོད་ཀྱང་མང་ཆེ་བ་རྒྱ་གར་གྱི་སློབ་དཔོན་དང་བསྟན་བཅོས་ཡིན་པས་ཚིག་སྦྱོར་བདེ་ཆེད་རྒྱ་གར་ཞེས་བགྲངས་ཡོད། སྐབས་ཀྱི་གྲངས་ཀའི་བསྡོམས་ལ་ཉུང་མཐའ་ཁེགས་པའི་ངེས་བརྟན་ཡོད་ཀྱང་མང་མཐའ་ཁེགས་པ་ནི་ཁོ་བོས་ཀྱང་ངེས་ཤེས་མ་རྙེད། སློབ་དཔོན་དེ་རྣམས་ལས་ལང་ཀར་གཤེགས་པའི་མདོ་མགོ་མཇུག་ཡོངས་རྫོགས་རུས་སྦལ་བཞི་འགྲོས་དང་གངས་སེང་འཆོང་སྟངས་ལྟར་འགྲེལ་བཤད་གནང་མཁན་སློབ་དཔོན་ཡེ་ཤེས་བཟང་པོ་དང་། རྒྱའི་མཁན་པོ་ཛྙཱ་ན་བཛྲ་གཉིས་ལས་མེད། དཀར་ཆག་ལྡན་དཀར་ལས་ལང་གཤེགས་ཀྱི་འགྲེལ་པ་གསུམ་ཙམ་བགྲངས་འདུག་ཀྱང་སྡེ་དགེའི་བསྟན་འགྱུར་དུ་འདི་གཉིས་ལས་བཞུགས་མི་འདུག །སློབ་དཔོན་དེ་གཉིས་ཀྱིས་ལང་ཀར་གཤེགས་པའི་མདོ་ཡི་མཐར་ཐུག་གི་དགོངས་པ་དབུ་མར་བཀྲལ་བ་ནི་འགྲེལ་བཤད་གཉིས་སུ་གསལ་པོར་གནས། ཡེ་ཤེས་བཟང་པོས་མཛད་པའི་འགྲེལ་པ་ལས། ལང་ཀར་གཤེགས་པའི་མདོ་སྡེ་ནི་ཞེས་པ་ནི་རྣམ་པར་ཤེས་པ་དབུ་མའི་ཚུལ་ཟབ་མོ་སྟེ། སངས་རྒྱས་སྔ་མས་གསུངས་པའོ། །ཞེས་དང་། གཞན་དབང་དོན་དམ་པར་མི་སྐྱེ་བ་གསུངས་པ་ཡང་ཡོད། ཛྙཱ་ན་བཛྲས་མཛད་པའི་འགྲེལ་པ་ལས། གཞན་ཡང་རྣམ་པར་རིག་པ་ཙམ་གྱི་དབུ་མའི་ཚུལ་འདི་ཉིད་རིགས་པའི་ལམ་གྱི་རྗེས་སུ་འབྲངས་ཏེ། ཞེས་དང་། དོན་དམ་པར་སེམས་ཉིད་རང་བཞིན་མེད་པར་གཏན་ལ་དབབ་པར་བྱ་སྟེ་གསུངས་པ་སོགས་གྲངས་མང་ཡང་བརྡ་ཙམ་ལས་ཞིབ་པར་གཞུང་ཉིད་མཇོལ་ཞིག །གཞུང་ཚན་ཐོར་བུ་འདྲེན་མཁན་གྱི་སློབ་དཔོན་རྣམས་ལས་མཐར་ཐུག་སེམས་ཙམ་དུ་བཀྲལ་བའི་རིམ་པ་ནི། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་དང་། དེའི་རང་མཁས་ཀྱི་སློབ་མ་བཞི་ཡི་ཡ་གྱལ་བློ་གྲོས་བརྟན་པས་མདོ་སྡེ་རྒྱན་གྱི་འགྲེལ་བཤད་གཉིས་སུ་ལང་ཀར་གཤེགས་མདོའི་ཐ་སྙད་མང་ཆེ་བ་དྲངས་པས་ཁོང་རྣམ་གཉིས་ཀྱིས་སེམས་ཙམ་དུ་བཀྲལ་བ་ལ་ཤེས་བྱེད་མ་རྙེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ལ་བྱོན་པའི་ཛི་ན་མི་ཏྲའམ་རྒྱལ་བའི་བཤེས་གཉེན་གྱིས་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པར་ལུང་ཁུངས་དྲངས་ཡོད་ཀྱང་མཐར་ཐུག་སེམས་ཙམ་དུ་བཀྲལ་བའི་ཤེས་བྱེད་ཆེར་མི་འགྲོ་སྙམ། ཕྱི་ལོ་༩༥༠ཡས་མས་སུ་སྐུ་འཁྲུངས་པའི་ཇོ་བོ་རྗེའི་སློབ་དཔོན་ཤཱནྟི་པས་མདོ་རྒྱུད་ཀྱི་འགྲེལ་པ་བདུན་གྱི་ནང་དུ་མདོ་འདི་ལུང་ཁུངས་སུ་དྲངས། དེའི་ནང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཏུ་དྲངས་པའི་ལྟ་གྲུབ་སྟོན་བྱེད་ཀྱི་མདོ་ལུང་འགྲེལ་པ་དང་བཅས་ཉུང་ཙམ་བགྲང་ན། མདོ་ལས། ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་དང་། དེའི་འགྲེལ་བཤད་ལས། འདིར་ངོ་བོའི་སྒྲས་ནི་མཚན་མའི་ངོ་བོ་བསྟན་ཏེ། །རང་གི་མཚན་ཉིད་རྣམས་ཀྱི་དབྱེ་བ་རྣམ་པར་བཞག་པ་ནི་མཚན་མའི་དབྱེ་བ་རག་ལས་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་སེམས་ཙམ་དང་། རྣམ་པར་ཤེས་པ་ཙམ་དང་། གསལ་བ་ཙམ་ཡིན་པས་རྣམ་པར་རིག་པའི་གཟུང་བ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་པས་ཞེས་གསུངས་པའི་རྩ་འགྲེལ་གྱིས་སྣང་བ་སེམས་སྒྲུབ་བསྟན། མདོ་ལས། རྒྱུ་དང་རྐྱེན་ནི་བཟློག་པ་དང་། །བྱེད་པ་ཡང་ནི་བཀག་པ་ཡིས། །སྐྱེ་བ་མེད་པར་ངས་བཤད་དེ། །སེམས་ཙམ་དུ་ནི་རྣམ་པར་གཞག །ཅེས་དང་། དེའི་འགྲེལ་བཤད་ལས། རྣལ་འབྱོར་སྤྱོད་པ་བ་རྣམས་ནི་བྱིས་པས་གཟུང་བའི་ཆོས་རྣམས་བརྫུན་པའི་ཕྱིར་ཡོད་པ་མ་ཡིན་ལ། རྒྱུ་དང་འབྲས་བུ་ངེས་པ་དང་། གཉུག་མའི་རང་བཞིན་རང་རིག་པ་འཁྲུལ་པ་དང་བྲལ་བས་གསལ་བའི་ལུས་ནི། བདེན་པ་ཁོ་ནར་འདོད་དོ་ཞེས་གསུངས་པས་གཞི་ཡི་གནས་ལུགས་བདེན་གྲུབ་བསྟན། མདོ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་བརྟག་མི་བྱ། །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་ལ། །དེ་ཡིས་ཐེག་པ་ཆེན་པོར་མཐོང་། །ཞེས་དང་། དེའི་འགྲེལ་བཤད་ལས། ཇི་སྲིད་དུ་ཆོས་ཐམས་ཅད་ནི་འདི་དག་གོ་ཞེས་མ་བཟུང་བ་དེ་སྲིད་དུ། དེ་དག་གིས་སྟོང་པ་ཉིད་གཟུང་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་འདི་དག་གོ་ཞེས་བྱ་བར་ཡོངས་སུ་གཅོད་པ་ནི་རྣལ་འབྱོར་གྱི་ས་དང་པོའོ་ཞེས་པ་ནས། དེ་ཉིད་ལ་ཆོས་རྣམས་དང་། ཆོས་ཉིད་ཀྱི་མཚན་མ་ཐམས་ཅད་ཤིན་ཏུ་མི་སྣང་བས་མཐོང་བ་ནི་བཞི་པའོ་ཞེས་པའི་བར་གྱིས་རྣལ་འབྱོར་ས་བཞི་སྟེ་ལམ་གྱི་རྣམ་བཞག་བསྟན། མདོ་ལས། ལྷུན་གྱིས་གྲུབ་པ་ཞི་བར་འཇུག །སྨོན་ལམ་གྱིས་ནི་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །ཐེག་པ་ཆེན་པོར་མཐོང་བར་འགྱུར། །ཅེས་དང་། དེའི་འགྲེལ་བཤད་ལས། ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ས་རྣམས་སུ་འབད་པ་མེད་པར་འཕོ་བའོ། །ཞེས་པ་ནས་དམ་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་བག་ཆགས་དང་བཅས་པར་སྤང་བའི་ཕྱིར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ། །ཞེས་པའི་བར་གྱིས་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་བསྟན་པར་བཞེད་འདུག་གོ །ཤཱནྟི་པས་སེམས་ཙམ་པའི་གྲུབ་མཐའི་གཞི་རྩ་སྣང་བ་སེམས་སྒྲུབ་དང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བསྟན་པའི་ལུང་ཁུངས་སུ་དྲངས་འདུག་པས་མདོ་འདི་སེམས་ཙམ་དུ་བཀྲལ་བའི་ཐོག་མའི་སློབ་དཔོན་གྱི་མཚན་གནས་ཁོང་ལ་བབས་འདུག་སྙམ། །ལང་ཀར་གཤེགས་པའི་མདོ་དོན་མཐར་ཐུག་དབུ་མར་བཞེད་པའི་རིམ་པ་ནི། ཐེག་ཆེན་གྱི་སློབ་དཔོན་ཆེན་པོ་དཔལ་ས་ར་ཧས་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་དང་དུས་མཉམ་གང་དུ་བྱོན་མ་ངེས་པའི་སློབ་དཔོན་ལྷ་སྦས་ཀྱི་འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་ལས་ཀུན་གྱི་གཏེར་ཞེས་བྱ་བའི་འགྲེལ་པ་དང་། སྟོན་པ་འདས་ནས་ལོ་བཞི་བརྒྱའི་༤༠༠མཚམས་སུ་བྱོན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ་སོགས་དང་། སྟོན་པ་འདས་ནས་ལོ་༥༠༠ཡས་མས་སུ་ཕེབས་པའི་འཕགས་པ་ལྷས་སྤྱོད་པ་བསྡུས་པའི་སྒྲོན་མ་རྣམས་སུ་ལང་གཤེགས་ཀྱི་མིང་དང་ལུང་ཁུངས་གསུངས་ཡོད་ཀྱང་དབུ་མའི་ལྟ་གྲུབ་བསྟན་པ་དང་དབུ་མར་བཀྲལ་སྙམ་པའི་ངེས་ཤེས་སྐྱེ་བ་མ་མཐོང་། ཕྱི་ལོ་༦༤༢ལོར་སྐུ་འཁྲུངས་པའི་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པའི་རྒྱལ་སྲས་ཆེན་པོ་ཞི་བ་མཚོས་དབུ་མ་རྒྱན་རང་འགྲེལ་དུ་མདོ་འདི་དབུ་མར་ཆེད་དུ་བཀྲལ་འདུག །མདོ་ལས། གང་ཟག་རྒྱུ་དང་ཕུང་པོ་དང་། །རྐྱེན་དང་དེ་བཞིན་རྡུལ་རྣམས་དང་། །གཙོ་བོ་དབང་ཕྱུག་བྱེད་པ་དག །སེམས་ཙམ་པོ་ལས་རྣམ་པར་བརྟགས། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་བལྟས་ན་ནི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་གསུངས་སོ། །མཁས་པ་དག་ཚུལ་འདི་ལ་བརྟེན་ནས་བདག་དང་བདག་གི་དང་གཟུང་བ་འཛིན་པ་རབ་ཏུ་དབྱེ་བ་དང་བཅས་པ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་སེལ་ཏོ། །ཞེས་ཡུལ་སྣང་སྣ་ཚོགས་འདི་དག་རྒྱུ་རྐྱེན་གང་ལས་ཀྱང་མ་བྱུང་བར་ཀུན་གཞིའི་སྟེང་གི་བག་ཆགས་སད་པའི་སེམས་སྣང་ཡིན་པར་བསྟན། མདོ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་བསྟན་པ་འདི་ཡང་ལེགས་པར་བཤད་པ་ཡིན་ནོ་སྙམ་དུ་སེམས་སོ། །བློའི་མཐུ་མི་ཆུང་བ་དང་ལྷག་པར་མངོན་དུ་བརྩོན་པ་དག་གིས་ཀྱང་སེམས་དེ་ལ་གཅིག་དང་དུ་མའི་རང་བཞིན་དུ་བརྟགས་ན། དོན་དམ་པར་སྙིང་པོ་མི་མཐོང་བས། ཡང་དག་པར་འདོད་པ་མ་ཡིན་ནོ། །དེའི་ཕྱིར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་བདག་མེད་ཤེས་པར་བྱ། །སེམས་ཙམ་གྱི་ཚུལ་ལ་བརྟེན་ནས། མཚུངས་པར་ལྡན་པ་དང་བཅས་པའི་སེམས་ལས་ཕྱི་རོལ་དུ་འདོད་པ་བདག་དང་བདག་གི་དཔེ། གཟུང་བ་དང་འཛིན་པ་ལ་སོགས་པ་རང་བཞིན་མེད་པར་ཚེགས་མེད་པ་ཁོ་ནར་རྟོགས་སོ། །ཞེས་སེམས་ཉིད་ཀྱང་གཅིག་དང་དུ་མའི་རང་བཞིན་དུ་བརྟགས་ན་བདེན་པར་མེད་པ་ལྟར། གཟུང་བ་དང་འཛིན་པའི་ཆོས་རྣམས་རང་བཞིན་མེད་པར་བསྟན་པ་འདི་གཞི་ཡི་གནས་སྟངས་སོ། །ལམ་དང་འབྲས་བུ་རྣམས་ཀྱང་རྣལ་འབྱོར་ས་བཞི་སྟོན་བྱེད་ཀྱི་མདོ་ཚིག་དང་སྦྱར་ན་རེ་རེ་བཞིན་གསལ་པོར་འདུག་ཀྱང་ཡིག་ཚོགས་མང་དུ་དོགས་པས་མ་སྤྲོས། མཁན་པོ་བྱང་ཆུབ་སེམས་དཔས་ཤེར་ཕྱིན་གྱི་མདོ་དང་ལང་གཤེགས་གཉིས་བསྡེབས་ནས་དབུ་མའི་ལྟ་གྲུབ་བསྟན་ཡོད་ཟེར་བའི་བརྗོད་སྒྲོས་ཤིག་ཀྱང་འདུག་པས་གཞུང་བཟང་འདི་ཡིན་ནམ་སྙམ། ཁོང་གི་སློབ་མ་ཀ་མ་ཤཱི་ལས་དབུ་མ་སྣང་བ་དང་། དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་སེང་བཟང་དང་དུས་མཉམ་པའི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་རྣམས་སུ་མདོ་འདི་ཤུགས་ཆེར་ཁུངས་སུ་དྲངས་ཡོད། འདི་དག་ནི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྒོ་ནས་མདོ་ཡི་དགོངས་པ་གྲུབ་མཐའ་གང་དུ་བཀྲལ་བའི་གཏམ་མོ། །


༤༽  ལང་གཤེགས་ཀྱི་མདོ་དངོས་ཀྱི་དཀྱིལ་དུ་ཞུགས་ནས་མཐར་ཐུག་མདོ་ཡི་དགོངས་དོན་གླེང་བ།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ལང་ཀར་གཤེགས་མདོའི་དགོངས་པ་སེམས་ཙམ་དུ་གནས་པའི་ལུང་ཁུངས་འགའ་སྨྲས་འདུག་ཀྱང་ཕན་གནོད་གང་ཡང་མི་འདུག་པས་གླེང་རིན་མ་མཐོང་། དེ་ནི་ཁྱོད་རང་གི་ཧམ་བཤད་དོ་སྙམ་ན་གཞུང་དངོས་ལ་གཟིགས་དང་གསལ་ཡོང་། ལང་ཀར་གཤེགས་པའི་མདོ་ཚིག་འགའ་ལ་བསམ་ན་སེམས་ཙམ་པའི་ལྟ་གྲུབ་སྟོན་པ་ལྟར་ཡོད་དེ། དཔེར་ན་བམ་པོ་དང་པོ་ལས། རྒྱ་མཚོའི་རླབས་ལ་གཟིགས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་རླུང་གིས་བསྐྱོད་ཅིང་དེ་དག་སེམས་འབྱུང་བར་གཟིགས་ཏེ། ཞེས་དང་། བམ་པོ་གཉིས་པ་ལས། དེ་ལ་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འདི་དག་ནི་ཐར་པ་དང་མཐུན་པའི་མདོ་དང་། འདུལ་བ་མ་ཡིན་ནོ་ཞེས་སྨྲ་བས་སྤོང་ཞིང་སྐུར་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་ཕྱིར་མྱ་ངན་ལས་མི་འདའོ། །ཞེས་དང་། བམ་པོ་གསུམ་པ་ལས། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་པོ་བྱེད་པ་དག །སེམས་ཙམ་པ་ལ་རྣམ་པར་བརྟགས། །ཞེས་དང་། འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། ཞེས་དང་། བམ་པོ་བཞི་པ་ལས། བློ་གྲོས་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་བྱེ་བྲག་འབྱེད་པ་ལ་མངོན་པར་ཆགས་ཤིང་འབྱུང་བས་བག་ཆགས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཤིན་ཏུ་རྒྱས་པར་བྱེད་དོ། །ཡིད་དང་ལྷན་ཅིག་ཏུ་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཆགས་པས་ངར་སེམས་པ་ལྟ་བུར་རྗེས་སུ་འཇུག་སྟེ། ཀུན་གཞི་རྣམ་པར་ཤེས་པ་རྒྱུར་གྱུར་ཅིང་དེ་ལ་དམིགས་པ་ལུས་ཐ་དད་པ་མ་ཡིན་པའི་མཚན་ཉིད་དོ། །ཞེས་དང་། བམ་པོ་ལྔ་པ་ལས། ཕྱི་རོལ་སྣང་བ་ཡོང་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་དང་། བམ་པོ་དྲུག་པ་ལས། ཕྱི་རོལ་གྱི་དངོས་པོ་ཁས་མི་ལེན་པ་དང་། སྲིད་པ་གསུམ་སེམས་ཙམ་དུ་བསྟན་པ་དང་། མཚན་ཉིད་སྣ་ཚོགས་མ་བསྟན་པའི་ཕྱིར། ཞེས་དང་། བམ་པོ་བདུན་པ་ལས། དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུས་གཅིག་ཏུ་བྱུང་བ་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་རང་བཞིན་ཡོངས་སུ་གྲུབ་པ་ཤེས་པར་བྱའོ། །ཞེས་དང་། བམ་པོ་བརྒྱད་པ་ལས། དེ་བཞིན་ཀུན་གཞི་ཆུ་བོ་ཡང་། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་བྱུང་། །རྣམ་ཤེས་དབའ་རླབས་སྣ་ཚོགས་ཀྱིས། །གར་བྱེད་རབ་ཏུ་འདུད་པར་འགྱུར། །ཞེས་དང་། བམ་པོ་དགུ་པ་ལས། ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ། །ཤེས་པ་ཉིད་ནི་བདག་གི་ཡིན། །གཉིས་སུ་འཛིན་པས་རབ་ཏུ་འཇུག །ཡོངས་སུ་རྟོག་ན་ལྡོག་པར་འགྱུར། །ཞེས་སོགས་བམ་པོ་སོ་སོའི་གཞུང་དུམ་རེ་མཚན་གཞི་འཛིན་པ་ཙམ་ལས་གཞན་ཡང་མང་དུ་ཡོད། ཧོབ་ཀྱིས་བལྟས་ན་མདོ་འདི་སེམས་ཙམ་པའི་ལྟ་གྲུབ་སྟོན་བྱེད་ལྟར་སྣང་ཡང་། ཞིབ་ཏུ་མཇལ་ན་གྲུབ་མཐའ་གཞན་ཞིག་གི་གཞི་ལམ་འབྲས་གསུམ་ཆ་ཚང་བསྟན་པ་རྟོགས་རྒྱུ་ཡོད། བམ་པོ་རེ་རེའི་ནང་དུ་དབུ་མའི་ལྟ་གྲུབ་སྟོན་པའི་ལུང་ཁུངས་མང་དྲགས་པ་རེ་དྲང་རྒྱུ་འདུག་ཀྱང་ཡིག་ཚོགས་ཉབ་ཉོབ་ཏུ་སྣང་བས་མ་བྲིས། ཡིན་ཡང་ཉེར་གཅིག་དུས་ཀྱི་ཁུགས་སོའི་མི་རྣམས་ལ་བཤད་པ་ཙམ་གྱིས་ཡིད་མི་ཚིམ་པར་བདེན་དཔང་གསལ་པོར་དགོས་པས་ཁ་ཤས་འདྲེན་ན། བམ་པོ་གསུམ་པ་ལས། གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་རི་དྭགས་འཛིན་གྱི་མའི་ཁང་པ་ན་གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་དང་། དགེ་སློང་མ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་ངས་བཤད་དེ་ཞེས་པ་ནས། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ་ཞེས་གསུངས་པ་ལ་སེམས་ཙམ་དུ་བཀྲལ་བའི་སློབ་དཔོན་རྣམས་ཀྱིས་ལུང་ཚིག་རྒྱུ་མ་འཐེན་པ་བཞིན་མཛད་ཀྱང་སེམས་ཙམ་པའི་ལྟ་གྲུབ་ཀྱི་སྲོག་རྩ་ཡོངས་གྲུབ་གཞན་སྟོང་ལ་མཚོན་རྣོན་པོ་བསྣུན་པ་དང་འདྲ། བམ་པོ་བཞི་པ་ལས། སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །ཞེས་ཐེག་གསུམ་གསུངས་པ་གདུལ་བྱ་བླུན་པོ་རྣམས་དྲང་བའི་དོན་ཡིན་པར་བསྟན་ཞིང་ངེས་དོན་ཐེག་གཅིག་བསྟན་པས་ཀྱང་སེམས་ཙམ་པའི་གྲུབ་མཐའ་བཀག་པ་གསལ། བམ་པོ་ལྔ་པ་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་རོ་བཞིན་བྱིས་པ་ཡི། །ལོག་པའི་རྟོག་པ་ཅན་གྱིས་བརྟགས། །ཞེས་དང་། བམ་པོ་བརྒྱད་པ་ལས། བློ་ཡིས་རབ་ཏུ་གཞིག་ནས་ནི། །བརྟག་པ་མེད་ཅིང་དབང་ཡང་མེད། །གྲུབ་པའི་དངོས་པོ་ཡོད་མེད་ན། །ཇི་ལྟར་བློ་ཡིས་རྣམ་པར་བརྟག །ཅེས་པའི་མདོ་ཚིག་གཉིས་ཀྱིས་ཀུན་གཞི་དང་རང་བཞིན་གསུམ་བདེན་པར་མ་གྲུབ་པར་གསལ་པོར་བསྟན། དེས་ན་ལང་ཀར་གཤེགས་པའི་མདོ་ཡི་ཚིག་ཟིན་ལ་སེམས་ཙམ་པ་ལྟར་གསུངས་ཀྱང་དོན་དུ་སེམས་ཙམ་པའི་གྲུབ་མཐའི་རྩ་བ་དང་སྲོག་ཤིང་ལྟ་བུ་དེ་བཀག་ཡོད་པ་གསལ་བཤད་མ་མཛད་ཀྱང་གཞུང་དངོས་ལ་གཟིགས་ན་རྟོགས་ཐུབ་པས་མང་པོ་སྨྲ་དགོས་དོན་མི་འདུག །ད་དུང་རང་རིག་བཀག་པ་སོགས་ཀྱང་ཁ་གསལ་ཡོད་མོད་ཤི་བའི་རོ་ལ་མཚོན་བསྣུན་པ་དང་འདྲ་བས་བཏང་སྙོམས་སུ་འཇོག །བམ་པོ་གཉིས་པ་ལས། བློ་གྲོས་ཆེན་པོ་གཞན་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་ཏོ། །དེ་ཅིའི་ཕྱིར་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་། ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་སྟེ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་མཚུངས་པའོ། །ཞེས་དང་། བམ་པོ་བཞི་པ་ལས། དེ་ལ་བློ་གྲོས་ཆེན་པོ་མཐའ་བཞི་ནི་འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་བྲལ་བ་ནི་མཐའ་བཞི་ཞེས་བཤད་དོ། །བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མཐའ་བཞི་པོ་དེ་དག་དང་བྲལ་བ་ཞེས་བྱའོ། །ཞེས་པའི་གཞུང་ཚིག་དུམ་བུ་འདིས་ནི་ཆོས་ཐམས་ཅད་སྐྱེ་མེད་དང་དེ་ཡང་བདེན་སྟོང་ཙམ་གྱི་མེད་དགག་མ་ཡིན་པར་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བར་སྟོན་པས་དབུ་མའི་ལུགས་ཀྱི་གཞི་ཡི་གནས་ལུགས་བསྟན་པའོ། །བམ་པོ་བདུན་པ་ལས། ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་རྣམས་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ་རང་གི་མཚན་ཉིད་དུ་གྲུབ་པའམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་བདག་མེད་པ་གཉིས་ཀྱང་འདུས་སོ། །ཞེས་པའི་གཞུང་འདིས་ནི་རང་བཞིན་གསུམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའམ་བདེན་གྲུབ་མ་ཡིན་པར་གསལ་པོར་བསྟན་པ་བཞིན་ལང་ཀར་གཤེགས་པའི་མདོ་ཧྲིལ་པོའི་ནང་དུ་རང་བཞིན་གྱིས་གྲུབ་པར་བསྟན་པའི་གཞུང་ཚིག་གསལ་ཁ་གཅིག་ཀྱང་མེད། བམ་པོ་གཉིས་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་ནས་ཤིན་ཏུ་མྱ་ངན་ལས་མི་འདས་ཏེ། དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་ཡོངས་སུ་སྦྱོང་བར་འགྱུར་རོ། །ཞེས་པའི་གཞུང་ཚན་འདི་དགེ་རྩ་ཆད་པའི་འདོད་ཆེན་པ་རིགས་ཆད་ཡིན་པར་བསྟན་པའི་དོགས་སྤང་དུ་གཞུང་འདི་འབྱུང་བས་དོན་དུ་མདོ་འདིས་གཏན་དུ་རིགས་ཆད་ཀྱི་སེམས་ཅན་མི་བཞེད་པར་གསལ་བའོ། །བམ་པོ་དགུ་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུང་། །ཞེས་པའི་མདོ་ཚིག་གིས་བསྟན་ཚོད་ལ་སེམས་ཙམ་པའི་གྲུབ་མཐའ་ལྟར་སྟོན་པ་ནི་ནད་པ་སོ་སོ་ལ་སྨན་པས་སྨན་གཏོང་བ་བཞིན་གདུལ་བྱའི་ཁམས་དང་བསྟུན་པའི་དོན་ཡིན་པ་གསལ་པོར་བསྟན་མི་འདུག་གམ། མདོར་ན་ལང་གཤེགས་ཀྱི་མདོ་འདིའི་དགོངས་པ་སྔོན་ཆད་མཁས་པ་རྣམས་ཀྱི་འགྲེལ་ཚུལ་དང་། གཞུང་ནང་གི་ཚིག་རིས་ཙམ་ལ་མི་བལྟ་བར་མགོ་མཇུག་ཡོངས་རྫོགས་ཀྱི་བབ་ལ་གཟིགས་ན་མཐར་ཐུག་གི་དགོངས་དོན་དབུ་མར་གནས་འདུག་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་སྤོབས་སོ། །


༥༽  ཁུངས་ཐུབ་ཀྱི་ཡིག་རྙིང་ལས་མདོ་ཡི་འགྱུར་བྱང་བཙལ་བ། 

བོད་ཀྱི་ལོ་ཙཱ་བ་ཐོག་མ་སཾ་བྷོ་ཊ་ནས་བསྟན་པ་སྔ་དར་དང་ཕྱི་དར་ཡང་དར་སྐབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གསུང་རབ་མང་དུ་བསྒྱུར་ཡོད་པ་ནི་དཀར་ཆག་གི་ཡིག་རྙིང་ཁག་ལས་གསལ། ཡིན་ཡང་བཀའ་འགྱུར་ཞེས་པའི་མཚན་ནི་གསོལ་མེད། ཕྱི་ལོ་༡༢༢༧ལོར་སྐུ་འཁྲུངས་པའི་བཅོམ་ལྡན་རིག་པའི་རལ་གྲིས་རྒྱ་གར་དང་བལ་པོ། ཁ་ཆེ་དང་རྒྱ་ནག་སོགས་ལས་འགྱུར་བའི་རྒྱལ་བའི་གསུང་རབ་གངས་ཅན་པའི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ནས་རྒྱལ་བའི་བཀའ་འགྱུར་ཞེས་པའི་མཚན་གྱི་སྙན་པ་འཛམ་གླིང་གི་གོ་ལ་ཧྲིལ་པོར་ཁྱབ། གསུང་རབ་དེའི་ཁྲོད་ཀྱི་ལང་ཀར་གཤེགས་པའི་མདོ་ནི་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར། རིན་པོ་ཆེའི་བང་མཛོད་འགྲོ་བ་ཀུན་ལ་ཕན་བདེའི་གཏེར་སྦྱིན་པའི་རྒྱལ་བའི་བཀའ་འགྱུར་ནི་ས་སྒང་གོ་ལ་འདིའི་སྟེང་ཡུན་དུ་བརྟན་པའི་ཆེད་ཡི་གེ་བྲིས་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལས། ཆེས་ཕུན་སུམ་ཚོགས་པ་ནི་ཤིང་པར་ཐོག་ཏུ་བརྐོས་པ་དེ་ཡིན། དེའི་ཕྱིར་ཐོག་མ་གཡུང་ལོ་བཀའ་འགྱུར་དང་འཇང་དཔར་རམ་ལི་ཐང་བཀའ་འགྱུར་བརྐོས་པ་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཤིང་པར་ལོ་རྒྱུས་ཐོག་ཆ་བཅུ་གསུམ་ཙམ་བརྐོས་མྱོང་ཡོད། ད་ལྟའི་ཆར་ཡང་སྟོད་སྨད་ཀུན་ལ་ཚར་ལྔ་ཙམ་རྐོ་བཞིན་པ་རེད་འདུག །དེ་དག་ལས་གྲགས་ཆེ་བ་དང་ཆ་ཚང་བ་ལྷག་ལུས་ཡོད་པ་ནི། འཇང་བཀའ་འགྱུར་དང་། སྡེ་དགེ་བཀའ་འགྱུར་དང་། ལྷ་ས་བཀའ་འགྱུར་གསུམ་ཡིན། བཀའ་འགྱུར་དེ་གསུམ་ལས་དང་པོའི་ནང་དུ་ལང་གཤེགས་ཀྱི་མདོ་ཡི་འགྱུར་བྱང་མ་འཁོད། ཕྱི་མ་གཉིས་ཀྱི་ནང་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ཡི་འགྱུར་བྱང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཏེ་གཏན་ལ་ཕབ་པའོ་ཞེས་བྲིས་འདུག་མོད་འདི་ནི་ཤེས་ལྡན་རྣམས་ཀྱིས་དཔྱད་པར་བྱ་བའི་གཞི་ལགས་སོ། །བོད་དུ་མདོ་བསྒྱུར་བའི་ལོ་ཙཱ་བ་མ་འཁྲུངས་སྔོན་དུ་ལང་གཤེགས་ཀྱི་མདོ་འདི་རྒྱལ་ཁབ་གཞན་ལ་བམ་པོ་བཞི་པ་དང་བཅུ་པ་ཅན་སོགས་བཞུགས་ཀྱང་རེ་ཞིག་བཏང་སྙོམས་སུ་བཞག །སྐབས་འདིར་བོད་འགྱུར་ཐོག་ཏུ་བཞུགས་པའི་ལང་ཀར་གཤེགས་པའི་མདོ་ཉིད་བཤད་བྱ་ཡིན། མདོ་འདིའི་བམ་ཚོད་ལ་འཕང་ཐང་དང་སིདྷིའི་དཀར་ཆག་ལས་བམ་པོ་དགུ་གསུངས། ལྡན་དཀར་དང་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་གསུང་རབ་རིན་པོ་ཆེའི་མཛོད་ལས་བམ་པོ་བཅུ་གཅིག་གསུངས། ད་ལྟའི་བཀའ་འགྱུར་གསུམ་ཀའི་ཁྲོད་དུ་བཞུགས་པའི་ལང་གཤེགས་ཀྱི་མདོ་ལ་བམ་པོ་དགུ་ལས་མེད། ཡིན་ཡང་དོན་དུ་མི་འགལ་བར་སྣང་སྟེ་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རྩིས་པ་གྲགས་ཆེ་ཡང་སུམ་བརྒྱ་ལྔ་བཅུ་དང་བཞི་བརྒྱ་ལ་ཡང་བམ་པོ་བཞག་པའི་སྲོལ་སྣང་། དེས་ན་ཤོ་ལོ་ཀ་སུམ་སྟོང་སུམ་བརྒྱ་ཅན་གྱི་ལང་གཤེགས་ལ་རྩི་ཚུལ་གཉིས་ལས་བམ་པོ་མང་ཉུང་འགྱུར་བ་གོར་མ་ཆག །གཞན་དུ་མདོ་ཐ་དད་དམིགས་དགོས་པ་ལས་མ་སྣང་བའི་ཕྱིར། བཅོམ་ལྡན་རིག་རལ་གྱིས་ལང་ཀར་གཤེགས་པའི་མདོ་འདི་རྒྱའི་དཔེ་ལས་བསྒྱུར་བ་ཁས་ལེན་ཚོད་སྣང་སྟེ། རྒྱ་ལས་བསྒྱུར་བའི་མདོ་གྲངས་འདྲེན་པའི་ཚེ་བམ་པོ་བཅུ་གཅིག་ཅན་གྱི་མདོ་ཡི་མཇུག་ཐོགས་སུ་ལང་ཀར་གཤེགས་པའང་དེ་སྙེད་གསུངས་པའི་ཤུགས་ལས་གོ །མདོར་ན་ལང་ཀར་གཤེགས་པའི་མདོ་ནི་ཐད་ཀར་རྒྱ་གར་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ལ་སྒྲུབ་བྱེད་ཆེ་བར་སྣང་། དབྱེ་མཚམས་འདིའི་སྐབས་གལ་གནད་ཆེ་ཤོས་ཤིག་མདོ་འདི་རྒྱ་དཔེ་ལས་མ་བསྒྱུར་བའི་ངེས་ཤེས་རྙེད་པ་དེ་ཡིན། རྒྱུ་མཚན་ནི་རྒྱ་དཀར་ནག་གི་དཔེ་གང་ལས་བསྒྱུར་བ་མཚམས་འབྱེད་པའི་སྐབས་ཡིན་པས་སོ། །དེ་ལ་བདེན་དཔང་གསལ་པོ་ཞིག་ཡོད་པ་ཚད་ལྡན་གྱི་དཀར་ཆག་ཡིག་རྙིང་ལས་འཁོད་པ་དེ་ཡིན། དཀར་ཆག་ལྡན་དཀར་དང་འཕང་ཐང་གཉིས་ཀའི་ནང་དུ་རྒྱའི་དཔེ་ལས་བསྒྱུར་བའི་མདོ་ཡི་གྲངས་བགྲང་བའི་ཚེ་མདོ་འདི་བགྲང་མི་འདུག །བུ་སྟོན་རིན་པོ་ཆེས། ལང་ཀར་གཤེགས་པ་རྒྱ་གར་ལས་བསྒྱུར་བ་བམ་པོ་བཅུ་གཅིག །ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་བ་བམ་པོ་བརྒྱད་ཅེས་གསུངས་པ་ཡང་ལེགས་བཤད་རྨད་དུ་བྱུང་བ་མཐོང་། བཅོམ་ལྡན་རིག་རལ་གྱིས། ལང་ཀར་གཤེགས་པ་རྒྱ་གར་ལས་བསྒྱུར་བ་ཤོ་ལོ་ཀ་༢༤༠༠བམ་པོ་བརྒྱད་ཡོད་པར་གསུངས་ཀྱང་། ཤོ་ལོ་ཀ་༢༤༠༠དང་བམ་པོ་བརྒྱད་ཅན་ནི་ལང་གཤེགས་རིན་པོ་ཆེའི་མདོ་ཡིན་པ་དང་རྒྱ་དཔེ་ལས་བསྒྱུར་བ་ལྡན་དཀར་ལས་གསུངས་པས་ཕྱི་མ་ཉིད་འཐད་ལྡན་དུ་སྣང་། བཅོམ་ལྡན་རིག་རལ་གྱིས་བམ་པོ་བཅུ་གཅིག་དང་བམ་པོ་བརྒྱད་ཅན་གཉིས་རྒྱ་དཀར་ནག་གི་དཔེ་ལས་བསྒྱུར་བ་གྲངས་བགྲངས་བའི་ཚེ་གོང་འོག་འཁྲུགས་སོང་བ་འདྲ། མིན་ན་དཀར་ཆག་རྙིང་པ་དག་དང་ཐད་ཀར་འགལ་འདུག་པས་མི་འཐད་དོ། །སིདྷི་རིན་པོ་ཆེ་ལ་ཡང་ཐུགས་མཉམ་པར་མ་བཞག་པའི་སྐྱོན་ཞིག་ཡོད་པ་ནི། དཀར་ཆག་ལས་འཕགས་པ་ལང་ཀར་གཤེགས་པ་བམ་པོ་དགུ་དང་ལེའུ་ཉེར་བརྒྱད་པ་རྒྱ་གར་ནས་འགྱུར་བར་གྲགས་ཀྱང་སྒྱུར་མཁན་གསལ་ཁ་མ་བྱུང་གསུངས་པ་དང་། ཁོང་ཉིད་ཀྱིས་ཞུ་དག་མཛད་པའི་སྡེ་དགེའི་བཀའ་འགྱུར་ནང་གི་ལང་གཤེགས་ཀྱི་འགྱུར་བྱང་དུ་རྒྱའི་དཔེ་ལས་བསྒྱུར་བ་ཞེས་བཞག་འདུག་པ་དེའོ། །ད་དུང་དཀར་ཆག་ཏུ་ལེའུ་ཉེར་བརྒྱད་ཅེས་པའི་ཚིག་ཟུར་གྱི་ཉེར་འདི་འབྲུ་ནོར་ཡིན་པ་ཤས་ཆེ་སྟེ། མདོ་རང་ལ་ལེའུ་བརྒྱད་ཉིད་དུ་བཞུགས་ཤིང་སློབ་དཔོན་ཛྙཱ་ན་བཛྲའི་འགྲེལ་བཤད་ལས་དེ་ཡང་ལེའུ་རྣམ་པ་བརྒྱད་ཀྱི་སྒོ་ནས་སྟོན་ལ་ཞེས་གསུངས་འདུག །ཚུལ་ཁྲིམས་སྐལ་བཟང་གིས་མདོ་འདི་ཐད་ཀར་ལེགས་སྦྱར་ནས་བསྒྱུར་བ་ཐག་གཅོད་ཆོག །རྒྱུ་མཚན་ཁོང་གིས་མཛད་པའི་བཀའ་བསྟན་དཀར་ཆག་ནང་བརྗོད་ཡོད་གསུངས་ཀྱང་ཁོ་བོས་ནི་མཇལ་བའི་སྐལ་བ་མ་ལྡན། མདོར་ན་ད་ལྟ་བཀའ་འགྱུར་ཁྲོད་ཀྱི་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་བམ་པོ་བརྒྱད་ཅན་ནི་འགྱུར་བྱང་དུ་གསལ་བ་ལྟར་རྒྱའི་དཔེ་ལས་འགོས་ཆོས་གྲུབ་ཀྱིས་བསྒྱུར་བ་དང་། ལང་ཀར་གཤེགས་པའི་མདོ་བམ་པོ་དགུ་ཅན་རྒྱ་གར་གྱི་དཔེ་ལས་བསྒྱུར་བ་ལ་ངེས་ཤེས་གཏིང་ནས་སྐྱེ་བའོ། །སྒྱུར་མཁན་གྱི་ལོ་ཙཱ་བ་མི་གསལ་ཡང་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་བསྒྱུར་བའི་ལོ་ཙཱ་བ་རིན་ཆེན་འཚོ་དང་ཆོས་ཉིད་ཚུལ་ཁྲིམས་གཉིས་དང་དེ་དང་དུས་མཚུངས་ཀྱི་ལོ་ཙཱ་བ་ཞིག་ཡིན་པ་ཐག་ཆོད། སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར། མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དར་མ་འཕགས་པ་དཀོན་མཆོག་སྤྲིན་དང་། འཕགས་པ་ལང་ཀར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག་ཅེས་གསུངས་སོ། །

       བོད་རྒྱལ་ལོ་༢༡༥༠བོད་ཟླ་༥པའི་ཚེས་༢༩ཉིན་རྫོགས་པར་བྲིས།

          རྫོང་སར་རྩོམ་རིག་འདོན་ཐེངས་གཉིས་པའི་ལོ་དེབ་ལས་འོས་སྦྱོར་བྱས།
                            རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease