
འབྱུང་རྩིས་བླང་དོར་འཇམ་དབྱངས་དགྱེས་པའི་ཞལ་ལུང་།
རྣམ་རྒྱལ་རྡོ་རྗེ། སྐྱེ་སྒུ།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ།
ཆོས་དང་ཆོས་མིན་རྣམ་འབྱེད་གྲི་ཡིས་ཉི་མ་འབུམ་གྱི་འོད་ཟེར་གངས་གྱི་རི་ལ་འཕྲོས། །
ཐུགས་རྗེ་སྤྱན་གྱིས་འགྲོ་དྲུག་འདྲེན་པའི་ཐབས་ཤེས་ལམ་ནས་ཐམས་ཅད་ཆོས་ཉིད་རུམ་དུ་བསྡུ། །
གཏན་དུ་བདེ་བ་མཁྱེན་པའི་རྒྱ་ཡིས་མ་ལུས་སེམས་ཅན་ལམ་གསུམ་བསྐྲུན་པའི་ཐབས་མཁས་ཉིད། །
དུས་གསུམ་སངས་རྒྱས་ཡབ་གཅིག་མགོན་པོ་མགོན་མེད་སྲིད་གསུམ་བླ་མར་གྱུར་པ་དེ་ལ་འདུད། །
ལྷག་པའི་ལྷ་ཡིས་འཛམ་བུ་གླིང་དུ་བརྩེ་བའི་སྤྱན་གྱིས་སྐལ་ལྡན་འདུལ་བྱ་སྒྲོལ་བའི་དོན། །
འོག་མིན་གནས་ནས་འོད་ཟེར་འཕྲོ་ཡིས་བླ་མ་མགོན་པོ་རྗེས་སུ་བཟུང་ནས་ཡང་ཡང་ཞུས། །
བརྒྱད་ཁྲི་བཞི་སྟོང་རྩིས་ཀྱི་སྒོ་མོ་ཡོངས་སུ་ཕྱེས་ནས་མ་རིག་སེམས་ཅན་ཐར་ལམ་དུ། །
འགྲོ་དྲུག་འདྲེན་པའི་ལྷ་མོ་རྣམ་རྒྱལ་མཚན་དོན་ཡེ་ཤེས་རྗེས་སུ་བཟུང་དུ་གསོལ། །
འཆད་པས་བཅུ་ཕྲག་རིག་པའི་དོ་ཤལ་རྒྱན་དུ་མཛེས། །
རྩོད་པས་ཕས་རྒོལ་བཅོམ་པའི་དཔལ་མངའ་གཟི་ཟིན་གཡོ། །
རྩོམ་པས་སྡེ་སྣོད་སྒོ་མང་འཇུག་པའི་དཔའ་ངར་བསྩལ། །
དཔལ་ལྡན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །
དང་བ་འདྲེན་པའི་ཚུལ་མཐོང་དོན་མཐུན་བརྗོད་བྱ་དེ། །
བློ་ལྡན་ལམ་དུ་ འཇུག་པའི་དཔྱད་པ་རྒྱ་ཆེ་བ། །
ངག་གི་དངོས་གྲུབ་སྙན་ཚིག་ལྡན་པའི་རི་མོ་ཞིག །
བླང་དོར་མཁས་པའི་མིག་གི་ལྟད་མོ་ངོ་མཚར་རྨད། །
༼རྩིས་ཀྱི་རིག་གནས༽ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་སྟེ། བོད་རང་ནས་དར་བའི་གནའ་བོའི་འབྱུང་རྩིས་དང་ཞང་ཞུང་རྒན་པོའི་ངག་རྩིས་ཉིན་ཞག་མའི་ལུགས་སོགས་རྩིས་རིག་གི་རྨང་གཞི་སྣ་ཚོགས་སྟེང། དུས་རབས་བཅུ་གཅིག་ནང་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱི་སྐར་རྩིས་དང། དབྱངས་འཆར། དུས་རབས་བཅོ་བརྒྱད་ནང་རྒྱ་ནག་ནས་དར་བའི་༼ཧྲི་ཞན་ལིས༽时宪历སོགས་ལེགས་ཆ་རྣམས་བསྡུས་ནས་བྱུང་བའི་ཤེས་རིག་ད་ལྟ་འཛམ་གླིང་དུ་ཆེས་སྔོན་ཐོན་གྱི་རིག་གནས་དེ་ལ་བོད་ཀྱི་རྩིས་རིག་གི་རིག་གནས་ཞེས་གྲགས། དེ་དང་འབྱུང་བ་ལྔ་འདིས་རྩིས་ཀྱི་རིག་གནས་ཁོ་ན་གཏན་འབེབས་བྱས་ནུས་པ་མ་ཚད་བོད་ཀྱི་ཐུན་མོང་རིག་གནས་སྤྱི་ལ་ཤན་བྱས་ཡོད་པ་ནི། ཡ་ཐོག་གི་མེས་པོས་འབྱུང་བ་ལྔ་དུས་ནམ་གྱི་ཚེ་དཀོལ་སྤྱོད་རང་བཞིན་ཡིན་པ་ངོས་ཟིན་པ་ནས་ད་བར་དངོས་པོའི་གནས་ལུགས་འཇལ་བྱེད་གྱི་ལྡེ་མིག་ལྟ་བུ་ཆགས་ནས་མ་འོངས་གྱི་བདེ་སྡུག་སྣ་ཚོགས་དཔོག་ཡོད་ལ། ཇུ་ཞག་རྟེན་འབྲེལ་གྱི་མཐའ་རྩིས་ལ་བརྟེན་ནས་སྐྱེ་རྒ་ན་འཆི་ཡི་བདེ་སྡུག་ལྐོག་འགྱུར་གྱི་ཆོས་མང་པོ་ཞིག་ཀྱང་ཤེས་ཡོད། རྩིས་རིག་གི་རང་བཞིན་རིག་ཚན་སོ་སོའི་ནང་ཐ་སྙད་ཀྱི་མིང་ཙམ་མི་མཚུངས་པ་མ་གཏོགས་འབྱུང་བ་ལྔའི་རིག་པ་མེད་མི་སྲིད་པ་ལྟ་བུ་ཆགས་ཡོད་པ་དཔེར་ན། བརྡ་སྤྲོད་རིག་པའི་སྐད་ཡིག་སྐྱེ་གནས་གྱི་རྣམ་བཞག་དང། མཚན་ཉིད་རིག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིརྣམ་བཞག་དང། གསོ་བ་རིག་པས་རླུང་འཁྲིས་བད་ཀན་གྱི་རྣམ་བཞག མཛེས་ཚོན་རིག་པའི་ཁ་དོག་བཞིའི་རྣམ་བཞག་ཐམས་ཅད་འབྱུང་བ་ལྔའི་རིག་པའི་གཏན་ལུགས་སུ་གྱུར་ཡོད། དེ་བཞིན་བོད་ཀྱི་རྩིས་རིག་ལ་མཚོན་ན་འབྱུང་བ་ལྔའི་རིག་པ་ནི་ཆེས་རྩ་བར་གྱུར་པའི་རྨང་གཞི་ཡིན་ཏེ། གབ་ཚེ་འཕྲུལ་གྱི་མེ་ལོང། སྤར་ཁ་སྨེ་བ་གླིང་བསྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་སོགས་འབྱུང་བ་ལྔས་ཕན་ཚུལ་འཐབ་པའི་རྩིས་བྱེད་པའི་གཞུང་ཡིན་པ་ཚང་མ་འབྱུང་བའི་རིག་གནས་དེ་རྩ་བའི་སྒྲོམ་གཞི་ཡིན།
དེ་ཡང་འབྱུང་རྩིས་ཞེས་པའི་དོན། འབྱུང་རྩིས་ཐོག་མ་བོད་དུ་དར་ཡོད་པའི་སྒྲུབ་བྱེད། ཞར་བྱུང་ལོ་ཟླ་ཞག་དུས་ཀྱི་རྣམ་བཞག །
འབྱུང་ཞེས་བྱ་བ་ནི་སུས་ཀྱང་བཟོས་པ་མ་ཡིན་པར་རང་བཞིན་གྱིས་འབྱུང་བས་ན་འབྱུང་བ་ཞེས་བྱ་སྟེ། དེ་ཡང་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་བྱེད་པའི་རྒྱུའི་གཙོ་བོ་གཟུགས་ཀྱི་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་དེ་ལ་ཟེར། དེས་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་ཅིང། དེ་དག་ཐམས་ཅད་ལའང་ཁྱབ་ཡོད་པ་ཞིག་རེད།
འབྱུང་རྩིས་ཐོག་མ་བོད་ནས་དར་བའི་སྒྲུབ་བྱེད་ནི།
འབྱུང་བའི་རྩིས་རིག་དེ་ཐོག་མ་རྒྱ་གར་ནས་དར་ཡོང་བ་དང། ཡང་འགའ་ཞིག་གིས་རྒྱ་ནག་ནས་དར་ཡོང་བ་སོགས་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་ནའང་། རང་ལུགས་ནི། འབྱུང་རྩིས་ཐོག་མ་བོད་ནས་དར་བ་ཡིན་པ་བཤད་པ་བྱ་སྟེ། འབྱུང་བའི་འཁོར་ཕྱོགས་བཟང་ངན་གྱི་རྟེན་འབྲེལ་བརྟག་པ་འདི་ཁོ་ན་ལ་ཡང་ཤེས་བྱེད་ཆེན་པོ་ཡོད་པ་མ་ཟད།༼བོད་ཀྱི་སྐར་རྩིས་རིག་པ་བྱུང་འཕེལ་གྱི་ལོ་རྒྱུས༽སོགས་དེ་དག་ནང་དུ་བརྡོལ་བོན་དུས་སུ། ས་ཆུ་མེ་རླུང་གནོད་པ་ཡོད་མེད་བརྟགས་ནས་བཟློག་པའི་ཕྱིར་དུ་འབྱུང་བ་ལྔའི་ལྷ་ལ་མཆོད་པ་བྱས་ཚུལ་ཡོད་པ་ལ་བལྟས་ན་ཕྱི་ཡི་འབྱུང་བ་དང་ནང་གི་ཁམས་གཉིས་ལ་འབྲེལ་ཡོད་ཀྱི་འབྱུང་རྩིས་རིག་པ་འདི་དེ་དུས་ནས་དར་ཡོད་པ་ཤེས་ཐུབ། གཞན་ཡང་༼བཻ་དཀར་༽ལས་ལྡོང་ནི་ས་ཁམས་ཤ་བ་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ལ་བླ། །དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། །ཞེས་རུས་ཆེན་སོ་སོའི་དང་འབྱུང་ཁམས་གཉིས་བསྒྲིགས་ནས་འབྱུང་རྩིས་ལུགས་ཀྱི་ཁམས་ལོ་/བརྩི་བྱ་བྱེད་/དགོས་པ་དེ་ཚེ་རབས་ལས་རྩིས་ལས་དང་པོ་རང་གི་རུས་དང་མཐུན་པའི་འབྲས་བུའི་བསྟན་པ་ལ་རྩིས་རིག་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཤེས་རིག་རིག་གནས་ཏེ། དེང་རབས་ཀྱི་རུས་རྒྱུད་བར་དུDNAཟེར་བ་དེ་ལ་བརྟགས་ནས་ཁྱིམ་རྒྱུད་གཅིག་ཡིན་མིན་བརྟག་ཚུལ་དང་བོད་གདོད་/མིས་/འབྱུང་བར་ལྔ་གང་གི་ཁོངས་གཏོགས་ཡིན་མིན་དང། རུས་ཆེན་ལྔ་གང་ཡིན་མིན་ལྟ་བ་འདི་ནི་རྒྱའི་མཁས་པ་གང་གིས་ཡང་མ་བཤད་པའི་བོད་རང་གི་གདོད་མའི་དུས་ཀྱི་ཤེས་རིག་འདི་ནི་ད་ལྟའི་ཚན་རིག་དང་མཐུན་པའི་རིག་གནས་ཞིག་ཀྱང་རེད་འདུག།
རྒྱ་ནག་གི་རྩིས་རིག་ལུགས་སུ་ཡང་འབྱུང་བ་བརྒྱད་ལྔ་རུ་འདུས་པ་གཞུང་བཤད་ནང་དུ་འདུག་པ་དེ་ནི་༼ཏོའོ་ལུགས་༽་ཡིན་པར་རྒྱའི་མཁས་པ་ཀུན་ལ་ཡོངས་གྲགས་ཡིན་ལ། རྒྱའི་མཁས་པ徐江伟གསུངས་པ་ལྟར་ན་ཏོའོ་ལུགས་ཀྱི་ཆོས་འདི་བོན་གྱི་བྱེ་བྲག་དུར་བོན་ལ་ཐུག་ཡོད་པ་བཤད་འདུག་པས། འབྱུང་རྩིས་འདི་ཐོག་མ་བོད་ནས་བྱུང་བ་ཡིན་པ་ད་ལྟའི་རྒྱ་ཡི་ཞིབ་འཇུག་པ་རྣམས་ཀྱིས་ཁས་ལེན་པ་འདྲ། མཁས་དབང་ནམ་མཁའ་ནོར་བུས་གཤེན་རབ་མི་བོ་ཆེའི་འཁོར་དུ་རྒྱ་ནག་ལོ་ཙཱ་བའང་ཡོད་པའི་ཚུལ༼སྲིད་པའི་རྒྱུད་ཀྱི་ཁ་བྱང༽ལས། དེ་ནས་རྒྱ་ནག་ཡུལ་དུ་བྱོན། རྒྱ་ནག་བོན་པོ་ལེགས་བཏང་རྨང་པོ་ལ། ཕྱིའི་དོན་དུ་རྒྱའི་གཙུག་ལག་སྨེ་བ་དཀར་ནག་བརྩི་བ་བསྟན། དེ་དང་༼བོན་འབྱུང་༽དུ་དེ་ནས་འོལ་མོ་ལུང་རིང་ནས་བཀའ་དང་རྗེས་སུ་བསྟན་པའི་བོན། ལོ་ཙཱ་བ་དྲུག་གིས་གཡུང་དྲུང་ལྷ་སྐད་ལས་རང་རང་སོ་སོར་སྐད་རིགས་བསྒྱུར། ལོ་ཙཱ་བ་གཅིག་རྒྱ་ནག་གི་ལེགས་ཏང་རྨང་པོ་ཡིན་པ་གསུངས་འདུག་པ་དེ་ཤིན་ཏུ་སྒྲུབ་བྱེད་ཆེ་བ་འདུག་གོ། གཞན་ཡང་རྒྱ་ནག་གི་རྩིས་པ་རྒན་པ་རྣམས་ཀྱི་ལུགས་སུ། འབྱུང་ལྔ་དུས་ནམ་གྱི་ཚེ་བྱུང་བ་བཤད་པའི་སྐབས་སུ་རུའུ་ལུགས་༼儒家༽བསྟན་བཅོས་མཁས་ཆེ་བ་ལྔ་ཡི་ནང་གི་གཅིག་ཡིན་པ་དང་མིང་ལ་༼尚书 ༽ཞེས་པ་དེ་ནང་དུ་ཐོག་མ་བྱུང་བ་བཤད་ལ། དེ་རྩོམ་པ་པོ་བྱུང་བའི་དུས་ནི་སྤྱི་ལོ་སྔོན་གྱི་ལོ་༢༦༠ཡིན་པ་དང། ཡིན་ཡང་རྒྱ་ནག་གི་མཁས་པ་མང་པོས་ཚོད་དཔག་བྱས་ན་དེ་ཡི་སྔ་མའི་རྒྱལ་རབས་战国时期དུས་སུ་བྱུང་ཡོད་པ་བཤད་ཡོད་ཀྱང་ཐོག་མ་གསུངས་པ་པོ་མཁས་པ་འདི་ཡིན་མེད་པར་དམངས་ཁྲོད་དུ་ཡོད་པ་བཤད་པ་འདུག་པ་དང་བོན་སྟོན་པ་གཤེན་རབ་སློབ་མས་རྒྱ་ནག་དུ་རྩིས་སྟོན་པར་བྱོན་ཡོད་པ་གཉིས་གནད་གཅིག་དུ་ཁེལ་འདུག་པས་བོད་ཀྱི་རྩིས་པ་དེ་དག་གིས་རྒྱ་ནག་ལ་སྤེལ་སོང་བ་མ་ཡིན་ནམ།
ལོ་ཟླ་ཞག་དུས་ཀྱི་རྣམ་བཞག།
དང་པོ་རྩིས་མགོ་ཕྱི་བསྐོར། གཉིས་པ་རྩིས་མགོ་ནང་བསྐོར། གསུམ་པ་རྩིས་མགོ་བར་བསྐོར།
དང་པོ་ཕྱི་བསྐོར་ལོ་ཟླ་ཞག་དུས་བཞི།
༡ལོ་ཞེས་པའི་གོ་བ་དང། ༢ལོ་ཡི་མགོ་བྱི་བ་ངོས་འཛིན་འདོད་ཚུལ་མི་འདྲ་བའི་ལུགས་གསུམ་དང། ༣བྱེ་བྲག་ཏུ་འཇམ་པའི་དབྱངས་རྒྱ་ནག་ཏུ་བྱོན་ཡོད་མེད་བཤད་པ། ༤ལོ་ལ་དབང་བའི་སྲོག་ལུས་དབང་ཀླུང་བླ་བཅས་ཀྱི་གོ་བ་ཡི་རགས་ཙམ།
དང་པོ། བེེ་དཀར་ལས། ངན་པ་དཔལ་གྱི་ཟས་སུ་བསྒྱུར། །ལྟས་ངན་དཔལ་དུ་ལོ་བས་ན། །ལོ་ཞེས་བྱ་བ་ངན་ཚིག་འབྱུང། །ཞེས་གསུངས་ནས་ལོ་བརྙན་བཅུ་གཉིས་དང་ལོ་རྒན་དྲུག་བཅུ་སྨེ་འཁོར་བརྒྱ་དང་བརྒྱད་བཅུ་སོགས་ལ་ལོ་ཞེས་བྱ་བ་དང་། དེ་ལ་ལོ་རྒན་དྲུག་བཅུ་རེ་རེ་ལའང་འབྱུང་བའི་སྲོག་ལུས་དབང་ཀླུང་ལོ་བརྙན་མི་འདྲ་བའི་རབ་དབྱེ་དྲུག་བཅུ་ཡོད་པ་དང་སྨེ་འཁོར་ནི་དེ་སྟེང་དུ་སྨེ་བ་གཅིག་དཀར་ནས་དགུ་དམར་བར་དུ་སྒྲིལ་བས་སྨེ་ཕྲེང་དང་པོར་གཅིག་དཀར་ནས་ལོ་རྒན་དྲུག་བཅུ་དང་གཉིས་པ་ལ་དྲུག་བཅུ་གསུམ་པ་ལའང་དྲུག་བཅུ་མཐའ་དགུ་དམར་དུ་རྫོགས་པས་བརྒྱ་དང་བརྒྱད་བཅུ་དབྱེ་ཡོད་པ་ནི་འབྱུང་རྩིས་ལུགས་སུ་ཐུན་མོང་མ་ཡིན་པའོ། གལ་སྲིད་ལོ་བརྒྱ་དང་བརྒྱད་བཅུ་མ་འཁོར་ན་སྨེ་ཕྲེང་གོང་འོག་གིས་འབྲས་བའི་བུ་ཆ་ཚང་རྫོགས་མི་ཐུབ་པའི་ཕྱིར་ཏེ། དཔེར་ན་འབྱུང་བ་ལྔ་ལྡན་གྱི་ལོ་རྣམས་སྨེ་ཕྲེང་དང་པོ་ཤིང་གླང། སྲོག་ས། ལུས་ལྕགས། དབང་ཐང་ཤིང། ཀླུང་རྟ་ཆུ། གནམ་ལོ་སྨེ་བ་དགུ་དམར ་༼ མེ ༽ སྨེ་ཕྲེང་བར་པ་ས་སྦྲུལ། སྨེ་ཕྲེང་འོག་མ་ཆུ་ལུག་ལྟ་བུ་ལོ་ལ་དར་གུད་ཧ་ཅང་ཆེ་བ་བརྗོད་ཡོད་པ་བཞིན། ལོ་བརྒྱ་དང་བརྒྱད་བཅུ་སྨེ་ཕྲེང་དང་མ་སྡེབ་ན་འབྱུང་བ་ལྔ་ལྡན་གྱི་ལོ་ཡི་འབྲས་བའི་བུ་སོགས་མི་འཁོར་བའི་སྐྱོན་ཡོད་པས་འབྱུང་རྩིས་ལུགས་ལ་ལོ་བརྒྱ་དང་བརྒྱད་བཅུ་འདོད་པའོ།
གཉིས་པ།
1བོན་སྟོན་པ་ཤེས་རབ་འཁྲུངས་ལོ་ཤིང་ཕོ་བྱི་བ་ལོ་སྟག་ཟླ་བ་དང་། 3རྒྱ་བཟའ་ཀོ་ཇོ་བོད་དུ་ཡོང་བའི་དུས་བྱི་བའི་ལོ་ཡིན་པ་དང། 2འཕགས་མཆོག་འཇམ་པའི་དབྱངས་རྒྱ་ནག་རི་བོ་རྩེ་ལྔ་ནས་རྩིས་ཐོག་མ་གསུངས་པའི་ཚེ་ས་བདག་ཐེ་སེ་རྒྱལ་པོ་བྱང་སྨད་བྱི་བ་སྟེང་དུ་གནས་ཡོད་པ་དང། 4འཇམ་པའི་དབྱངས་འཁྲུངས་ལོ་ཤིང་བྱི་ལོ་སྟག་ཟླ་བ་ཡིན་པ་ལུགས་དུ་མ་ཡོད་པ་ནང་ནས། དེ་དག་རིམ་གྱིས་རང་རང་སོ་སོར་འདོད་ཚུལ་ནི ༼་རྩ་རྒྱུད་ཉི་སྒྲོན༽ ་དུགཤེན་རབ་མི་བོ་ཆེ་དེ་ཉིད་ཤིང་ཕོ་བྱི་བའི་ལོ། ཟླ་བ་དང་པོ་ཚེས་བཅོ་ལྔའི་སྐར་མ་རྒྱལ་ལ་ནམ་ལངས་ཡོས་ཀྱི་དུས་སུ་སྐུ་བལྟམས་པ་དེས་ནི་འབྱུང་ཁམས་ཀྱི་ཐོག་མ་ཤིང་ཡིན་སྟབས། ཤིང་ཕོ་བྱི་བའི་ལོ་ཡིན་པ་དང། འཁྲུངས་ལོའི་སྨེ་བ་གཅིག་དཀར་ཡིན་པ་དང། རྩིས་ཀྱི་བསྐོར་འགོ་འདི་ནས་བྱས་ཡོད་པ་འདོད་པའི་ལུགས་འདི་དང། རྒྱ་གཟའ་བོད་དུ་འོང་བའི་དུས་ཚོད་སྲོམ་གཙན་སྒམ་པོ་དུས་སྐབས་ཡིན་པས་ ༼བེེ་དཀར་ལས་༽ སྔར་འགྱུར་ཐོག་མ་བྱ་བ་ནི། །རྒྱ་གཟའ་ཀོང་ཇོ་ཕེབས་པའི་དུས། །གསུངས་ནས་རྒྱ་ནག་རྩིས་ཀྱི་གཞུང་ ༼རྒྱུད་སྡེ་དགུ༽ དང་ ༼འགྲེལ་བ་གསུམ༽ ། རུས་སྦལ་གྱི་གབ་རྩེའི་དཔེ་རིས་སྲིད་པ་ཧཱ་རྣམས་ཞུས་ནས་བོད་ཡིག་དུ་ཕབ་བསྒྱུར་མཛད་ཚུལ་སོགས་གསུངས་འདུག་པས། བོད་དུ་འབྱུང་རྩིས་ཐོག་མ་དར་བ་དང་ལོ་ཟླ་ཞག་དུས་རྩིས་སྲོལ་སོགས་རྩིས་ཀྱི་རིག་པའང་དུས་སྐབས་དེར་རྒྱ་ནག་ནས་བོད་དུ་དར་བ་ཡིན་པ་བརྗོད་པ་ནི་ཕྱོགས་ལྷུང་སྐད་ཆ་ཞིག་སྟེ། བོན་ཀྱི་བསྟན་པ་དེ་བས་བོད་དུ་ཡོད་སྔ་བ་དང་བོན་གྱི་རྩིས་ཀྱི་རིག་གནས་ཡང་རྒྱ་ཆེ་བས་གཞན་ཡང་སྲོམ་གཙན་སྒམ་པོ་ཡར་སྔོན་དུ་ཡར་ཀླུང་ཁུལ་དང་ཞང་ཞུང་རྒན་པོ་ངག་རྩིས་སོགས་དར་རྒྱས་སོང་ཟིན་པ་དང་་རྩིས་ཀྱི་རིག་གནས་དེ་རྒྱ་ནག་དུ་མར་དར་སོང་བ་སྒྲུབ་བྱེད་སོགས་བཤད་ཟིན་པ་ཡིན་པས་རྒྱ་འོང་བ་ནས་རྩིས་འགོ་བཟུང་བ་ལ་ཡིད་གཏད་གང་ཡང་མི་འདུག འོ་ན་དུས་སྐབས་དེར་རྒྱ་ནག་ནས་ནག་རྩིས་ཐོག་མ་བསྒྱུར་ཡོད་པ་དེ་དང་བོད་གདོད་མ་ནས་ཡོད་པའི་རྩིས་རིག་པ་དང་འགལ་བ་གང་ཡང་མེད་པའི་སྒོ་ནས་འགྱུར་ཡོད་པ་དེ་ལ་བལྟས་ན་རྩིས་འགོ་སྔོན་ནས་བོད་དུ་ཡོད་པའི་སྒྲུབ་བྱེད་མ་གཏོགས་གནོད་བྱེད་གང་ཡང་མེད་པ་ནི་མི་རིགས་དེ་ལ་ཡོད་པའི་གདོད་མའི་རིག་གནས་དང་འགལ་བར་དར་བ་ལ་རྩོད་པ་མེད་པ་དར་མི་ཐུབ་པ་ནི་ལོ་རྒྱུས་ལ་ཡར་ཞིབ་འཇུག་བྱས་ན་གོ་ཐུབ་པའོ།
གསུམ་པ། འཇམ་པའི་དབྱངས་རྒྱ་ནག་རི་བོ་རྩེ་ལྔ་རུ་བྱོན་ཡོད་མེད་ནི།
༼པདྨ་བཀའ་ཐང༽ལེའུ་སོ་ལྔ་ལས། མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་ཞེས། །ཤིང་ནི་ཛམྦུ་ཏྲི་ཤའི་ལྦ་བ་ལས། །མི་འགྱུར་གསེར་ལྟར་བརྫུས་ནས་སྐུ་འཁྲུངས་ཏེ། །བསྐྱེད་པའི་ཡབ་མེད་བལྟམས་པའི་ཡུམ་ཡང་མེད། །ཞེས་པ་དང། བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་རྒྱལ་པོ་འགྲུབ་པར་འགྱུར་ཏེ། ༼བཻ་དཀར་ལས༽ ལས་རྒྱ་དང་རྒྱ་ནི་ཆེ་ཉིད་ལ། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། འཇམ་དཔལ་དབྱངས་དུས་ཁྱད་པ་བར་མིག་དམར་། ཤིང་ཕོ་བྱི་བ་དང། མགོ་ཟླ་བ། དཔྱིད་ཟླ་སྟག་གི་ཚེས་བཅོ་ལྔ། རེར་གཟའ་སྤེན་པ་། སྟོན་པ་བྱོན་པའི་དུས་རྒྱ་ནག་ཀྲོའུ་རྒྱལ་རབས་སྟོད་ཀྱི་ཆ་ཡིན། མི་རིང་བ་ཙམ་གྱིས་རྒྱ་ནག་ཏུ་འཁྲུངས་བ་བཞེད། ༼ལོ་ཆེན་དྷ་མ་ཤྲི་རི་ ༽སྟོན་པ་འདས་ནས་ ལོ་༤༤མཚམས་ནས་འཇམ་དབྱངས་རི་བོ་རྩེ་ལྔ་རུ་༢༠༨༦སྐུ་བལྟམས། སྤྱི་ལོ་སྔོན་༨༣༦ལོ་རེད་འདུག། དེས་སློབ་མ་ཀོང་རྩེ་འཕྲུལ་རྒྱལ་ལ་རྩིས་ཀྱི་རྒྱུད་ལྔ་གསུངས་ཞིང། དེས་ནས་ཇི་ཀོང་། ཇི་ནོང་། ལང་ཐེ་འཕྲུལ་རྒྱལ། སོགས་གསུངས་ཡོད་པ་དང། ཚང་མས་ལུང་ཕུག་བཏུགས་ས་པདྨ་བཀའ་ཐང་་རེད་འདུག་པ་ནི། བཻ་དཀར་ལས་རུས་སྦལ་ལྔ་བཤད་པ་དང་རྒྱ་ནག་གི་ལོ་ཙཱ་དུར་ཧར་ནག་པོ་དང། སྔ་འགྱུར་རྒྱ་བཟའ་དུས་སོགས་ནས་བོད་དུ་དར་བ་ངོས་འཛིན་པ་ལ་ཚིག་གཅིག་ཀྱང་ཁྱད་པར་མི་འདུག གཞན་འབྱུང་རྩིས་ལུགས་སུ་བསྟན་རྩིས་འདོད་པ་ཕལ་ཆེ་མེད་པ་འདྲ། ༼བཻ་དཀར༽ལས་མཁས་པ་གཞན་གྱི་འདོད་པ་ཞིག་བཞག་ཡོད་ད་ལྟ་རྩིས་རིག་མཁས་པ་རྣམས་གྱི་བོད་མཁས་པ་ཡིན་པ་བཞེད་པ་དང། བོན་པོ་ནས་འདེད་པ་ཡིན་པ་བཞེད་ཚུལ་མི་མཐུན་པ་གཉིས་ཙམ་འདུག། དེ་ནི་བོད་ཀྱིས་འདོད་པ་དང། རྒྱ་ནག་ལུགས་སུ་འཇམ་དབྱངས་རི་བོ་རྩེ་ལྔ་རུ་འཁྲུངས་མྱོང་བ་མི་འདོད་པ་སྒྲུབ་བྱེད་ཆེ་བ་མ་གཏོགས་འདོད་པ་སྒྲུབ་བྱེད་གང་ཡང་མཐོང་རྒྱུ་མི་འདུག རྒྱུ་མཚན་ནི་འཇམ་པའི་དབྱངས་བྱོན་ན་རི་བོ་རྩེ་ལྔ་རུ་འཁྲུངས་ཡོད་དགོས་པ་ལ། རྒྱ་ནག་རི་བོ་རྩེ་ལྔ་ནི་གནས་རི་དང་པོ་ཏོའོ་ལུགས་道教གྱི་གནས་རི་ཡིན་ཏོ་མདོ་道经ནང་དུ་(ཛི་ཨེ་ཧྥོ)紫府山(清凉山志 )ནང་དུ་འཇམ་པའི་དབྱངས་་རི་བོ་རྩེ་ལྔ་རུ་སླེབས་དུས་བྲག་ཕུག་དུ་སྒོམ་རྒྱབ་ཡོད་པ་བཤད་པའི་བྲག་ཕུག་དེ་ཏོའོ་ལུགས་དགོན་པའི་ནང་དུ་ཡོད་པས་དེ་ཕྱིར་དང་པོ་རི་བོ་རྩེ་ལྔ་ཏོའོ་ལུགས་ཀྱི་གནས་རི་ཡིན་པ་བཤད་འདུག དེ་རྗེས་རི་བོ་རྩེ་ལྔ་ནང་པའི་གནས་རི་ཆགས་པའི་དུས་ནི་སྤྱི་ལོ་༦༨ལོ་(ཧན་མིང་གོང་མ་)གདན་འདྲེན་ཞུས་བའི་རྒྱ་གར་བླ་མ་གཉིས་མིང་དུ་(迦叶摩腾)དང(竺法兰)དེ་སྐབས་(清凉山)ཞེས་བཏགས་པས་ད་སྐབས་ཡང་དེ་བཞིན་བཏགས་པར་འདུག་དེ་གཉིས་རི་བོ་རྩེ་ལྔར་སླེབས་དུས་སྔར་ནས་སྟོན་པའི་ལུང་དུ་སྔགས་པའི་གནས་རི་ཡིན་པ་དང་ཆ་གཅིག་དེ་བྱ་རྒོད་ཕུང་པོ་རི་དང་འདྲ་བས། དགོན་པ་ཞིག་ཕྱག་བཏབ་དགོས་པའི་མདུན་པ་སྐྱེས་ཀྱང་ཏོའོ་ལུགས་ཀྱིས་ཁས་མ་བླངས་པར་གཞེང་དུ་མ་བཅུག་ནས། ཧན་མིང་གོང་མས་སྤྱི་ལོ་༧༡ལོ་ནག་ཟླ་དང་ཚེ་༡༥ཉིན་ཆོས་རྩོད་མགོ་ཚུགས་ནས་ལོ་ལུགས་གྱི་གཞུང་དང་སངས་རྒྱས་ཀྱི་གསུང་རབ་གཉིས་མེ་རུ་བསྲེག་དགོས་པའི་དམ་བཅའ་བྱས་པས་སངས་རྒྱས་ཀྱི་གསུང་རབ་མེ་རུ་མ་ཚིག་ནས་ཏོའོ་ལུགས་ཀྱི་(道德经)མདོ་མ་གཏོགས་ཚང་མ་མེ་རུ་ཚིག་ནས་རྒྱལ་པོས་དགོངས་པ་ལ་ཕྱི་ནས་སླེབས་པའི་བླ་མ་འདི་གཉིས་/ཆོ་ག་འདོན་དགྱི་མ་ཚད་པར་/གསུངས་འདུག་པ་དང། གཞན་ཡང་འཇམ་པའི་དབྱངས་ཤིང་བྱི་ལོ་ཧོར་ཟླ་བཅུ་གཅིག་སྟག་ཟླ་བ་འཁྲུངས་ཡོད་པ་འདོད་པ་དང་རྒྱ་ནག་གིས་འཇམ་པའི་དབྱངས་འཁྲུངས་སྐར་ཧོར་ཟླ་བཞི་བ་འདོད་པ་གཉིས་ཡང་མི་མཐུན་པར་འདུག རེད་དེ་རྒྱ་ནག་དུ་༼བསམ་གཏན་སྡེ་བ༽ལུགས་སུ་达摩ཟེར་བ་དེ་འཇམ་པའི་དབྱངས་ཀྱི་སྐུ་བསྟན་ནས་ཆོས་སྤེལ་ཡོད་པ་དང་དེ་ཡི་ལུགས་སུ་འཇམ་པའི་དབྱངས་བླ་མ་ཐོག་མ་དེ་ངོས་འཛིན་པ་མ་གཏོགས། གཞན་འཇམ་པའི་དབྱངས་རྒྱ་ནག་དུ་བྱོན་ཡོད་པ་རྒྱ་ནག་གི་ལོ་རྒྱུས་རྣམས་སུ་མཐོང་རྒྱུ་མི་འདུག དེ་ལ་བལྟས་ན་རྩིས་རིག་དེ་ལྐོག་གྱུར་སོགས་བསྟན་པ་ལ་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་བླ་མ་རྣམས་ཀྱིས་འཇམ་བའི་དབྱངས་རྩིས་ཀྱི་ལྷ་སྐལ་ཉིད་དུ་བྱས་ནས་བསྒྲུབས་པས་བྱིན་རླབས་ཀྱིས་རྩིས་རིག་འགའ་ཡང་བསྟན་ཡོད་པ་གོ་འདུག ཚེ་རབས་ལས་རྩིས་སྐབས་སུ་སྐྱེ་བ་སྔ་ཕྱི་དང། གཤིན་རྩིས་སྐབས་སུ་སྐྱེ་བ་རྗེས་མ་བསྟན་ཡོད་པ་སོགས་ནི་རྒྱ་ཡི་རྩིས་རིག་གིས་བསྟན་མི་ཐུབ་པར་ནང་པ་སངས་རྒྱས་ཀྱི་འདུས་བྱ་ཁོ་ན་མངོན་གྱུར་དང་བོད་ཁོ་ནར་དར་བཞིན་ཡོད་པའི་རིག་གནས་ཞིག་རེད་འདུག དེ་ལ་བལྟས་ན་བོད་དུ་ཡོད་པའི་འབྱུང་རྩིས་རིག་གནས་ནི་གདོད་མ་ནས་བོད་དུ་ཡོད་པ་རྗེས་སུ་ནང་པའི་རིག་གནས་བྱེ་བྲག་ཞིག་ཏུ་ཁས་ལེན་ཆོག་པ་འགྱུར་མི་འགྲོ་བའི་རྒྱུ་མཚན་མེད་པ་དཔེར་ན་ད་ལྟའི་བོན་པོའི་ཆོས་ལུགས་བཞིན། དཔེ་དེ་བཞིན་འབྱུང་རྩིས་ལུགས་་ཤིང་བྱི་ལོ་མགོ་ཁས་ལེན་དགོས་ཡང་རྩིས་མགོ་འཛིན་ཚུལ་ལོ་རྒྱུས་ནི་ཕལ་ཆེ་ཡིས་སོ་སོར་འདོད་མོས་ལྟར་ཕར་སྦྱར་བ་རེད་འདུག་མ་གཏོགས་ཡིན་ཚུལ་ནི་དེ་ལྟར་མ་ཡིན་པར་གོ་ཐུབ་པ་ནི་སོ་སོར་གནོད་བྱེད་རེ་འབབ་པ་ནི་དངོས་པོ་གནས་ལུགས་དང་མ་མཐུན་པའི་རྒྱུ་མཚན་ཡིན་ནམ་སྙམ།
བཞི་པ།
སྲོག
སྲོག་ནི་གནས་ཕྱོགས་འབྱུང་བ་སྟེ། །སྲོག་ནི་གང་ཟག་དེས་སྐྱེས་ཚད་ཀྱི་ལོ་བརྙན་བཅུ་གཉིས་དང་སྦྱར་ནས་གསུངས་པས་འབྲས་བུ་བཅུ་གཉིས་སྒོ་ནས་བསྟན་ལ་ཕབ་ཡོད་པ་དང། མ་ཚད་སྲོག་ནི་ ༼དངོན་པ་མཛོད༽ དུ་སྲོག་ནི་ཚེ་ཡིན་དྲོད་དང་ནི། །ཞེས་གསུངས་ནས་ཚེ་དང་དྲོད་སྲོག་སོགས་མིང་གི་རྣམ་གྲངས་ཡིན་པར་གསུངས་པ་ནང་བཞིན་བརྩི་བའི་བྱ་བའི་གང་ཟག་དེ་ཚེ་ལ་བར་ཆད་་ཡོད་མེད་སོགས་འདིས་སྟེང་ནས་ཕལ་ཆེར་ལུས་སྟེང་དུ་བརྟག་དགོས་པའོ། །
ལུས་ནི།
ལུས་ཀྱི་འབྱུང་བ་ནི་གབ་ཚེ་དབང་ཐང་སྟེང་དུ་ལྕགས་ཆུ་མེ་ས་ཤིང་དུ་བགྲང་ནས་རྩིས་འགོ་ཡང་སྟག་ཡོས་བྱ་སྤྲེལ་ཁམས་ཆུ་དང། གླང་ལུག་རྟ་བྱི་ཟིན་ཤིང་དང། ཆུ་འབྲུག་ཕག་སྦྲུལ་དྭ་ལྕགས་ལ་འབབ་ས་བསྟུན་པས་། ལུས་ཀྱི་གབ་ཚེ་དབང་ཐང་སྟེང་དུ་ཡོད་པ། དཔེར་ན་མི་དེ་དབང་ཐང་དང་བསོད་ནམས་ཡོད་མེད་ལུས་ཕུང་དེ་བདེ་ཐང་ཡོད་མེད་རྟེན་འབྲེལ་གྱི་འབྲེལ་བ་ཡིན་པ་དང།
དབང་ཐང།
ལོ་རྒན་དྲུག་ཅུ་འབྱུང་བའི་དབང་ཐང་སྦྲག་ནས་བསྟན་ཡོད་པས་རྩིས་བྱ་རྒྱ་ཅུང་ཙམ་ཆེ་ལ་ལོ་བརྙན་བཅུ་གཉིས་འབྱུང་བ་ལྔ་དང་སྦྲེལ་ནས་ཁྱིམ་མཚེས་ཀྱི་འབྱུང་བ་མཐུན་པ་བུ་འདེད་བྱས་ནས་འགྲོ་དགོས་པས་ལོ་བརྙན་བཅུ་གཉིས་འབྱུང་བ་ལྔའི་བསྐོར་མཐའ་ཐུག་དུས་ལོ་རྒན་དྲུག་ཅུ་སོང་ཟིན་པས་འབྱུང་རྩིས་ལུགས་ཀྱི་ལོ་རྒན་དྲུག་ཅུ་ཡང་དབང་ཐང་དང་བསྟུན་ནས་འབྲས་བུ་ཡང་དྲུག་ཅུ་བརྗོད་། དབང་ཐང་ཞེས་པ་ནི་བསོད་ནམས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན། བོད་གདོན་མིས་ཕྱྭ་ཞེས་པའི་གཡང་གི་བྱེ་བྲག་ཞིག་ཏུ་ངོས་འཛིན་ནས་ཕྱྭ་འབོད་ཞེས་པ་དོན་ལ་བསོད་ནམས་འཕེལ་བའི་བྱེ་བྲག་གི་ཆོག་(ཆོ《《《ག་ཞིག་དང། དབང་ཐང་ཉམས་ན་རྩིས་འབྲས་རྣམས་ཀྱི་ནང་དུ་ཡང་གཡང་སྐྱབས་དང་ཕྱྭ་འབོད་སོགས་དབང་ཐང་འཕེལ་བའི་ཐབས་སུ་གསང་བའི་གནད་མང་པོ་གཏེར་ཆོས་ཀྱི་ཁོང་སུ་གཏོགས་པ་འདུག།
ཀླུང།
ཀླུང་རྟ་ནི་མཐུན་གསུམ་ལོ་ཞེས་ཟེར་བ་དང་དཔེར་ན་སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། )ཕག་ལུག་ཡོས་གསུམ་ཀླུང་སྤྲེལ་མེ། །འབྱུང་བ་ས་ལ་ཀླུང་རྟ་མེད་པ་དང། འབྱུང་བ་ས་ནི་ཀུན་ལ་ཁྱབ་པས་མཚོན་བྱེད་དུ་མ་བཀོད་པ་ཡིན་པ་འདུག། ཡིན་རུང་ད་ལྟ་ཀླུང་རྟ་ངོས་སུ་བཀོད་པའི་གཟུགས་ནི་ས་ཆུ་མེ་རླུང་ནམ་མཁའ་མཚོན་བྱེད་དུ་སྟག་སེང་ཁྱུང་འབྲུག་བཅས་བྱས་པ་མཁས་དབང་ནམ་མཁའ་ནོར་བའི་ ༼ ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད༽ དུ་གསལ་བོ་བརྗོད་འདུག་པ་ནི་མང་པོ་ཉུང་བ་བསྡུས་ཚུལ་དུ་བྱས་ནས་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་ནམ་མཁའ་མཚོན་པའི་སྒོ་ནས་ལག་ལེན་དངོས་སུ་བཏབ་མཆོག་པ་དེའོ། ཀླུང་རྟ་ནི་བརྡ་རྙིང་དུ་ཀློང་རྟ་ཞེས་པ་དང་གོ་བ་གཅིག་ཡིན་པ་ཏེ་ཡོངས་ལ་ཁྱབ་པའམ་ཀུན་གྱི་བདག་ཉིད་དུ་འཇུག་པ་དང་འགྱོགས་ཚོད་ཧ་ཅང་མྱུར་བས་ན་ཀློང་དང་རྟ་དོན་བསྡུས་བ་ལ་འཇུག་པ། ༼ ཀླུང་རྟའི་གསོལ་ཁ་དགེ་ལེགས་ཀུན་སྩོལ༽ དུ་ལོ་བརྙན་བཅུ་གཉིས་ཀྱི་མགོ་བོ་ཅན་ཁ་དོག་ལྔ་ཡི་གཟུགས་སུ་འཛིན་པ་ཕྱོགས་བཞི་དང་མཚམས་བརྒྱད་དུ་ཡོད་པ་ལྷ་སོགས་ཀླུང་རྟ་བསྐྱེད་ནས་མཆོད་པ་དང་གསང་བ་བྱས་ནས་དགྲ་བླ་དར་བ་དང་ཀླུང་རྟ་དར་བ་གཉིས་རྟེན་དང་རྟེན་པའི་འབྲེལ་བ་ཞིག་ཏུ་གསང་ཡིག་རྣམས་ཀྱི་ནང་དུ་གསུངས་འདུག།
བླ།
བླ་ཞེས་བྱ་བ་ནི་གོང་ན་མེད་པའི་གོ་བ། འབྱུང་རྩིས་སུ་སྲོག་གི་མ་ནི་བླ་ཞེས་བྱ་བ། ༼ དགེ་ལེགས་ཀུན་འབྱུང༽ ལས་མི་རྟག་པ་ཡི་དབང་དུ་སོང་། །ཕུང་པོ་རང་ལུས་བར་ལ་བཞག །བླ་ནི་གཤེད་མའི་འདྲེ་ཡིས་ཁྱེར། །ཡིད་ནི་ཕུང་པོའི་ལུས་ལ་ཆགས། །སེམས་ནི་འཇིག་རྟེན་འཁོར་བ་འཁྱམས། །གསུང་ནས་གཤིན་པོ་ནི་བླ་སེམས་ཡིད་གསུམ་ཁ་འབྲལ་ནས་ཤི་བོ་བྱད་གཟུགས་འཛིན་པ་ཞིག་ལ་བླ་དང། དེ་མ་བདེ་ན་ཁྱིམ་ཚང་ལ་རྐྱེན་བར་ཆད་འོང་བས་འདུ་ཡི་ཆོ་ག་བྱས་པ་དང་སྲོག་དང་ཁ་འབྲལ་བ་ནས་བོད་མིས་ཤི་བོ་དེ་ལ་བླ་བདེ་ཞེས་ཡང་འབོད་སྲོལ་ཡོད། ལ་ལས་ཟེར་ན་འདི་རྒྱ་ཡིག་གི་魄ཟེར་བ་དེ་ལ་ངོས་འཛིན་འདུག་པ་ནི་མི་འགྲིག་ཏེ། རྒྱ་ནག་གིས་ཚིག་གི་གོ་བ་དེ་འདྲེ་ལ་འཇུག་པ་དང། བླ་ཞེས་པ་དེ་བོད་གདོད་མའི་རིག་གནས་ཧ་ཅང་རྒྱ་་ཆེ་བ་ཞིག་ཡིན་པ་ནི། ཆུ་དང་བྱ་ཕག་ལྡོང་མི་ཉག་ཅེས་དང། །ལྡོང་ནི་ས་ཁམས་ཤ་བ་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ལ་བླ། །དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། །ཞེས་ཤྭ་བ་དང། བྱ། ཕག གཡག རྐྱང། ར། ལུག སོགས་རུས་ཆེན་སྡེ་ལྔས་ཐོག་མའི་་ཕྲིན་ལས་བཅོལ་ས་འདི་སོགས་ལ་བྱེད་པ་དང། དེ་རྗེས་རིགས་རྒྱུད་ཡང་ཇེ་རྒྱས་སོང་པའི་ས་ནས་ལྡོང་གི་རུས་ཆེན་ལའང་དཀར་པོ་ལྡོང། ནག་པོ་གདོང་། ཁྲ་བོ་ལྡོང། སྨུག་པོ་ལྡོང། གཉེན་དང་ཀླུ་ནགས་ཚལ་སོགས་སུ་གང་དུ་ཡང་དད་མོས་བྱས་ཡོད་པར་དང། དེ་མ་ཚད་པར་ལོ་འཁོར་བཅུ་གཉིས་ཡང་གདོང་གྲོགས་སུ་བཅོལ་ནས་བླ་ཞེས་དད་མོས་སུ་བྱས་ཡོད་པ་ཤེས་ཐུབ། དེ་དང་རྩིས་འབྲས་རྣམས་ལས་བྱུང་བའི་བླ་བསླུ་ཞེས་པའི་ཆོ་ག མདོས། གླུད། ཚང་མ་གསོན་པོ་ཤི་བོ་གང་ཡིན་རུང་དེ་ཡི་བྱད་གཟུགས་འཛིན་པ་ཞིག་ཏུ་གོ །
ཟླ་བ་ནི།
བེེ་དཀར་ལས། རྟེན་འབྲེལ་འཁོར་ལོ་དྲུག་ཅུ་ལ། །ཟླ་བ་རེ་རེ་ཚང་བ་སྟེ། །འཁོར་ལོ་རྫོགས་པའི་ལས་བྱེད་པ། །དེ་ཕྱིར་ཟླ་བ་ཞེས་སུ་བརྗོད། །དེ་ཟླ་མགོ་འཛིན་ཚུལ་ལ་ལུགས་མི་འདྲ་བར་གསུམ་སྟེ། དང་པོ་ ༼ འབྱུང་རྩིས་ཨུཏྤལ་སྔོན་པོ་དོ་ཤལ༽ ལུགས་ལ་ཧོར་ཟླ་བཅུ་གཉིས་རྒྱལ་ཟླ་བ་དང། ༼ འབྱུང་རྩིས་ཉེ་འཁོར་བུམ་བཟང༽ ཧོར་ཟླ་དང་པོ་འཆུ་ཟླ་བ། ༼ བེེ་དཀར་དང་༽ ༼ འབྱུང་རྩིས་ཟླ་བའི་འོད་ཟེར་ལུགས༽ ཧོར་ཟླ་བཅུ་གཅིག་མགོ་ཟླ་བ་དང། གསུམ་ལས་རང་ལུགས་ཀྱི་ཁྱད་ཆོས་ཞིག་བརྗོད་ན། ༼ བེ་དཀར་༽ལས། ལུས་ནི་བཅོས་པས་རྩལ་དང་ལྡན། །ཤེས་པ་བཀྲ་བས་སྟག་ཏུ་བྱུང། །དཔྱིད་ཟླ་རྭ་བ་སྟག་གིས་ཐོབ། །གྲ་གཟུགས་ཅན་གཟན་ཐམས་ཅད་འཇུག །ལྕགས་ཀྱིས་བཅོད་པའི་ལས་རྣམས་བྱེད། །དེ་ཕྱིར་ལྕགས་དབུགས་དཔྱིད་ནས་ལེན། །གསུངས་ནས་ཤེས་པ་བཀྲ་བས་ཞེས་པ་དེ་སྐྱེ་ཞེས་པ་དང་དེ་ཕྱིར་ལྕགས་དབུགས་དཔྱིད་ནས་ལེན་ཞེས་པ་སྐྱེ་དངོས་དབུགས་དཔྱིད་ནས་ཐོབ་པ་གོ་དགོས་ལ། སྐྱེ་བ་གསར་པ་ཞིག་གིས་མཚམས་སྦྱར་ནས་སྐྱེ་དངོས་ཡོངས་སུ་་རྫོགས་པ་དབུགས་ཐོབ་དང་པོ་དཔྱིད་ཟླ་རྭ་བ་སྟག་ནས་ཐོབ་པས་དངོས་པོ་སྐྱེ་བའི་མགོ་མ་དཔྱིད་ཟླ་རྭ་བ་ཡིན་པས་ཡོངས་རྫོགས་སྐྱེ་ཟིན་པ་ནས་ལྕགས་ཀྱིས་དབུགས་བཅད་པ་དེ་རྟེན་འབྲེལ་ཆོས་ཉིད་ཡིན་ལ། དོན་དང་སྦྱར་ན་ཧོར་ཟླ་ལྔ་བ་སྨད་དང་དྲུག་པ་ཡི་སྟོད་གང་རུང་ནས་དབྱར་ཉི་ལྡོག་མགོ་ཚུགས་པས་ཉི་མ་ལྷོ་བགྲོད་སོང་བ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་དང་ནང་བཅུད་ཀྱི་སེམས་ཅན་གྱི་སྐྱེ་དངོས་ཚང་མ་རྒུད་པ་མགོ་ཚུགས་ནས་དགུན་ཟླ་ཐ་མ་རྫོགས་པ་མཐར་ཐུག་པའོ། །ཧོར་ཟླ་བཅུ་གཅིག་པ་མར་ངོ་སྔོན་འགྲོ་ནང་དགུན་ཉི་ལྡོག་ནི་དབུགས་ཐོབ་དང་། ཧོར་ཟླ་དྲུག་པ་མར་ངོ་སྔོན་འགྲོ་ནས་དབྱར་ཉི་ལྡོག་པ་ནི་ལྕགས་ཀྱིས་གཅོད་པའོ། མཐའ་གཏུགས་ན་བེེ་དཀར་ལུགས་སུ་ཧོར་ཟླ་བཅུ་གཅིག་མར་ངོ་སྔོན་འགྲོ་བྱས་ནས་འབྱུང་རྩིས་ཟླ་འགོ་རགས་པར་འཛིན་པ་ནི་འདུལ་མངོན་དང་ཤིན་ཏུ་མཐུན་པའོ། །
ཞག་ནི།
༼ བེེ་དཀར་ལས༽ ཟླ་བ་དེ་ལ་ཞག་གི་གྲངས། །ཉིན་མོ་ཕོ་ལ་མཚན་མོ་མོ། །ཕོ་ལ་མོ་ཆགས་མོ་ལ་ཕོ། །ཆགས་པའི་སྒྲ་ལ་ཞག་ཅེས་བརྗོད། །དེ་ཡི་ཐོག་མ་སྟག་སྤྲེལ་བཞག །ཕོ་ཟླ་དྲུག་པོ་སྟག་གི་ཚེས། །མོ་ཟླ་དྲུག་པོ་སྤྲེལ་བའི་ཚེས་ཞེས་བྱ། སྐར་རྩིས་ལུགས་སུ་ཞག་གསུམ་ཡོད་པ་དང་འབྱུང་རྩིས་ལུགས་སུ་དེ་མེད་པས། ད་ལྟ་ལོ་ཐོ་ནང་དུ་དངོས་སུ་ཚེས་ཆད་ལྷག་ཡོད་པ་དེ་ཡང་ཚེས་ཞག་དང་ཉིན་ཞག་ཐོད་མི་ཐུག་པའི་དབང་གིས་ཡིན་པས། དེའི་ནང་དུ་བཀོད་པའི་སྤར་ཁ་སྨེ་བ་སོགས་ཀྱང་ཚེས་ཞག་ལ་དབང་བ་བྱས་ནས་ཆད་པའི་ནང་དུ་བཀོད་ཡོད་པ་དང། ལྷག་པའི་ནང་དུའང་བྲི་དགོས་པ་ལྟ་བུ་ཡོད་རུང་མ་བྲིས་པ་ནི། ཉིན་ཞག་དང་ཚེས་ཞག་གང་དུ་ཡང་འབྲེལ་བ་བྱེད་མི་ཐོབ་པས། འབྱུང་རྩིས་དགོངས་པ་མ་ཡིན་པ་ལྟ་བུ་སྟེ་བཻ་དཀར་དུ་ཚེས་ཁང་རང་ལ་དབང་བ་ཉིད་དུ་བྱས་ནས་བཀོད་འདུག་པ་དང། གཞན་ཡང་ཕོ་ཚེས་དང་མོ་ཚེས་གཉིས་ཟུང་དུ་བྱས་ནས་འགྲོ་དགོས་པ་མ་གཏོགས་གཅིག་ལྷག་གཅིག་ཆད་ནས་གནས་པ་གཞུང་དང་མི་མཐུན་པ་ཉིད་དུ་གནས་སོ།
དུས་ཚོད་ནི།
བེེ་དཀར་ལས། ཉིན་མཚན་གཉིས་ལོ་དེ་རྣམས་རྒྱུ། །དེ་ཡི་མཚམས་ཀྱི་དུས་གཅོད་དང། །ཚོད་འཛིན་དུས་ཚོད་ཅེས་སུ་གྲགས། །ལོ་འགྲོས་དེ་བཞིན་དུས་ཚོད་བཏུབ། །ནམ་ལངས་ཡོས་བུའི་དུས་ཚོད་དེ། །དུས་ཚོད་དང་པོ་བཞག་པ་ཡིན། །ཞེས་གསུངས་ནས་ནམ་ལངས་ཡོས་ལ་དུས་ཚོད་དང་པོ་བཞག་པ། སྔོན་མཁས་པ་རྣམས་ཀྱིས་ཞོགས་པ་སྔ་མོ་ལག་རེག་རིས་གསལ་ཙམ་ནས་ཡོས་ཀྱི་དུས་ཚོད་ཡིན་པ་ཅིག་སྒྲིལ་(གཅིག་མཐུན)དུ་གནས་ཀྱང། དབྱར་དང་དགུན་མཚན་མོ་དང་ཉིན་མོ་དུས་མི་མཉམ་པའི་ཚེ་ནམ་ལངས་ཡིན་ན་ལག་རིས་ཡིན་པས་ཁྱབ་པ་དང་ཉི་ནུབ་ཡིན་ན་བྱ་ཡིན་པས་ཁྱབ་བམ་སོགས་འགའ་ཞིག་བཤད་ཀྱང་། དེ་ནི་ཞིབ་དུ་མ་དཔྱད་པའི་གཏམ་ཏེ། པེ་ཅིང་གི་ནམ་ལངས་ས་རུབ་དང་འཚོ་སྔོན་གྱི་ནམ་ལངས་ས་རུབ་དང་ཉི་མ་འཆར་ནུབ་ཀྱི་དུས་ཚོད་གཏན་ནས་མི་འདྲ་ཞིང་། སྤྱི་ཟླ་དགུ་བའི་ཚེས་གཅིག་ནས་ལྷ་སའི་ནམ་ལངས་ཀྱི་དུས་ཚོད་པེ་ཅིང་དུས་ཚོད་༦:༨ཡིན་ཞིང། མངའ་རིས་སྒར་དུ་སྤྱི་ཟླ་དེ་ནམ་ལངས་པའི་དུས་པེ་ཅིང་གི་དུས་ཚོད་༨་་༡༤། དེ་དབང་གིས་ལག་རིས་དང་པོ་མཐོང་བའི་དུས་ལ་མི་འདྲ་སྟེ། ལྷ་ས་ནས་པེ་ཅིང་དུས་ཚོད་༦སྟེང་མཐོང་ཞིང། མངའ་རིས་ནས་༨སྟེང་མཐོང་ཞིང། ལག་རིས་དང་པོ་མཐོང་བ་སོགས་་ལ་ལྟོས་ནས་ནམ་ལངས་ཡོས་སོགས་འཇོག་པས། ཡུལ་དེ་གཉིས་ཀྱིས་ནམ་ལངས་ཡོས་ཀྱི་མགོ་འཛིན་པའི་དུས་ཀྱི་སྔ་ཕྱི་ཡང་མི་མཚུངས་ལ། དེས་ན་ཡུལ་དེ་གཉིས་སྐར་མ་འཕོ་མཚམས་ཀྱི་དུས་ཚོད་སྔ་ཕྱི་ཡང་མི་མཚུངས་སྟེ། དཔེར་ན་ལོ་ཐོ་ནང་དུ་སྐབས་དེར་སྐར་མ་ས་ག་ནམ་ལངས་ཡོས་ནས་འཕོ་ན་ལྷ་ས་ནས་པེ་ཅིང་དུས་ཚོད་༦སྟེང་ནས་ལག་རིས་དང་པོ་མཐོང་བའི་ནམ་ལངས་ཡོས་ཡིན་པས་སྐབས་དེར་འཕོ་དགོས་ལ། མངའ་རིས་སུ་པེ་ཅིང་དུས་ཚོད་༨སྟེང་ནས་ལག་རིས་མཐོང་བ་གཞི་ནས་སླེབས་ཡོད་པས་དེ་དུས་འཕོ་དགོས་པས། ད་ལྟ་བའི་འཛམ་གླིང་རྒྱལ་ཁབ་སོ་སོར་གཏན་ཁེལ་བའི་དུས་ཚོད་དང་རྒྱ་ནག་པེ་ཅིང་དུས་ཚོད་སོགས་ལ་མཚོན་ན་ཉིན་རིང་བའི་དབྱར་དང་མཚན་རིང་བའི་དགུན་སོ་སོར་དུས་ཀྱི་འགྱུར་བ་ལ་ལྟོས་ནས་གཏན་ཁེལ་བའི་དུས་ཚོད་དེ་མི་འགྱུར་བ་ལྟ་བུ་ནི། ས་གནས་པེ་ཅིང་ལ་མཚོན་ན་ལག་རིས་མཐོང་བ་ཡིན་ན་ནམ་ལངས་ཡོས་ཡིན་པས་མ་ཁྱབ་པ་དང་ཉི་ནུབ་ཡིན་ན་བྱའི་དུས་ཡིན་པས་མ་ཁྱབ་ལ། ཉིན་གུང་གི་རྟ་དང་ནམ་གུང་གི་བྱི་བ་གཉིས་ནི་དུས་བཞི་འགྱུར་བ་ལ་ལྟོས་ནས་འགྱུར་མི་འགྲོ་བ་ནི། དུས་ཚོད་ནི་ཉིན་མཚན་མཉམ་པའི་དུས་ཐོག་ནས་གཏན་ཁེལ་གནང་ཡོད་པས་དུས་སྐབས་དེ་ལ་ནམ་ལངས་ཡིན་ན་ཡོས་ཡིན་པ་དང་ཉི་ནུབ་ཡིན་ན་བྱ་ཡིན་དགོས་པ་ལྟ་བུ་དང་དེ་བཞིན་ཉིན་གུང་རྟ་དང་མཚན་མོ་བྱ་གཉིས་ཡང་དུས་ཀྱི་འགྱུར་བར་ལྟོས་ནས་འགྱུར་མི་འགྲོ་ལྟ་བུ་རེད། དཔེ་དེ་བཞིནའབྱུང་རྩིས་ཟླ་ཟེར་ལས། བདུན་པ་དུས་ཚོད་ཞག་རེ་ཞིང་། །ཉིན་དྲུག་མཚན་དྲུག་རྣམ་པར་བཞག ། ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ། །ཕྱེད་ཡོལ་ལུག་ལ་ཉི་མྱུར་སྤྲེལ། །ཉི་ནུབ་བྱ་ལ་ས་སྲོད་ཁྱི། །སྲོད་འཁོར་ཕག་ལ་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་ལ་ཐོ་རངས་སྟག །ཉིན་མཉམ་མཚན་མཉམ་དགོངས་པ་ཇི་བཞིན་དུ་འབྱོར་སྡོད་པ་དང་། སྟོན་དཔྱིད་ཟླ་དྲུག་ཉི་ཤར་ཡོས་། །བྱ་ནུབ་དབྱར་གསུམ་ཉི་ཤར་སྟག །ཁྱི་ནུབ་དགུན་གསུམ་ཉི་ཤར་འབྲུག །སྤྲེལ་ནུབ་ནམ་ཉི་མཉམ་པའི་དུས་། །ནམ་ལངས་ཆུ་ཚོད་ཡོས་ཞེས་སྨྲ་། །ཉི་ཤར་འབྲུག་སྟེ་བྱ་ལ་ནུབ་། །དེ་ལྟར་མི་ཤེས་རྩིས་མིང་འགས་། །ནམ་ལངས་ཐམས་ཅད་ཡོས་ཞེས་པ། །ཅེ་རེ་བལྟས་ཀྱང་ཧ་རེ་ལོང། །དགུན་ཉིན་ཐུང་བའི་དུས་ནམ་ལངས་ཡིན་ན་ཡོས་ཡིན་པས་མ་ཁྱབ་་པ་ལྟ་བུ། དེ་བཞིན་ས་གནས་བོད་རང་སྐྱོང་ཁུལ་སྡེ་དགེ་ལྟ་བུར་མཚོན་ན་པེ་ཅིང་དུས་ཚོད་དེ་ཡི་ནམ་ལངས་ཡོས་དུས་ཚོད་ལྔ་དང་དྲུག་བྱས་ནས་རྩིས་གཞུང་འགས་བཀོད་པ་ནི་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་དེ་ལ་མཚན་གཞི་ཙམ་བྱས་ནས་ས་གནས་སོ་སོར་ཉིན་མཚན་མཉམ་པའི་དུས་ནས་གཏན་ཁེལ་བྱས་ན་འབྱུང་རྩིས་དགོངས་པ་འཁྲུལ་བ་མེད་པར་གནས།
རྩིས་མགོ་གཉིས་པ་ནང་བསྐོར་སྨེ་བ་ནི།
༼ བེེ་དཀར་ལས༽ སྨེ་བ་ཤ་རྩིས་གཉིས་ཡིན་ཏེ། སྨེ་བ་ནི་ལུས་ལ་སྨེ་བ་ཡོད་མེད་བརྟག་ནས་རྩིས་ཐབ་ཞིག་ཡོད་ཀྱང་སྐབས་འདི་གྲངས་ཀྱི་གཅིག་ནས་དགུ་བར་ལ་སྨེ་བའི་འཁོར་ལོ་ཞེས་བྱ། རྒན་ནམ་མཁའ་ནོར་བུས༼སྒྲུང་སྡེ་བོན་གྱི་གཏམ༽ ནང་དུ་སྨེ་བ་ནི་བོན་ལུགས་སུ་བྱུང་བ་རྩིས་རིག་ཐུན་མོང་མ་ཡིན་པའི་བྱེ་བྲག་ཞིག་ཡིན་ཞེས་གསུངས་པ་ལ་དཔྱད་ན། བོད་ནས་ཐོག་མ་དར་བ་ཡིན་པ་ལ་སྒྲུབ་བྱེད་མེད་པ་མིན་ཏེ། ད་ལྟ་ང་ཚོས་དངོས་སུ་སྤྱོད་བཞིན་པའི་བོད་ཀྱི་ཨང་གྲངས་འདི། བོད་རང་ནས་དར་བ་བརྗོད་པའི་ལུགས་ཞིག་དང་རྒྱ་གར་ནས་དར་བ་བཤད་པའི་ལུགས་གཉིས་ལས་སྔ་མ་ནི་མིའི་ལུས་པོ་ལ་དཔེ་ཚད་ནས་བཟོས་པ་ཡིན་པ་དང། ཕྱི་མ་ནི་བོད་ཀྱི་མཁས་པ་ཚེ་ཏན་ཞབས་དྲུང་སོགས་ཀྱིས་རྒྱ་གར་ནས་དར་བ་བོད་ཀྱི་ཡི་གེ་སོགས་ཐོན་མི་སམ་བྷོ་ཊ་ཡིས་བཟོས་ཡོད་པ་བཤད་ཀྱང་། དེས་སྔོན་དུ་བོད་ཡིག་མེད་པ་ཅུང་ཙམ་ཁས་ལེན་དཀའ་སྟེ། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་༼ཞང་བོད་ལོ་རྒྱུས་ཏི་སེའི་འོད་༽ སོགས་ནས་ཞང་ཞུང་༼ སྨར༽ གྱི་ཡི་གེ་འམ་ལྷ་བབས་ཀྱི་ཡི་གེ་ལས་དབུ་མེད་བྱུང་བ་མཁས་པ་མང་པོས་བཤད་པས། དེ་ཡིན་ན་གྲངས་ཀ་ཡང་ཐོན་མིའི་རྒྱ་གར་ལ་དཔེ་བལྟས་ནས་དར་བ་མ་ཡིན་པ་ཕྱྭ་གཤེན་བོན་གྱི་སྨེ་བའི་རྩིས་རིག་འདི་སྤྱི་ལོས་(ལོའི)སྔོན་ནས་ཡོད་པར་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཡོད་པའི་ཕྱིར་ཕྱྭ་བོན་གྱི་རྩིས་པ་རྣམས་ཀྱིས་སྨེ་བའི་འཁོར་ལོ་ལ་རྟེན་བརྟེན)ནས་གྲངས་ཀ་གཅིག་ནས་དགུ་བར་སྤྱོད་བཞིན་ཡོད་པ་ཤ་སྟག་རེད། ད་ལྟ་འཛམ་གླིང་དུ་བེད་སྤྱོད་བཞིན་པའི་ ༼ ཨ་རབ་༽ ཀྱི་ཨང་ཀི་ཡང་འབྱུང་ཁུངས་རྒྱ་གར་ཡིན་པར་མ་གྲོས་གཅིག་མཐུན་བྱུང་ཡོད་ན་ཡང། བོད་དུ་རྩིས་རིག་་ཧ་ཅང་དར་སྔ་བས་བོད་ནས་རྒྱ་གར་ལ་ཡར་དར་སོང་བ་ལྟ་བུ་སྒྲུབ་བྱེད་མེད་པ་མིན་ཏེ། མཁས་དབང་ནམ་མཁའ་ནོར་བུས་གསུངས་པ་ལྟར་ན་རྒྱ་གར་གྱི་གདོད་མིའི་ཆོས་ལུགས་དབང་ཕྱུག་པའི་ལུགས་གངས་ཏི་སེ་དང་མཚོ་མ་ཕམ་ལ་དད་མོས་བྱེད་པ་(པར)ལྟོས་(བལྟས)ན་ཁོ་ཚོའི་ཆོས་ལུགས་རྩ་བ་བོད་ལ་ཐུག་མེད་པ་བཤད་མི་ཐོབ་ཐུབ་ཞེས་གསུངས་པ་ནི་སྒྲུབ་བྱེད་ཆེན་པོ་འདུག་གོ ༼ བེེ་དཀར༽ ལས། རུས་སྦལ་བུ་ག་དགུ་ཉིད་ལས། །སྨེ་བ་གླིང་དགུ་ཤར་བ་ཡིན། །འབྱུང་རྩིས་ལུགས་སུ་རུས་སྦལ་བུ་ག་དགུ་ལ་དཔེ་བླངས་ནས་སྨེ་བ་དགུ་བྱུང་བ་འདོད་པའི་ལུགས་བོད་ཁོ་ན་མ་གཏོགས་གཞན་རྒྱ་ནག་ལུགས་ནི་༼ ཤེས་བྱ་ཀུན་ཁྱབ་༽ནང་དུ་རྒྱ་མཚོའི་མཐའི་འབངས་ཞིག་གིས་རུས་སྦལ་གསེར་གྱི་ཁ་དོག་ཅན་ཕུལ་བ་ལ་གཟིགས་པས་བརྟགས་ནས་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་ཐོག་མ་ཐུགས་ལ་ཤར། དེ་ལ་བརྟེན་ནས་སྤར་སྨེ་ལོ་སྐོར་གྱི་རྩིས་རྣམས་མཛད་གསུངས་པ་དང། རྒྱ་ནག་གི་༼སྤོར་ཐང་༽ནང་དུ་སྨེ་བ་བྱུང་བ་བཤད་པའི་མཚོ་ནི་རྨ་ཆུ་ཡིན་པ་དང་ཕལ་ཆེར་མཐུན་རུང། འོན་ཏེ་རྒྱ་ནག་པས་བཤད་པ་ལྟར་ན༼河图༽ཟེར་བ་ནང་དུ་སྨེ་བ་རྟོགས་པའི་ཚུལ་ནི་འབྲུག་མགོ་ཅན་སྨད་རྟ་ཅན་གྱི་གཅན་གཟན་རྒྱབ་ལ་སྨེ་བ་དགུ་གཟུགས་ཡོད་པ་གསུངས་པ་ཐུན་མོང་དུ་གྲགས་འདུག ཡིན་ན་ཡང་བཤད་ཚུལ་མི་འདྲ་བ་ཙམ་ལས་བརྩི་ཚུལ་ནི་ཕལ་ཆེར་མཐུན་འདུག དེ་ལ་དོགས་པ་གཅིག་བྱེད་ཆོག་པ་ནི་སྔོན་རྨ་ཆུ་ནས་བརྒྱུད་པའི་རིག་གནས་ཐོན་ཁུངས་ཟེར་ན་བོད་ནས་མར་དར་བ་ཡིན་པ་ངེས་པ་མེད་པ་ལྟ་བུ། ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པའི་ཐོག་ལྕགས་ཀྱི་སྨེ་བའི་འཁོར་ལོ་ལ་ལར་ལོ་ངོ་བཞི་སྟོང་གི་སྔོན་ནས་བྱུང་ཡོད་པ་ཚོད་དཔག་བྱེད་ནུས་པ་ནང་བཞིན་བོད་ཀྱི་གྲངས་ཀྱི་རིག་པ་དང་སྨེ་བ་འཁོར་ལོ་སོགས་སྔ་མོ་ནས་འབྱུང་རྩིས་ལུགས་ཀྱི་རིག་གནས་དར་ཡོད་པ་དཔོག་ཐོབ་འདུག དེ་བཞིན་སྨེ་བ་ལོ་ལ་འཁོར་ཚུལ་དང་ཞག་ལ་འཁོར་ཚུལ་གཉིས་ཡོད་པ་ཡིན་ནོ།
སྤར་ཁ།
རྒྱ་ནག་གི་རིག་གནས་སྒྲོམ་གཞི་ནི་སྤར་ཁ་ཡིན་པར་རྒྱ་ཡི་མཁས་པ་རྣམས་ཀྱི་གཞེད་ཚུལ་ཐུན་མོང་དུ་གནས་པ་ནི་གནད་ལ་ཁེལ་ཚུལ་ཅུང་ཞིག་བཤད་ན། རྒྱ་ཡི་མེས་པོ་གོང་མ་༼伏羲༽ཟེར་བ་དེ་ཁུ་ནུ་རུས་རྒྱུད་ན་འཚོ་བའི་མི་ཡི་རྒོད་པོ་དེས་རང་བྱུང་ཁམས་གྱི་འགྱུར་བ་ལ་བལྟས་ནས་སྤར་ཁ་ཕྱག་རྒྱ་བརྒྱད་བརྩམས་ནས་དེ་ལ་འབྱུང་བ་མེ་ས་འདམ་གནམ་ཆུ་རི་འབྲུག་རླུང་གཏན་འབེབས་བྱས་ཡོད་པ་དེས་གཙོ་ཆེ་འགྲོ་བ་མིའི་རིགས་ལ་ཕན་གནོད་བྱས་པའི་རྐྱེན་གསུངས་པ་ཡིན་པ་དང། དེ་གཏན་འབེབས་བཟོ་ཚུལ་ནི། སྤར་ཁ་ཕྱག་རྒྱ་དངོས་པོ་གནས་ལུགས་太极ཟེར་བ་དེ་ནས་བྱུང་བ་དང། ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་ཡང་རྩ་བའི་གནས་ལུགས་太极ཞེས་པ་ནས་བྱུང་བ་ཡོད་པ་དང། དེ་ལ་བརྟེན་ནས་རྡེའུ་གཉིས་ཏེ། སྣང་བ་ལ་ལྟོས་པའི་མུན་པ་དང། མུན་པ་ལྟོས་པའི་སྣང་བ་གཉིས་ཀྱི་རྡེའུ་བའི་ནང་དུ། སྣང་སྲིད་ཚང་མ་འདུས་པ་བཤད་པ་དང། དེ་ཡང་མུན་པ་དང་སྣང་བ་གཉིས་ནི་དུས་མཉམ་དུ་བྱུང་བ་ནི་ཉི་མ་དང་ཟླ་བ་གཉིས་ཡིན་ཞིང། ཕྱི་ཡི་འཇིག་རྟེན་གྱི་དངོས་པོ་ཚང་མ་དེ་གཉིས་ལ་བརྟེན་ཡོད་པ་དང། ནང་བཅུད་ཀྱི་སེམས་ཅན་ཡང་དེ་ལ་བརྟེན་ཡོད་པ་དེའི་ཆ་ནས་སྣང་བའམ་ཚ་བ་ཕོ་མཚོན། མུན་པའམ་གྲང་བ་མོ་མཚོན་པ་དང། དེ་ལ་བརྟེན་ནས་སྐྱེ་བ་ཡང་གཉིས་ཁོ་ན་ཁས་ལེན་པ་དང་མ་ཤི་བའི་གནས་སྐབས་སུ་སྣང་བ་དང། ཤི་ཚར་བའི་གནས་སྐབས་མུན་པ་ཡིན་པ་དང་རང་གི་རིགས་རྒྱུད་གཅིག་པ་མེས་པོ་གོང་མ་ཤི་ཚར་བ་ཚང་མ་བར་སྲིད་ནས་མཇལ་ཆོག་པ་བཤད་པའོ། དེ་བཞིན་ཤེས་བྱ་ཚང་མ་ལ་དེས་རིགས་བསྒྲེལ་ནས་འགྲེལ་བ་བཤད་བཞིན་ཡོད་པ་དེས་རྒྱུ་མཚན་བྱས་ནས་རྒྱ་ནག་གི་གདོད་མིའི་རིག་གནས་དད་མོས་བྱེད་པའི་གང་ཟག་གིས་སྐྱེ་བའང་གཉིས་ཁོ་ན་ཁས་ལེན་པ་དང། དེ་ནི་གསོན་པའི་གནས་སྐབས་དང་ཤི་བའི་གནས་སྐབས། སྣང་བ་དང་མུན་པ་གཉིས་ཡང་རྟེན་དང་རྟེན་པའི་འབྲེལ་ཡོད་ཀྱི་གོ་བ་ནི་ཆེ་ལ་མ་ཆེ་བ་དང་ཆུང་ལ་མ་ཆུང་གསུངས་ནས་ཤེས་བྱ་ཀུན་ལ་བསྒྲེ་ཆོག་དགོངས་པའོ། དེ་གཉིས་ཀྱིས་དུས་བཞི་དང་ཕྱོགས་བཞི་མཚོན་པའི་སྤར་ཁ་རྡེའུ་བའི་བཞི་བྱུང་བ་དང། དེ་བཞི་ལ་ལྟོས་ནས་སྤར་ཁ་ 离(lí )མེ་ 坤(kūn) ས་ 兑(duì) འདམ་ 乾(qián) གནམ་ 坎(kǎn ཆུ་ 艮(gèn) རི་ 震(zhèn) འབྲུག་ 巽(xùn) རླུང་བརྒྱད་བྱུང་བ་ནི་ཡུལ་གྱི་གནས་ཚུལ་ཡིན་པ་གྲགས་པའོ། དེ་ནས་སྤར་ཁ་ཕན་ཚུན་འཐབ་པའི་འབྲས་བུ་དྲུག་བཅུ་རེ་བཞི་སོགས་ནི་མི་རྣམས་ཀྱི་བདེ་སྡུག་འབྲས་བུ་གཏན་ལ་ཕབ་ནུས་པ་ཡིན་པར་བཤད་པ་ནི་་རྒྱ་ནག་གི་སྤར་ཁ་བྱུང་ཚུལ་དང་རིག་གནས་སྒྲོམ་གཞི་སོགས་མཚོན་ནས་ཐུན་མོང་མ་ཡིན་པའི་སྐྱེ་བ་འདོད་ཚུལ་ནི་མདོ་ཙམ་ཡིན། དེ་དང་འབྲེལ་བའི་སྒོ་ནས་རྒྱ་ནག་གི་ལུགས་སུ་སྤོར་ཐང་གི་འབྲེལ་བ་མ་གཏོགས་གཞན་འབྱུང་རྩིས་ལུགས་སུ་བཤད་པ་གང་ཡང་མཐོང་རྒྱུ་མ་བྱུང་བ་ནི། སྤར་ཁ་དང་འབྲེལ་བའི་སྒོ་ནས་རྩིས་རིག་དང་གནས་ལུགས་གཏན་འབེབས་བཟོས་ཡོད་པ་ཤེས་ཐུབ། །
བོད་དུ་སྤར་ཁ་འདོད་ཚུལ་ནི༼བཻ་དཀར༽ལས་རུས་སྤལ་རྣམ་ཤེས་ཚོགས་བརྒྱད་ལས། །དེ་གྲུབ་ཕྱོགས་སུ་སྤར་ཁ་དང། །ཁ་བརྒྱད་དུ་གྱེས་སྤར་ཁ་ཞེས། །རྣམ་ཤེས་ཚོགས་བརྒྱད་ཡོད་པའི་རྒྱུ་མཚན་གྱིས་སྤར་ཁ་བརྒྱད་དུ་བསྟན་པ་དང། དང་པོ་གཟུང་འཛིན་འཁྲུལ་བའི་རྒྱུ་མཚན་གྱིས་ཁེན་དང་མ་རིག་པས་ཁོན་སྟོན་པ་སོགས་གསུངས་པ་ནི་རྒྱ་ནག་གི་སྤར་ཁ་ནང་དུ་དེ་འདྲ་འགྲེལ་བ་ནི་ཟུར་ཙམ་ཡང་མི་མཐོང་པ་དང། རྣམ་ཤེས་ཚོགས་བརྒྱད་ཡང་ནང་པའི་ཐེག་པ་ཆེན་པོ་མ་གཏོགས་མེད་པ་གསུངས་རབ་ནང་དུ་གསུངས་པ་འཐད་ལྡན་ཉིད་དུ་ཡིན་ནོ། གཞན་ཡང་སྤར་ཁ་ཁམས་འདོད་ཚུལ་མི་འདྲ་བ་ནི། བོད་ཀྱིས་ལི་༼མེ༽ ཁོན་༼ས༽་དྭ་༼ལྕགས་༽ཁེན་༼གནམ༽་ཁམ༼་ཆུ༽་གིན༼་རི་༽ཟིན་༼ཤིང་༽ཟོན་༼རླུང༽དང། དེ་ཡང་བོད་ཀྱིས་དང་པོ་ནས་འབྱུང་བ་ལྔ་བསྡུ་ཚུལ་དུ་བྱས་ནས་སྤར་ཁ་སྟོན་ཡོད་པ་དང། རྒྱ་ཡིས་སྤར་ཁ་ཁམས་བརྒྱད་ཀྱིས་འགྲོ་བ་མི་ལ་གནོད་པ་བྱེད་ཚུལ་དངོས་སུ་མཐོང་བར་ཉིད་དུ་བྱས་ནས་伏羲ཟེར་བའི་མི་དེས་བརྩམས་ཡོད་པ་དང་ཁམས་བསྡུ་ཚུལ་སོགས་ལའང་དེ་ལྟར་གནས་འདུག བོད་ཀྱིས་འབྱུང་བ་ལྔ་འཁྲུག་པ་ལ་ལྟོས་ནས་ཕན་གནོད་སྣ་ཚོགས་བྱུང་ཡོད་པ་བཤད་པ་གཉིས་རིག་གནས་ཀྱི་སྒྲོམ་གཞི་ཁ་ཁ་ཉིད་དུ་ཡིན་པ་འཁྲུལ་བ་མེད་པ་དང། གཞན་ཡང་རྒྱ་ནག་ལུགས་སུ་སྤར་ཁའི་རིག་གནས་མི་རིགས་གཞན་ནས་དར་བ་ཡིན་པ་དོགས་པ་བྱས་ཡོད་པ历数甲子篇ནང་དུ་སྤར་ཁ་བརྒྱད་ཀྱི་སྒྲ་གདངས་དེ་མི་རིགས་གཞན་གྱི་སྐད་ཡིན་པ་གསུངས་ཡོད་པ་དང། སྔར་དུ་འབྱུང་རྩིས་བོད་གདོད་མིའི་རིག་གནས་ཡིན་པ་སྒྲུབ་བྱེད་བཀོད་ཡོད་པ་ནང་བཞིན་་དུ་མར་རྒྱ་ནག་དུའང་སྤྱི་ལོ་སྔོན་གྱི་ལོ་གཅིག་སྟོང་ནང་ནས་དར་སོང་བ་བཤད་ཆོག་པ་དང། དཔེ་དེ་བཞིན་སྨེ་བ་རྩིས་ཡང་རྒྱ་ནག་དུ་དར་བ་ནས་སྤར་སྨེ་ལྟག་སྤྲོད་བྱེད་པ་ལ་བསྟེན་ནས་སྤར་ཁ་བརྒྱད་ཡང་འབྱུང་བ་ལྔ་དུ་བསྡུ་ཚུལ་ཁོ་ཚོའི་འདོད་པ་ཡོད་ཆོག་ལ། འོན་ཀྱང་བོད་ཀྱི་སྤར་ཁའི་ཁམས་འདོད་པ་ནང་བཞིན་མ་གྱུར་བ་ཡིན་པ་ནི་སྤར་ཁ་འདོད་ཚུལ་མི་འདྲ་རྒྱུ་མཚན་གྱིས་ཡིན་པ་འདྲ། དེ་བཞིན་བོད་ལ་རྒྱ་ནག་གི་ནག་རྩིས་རིག་པ་དེ་དར་ཡོད་ན་སྤར་ཁ་ལ་ལྟོས་ནས་དངོས་པོ་གནས་ལུགས་གཏན་འབེབས་བྱེད་སྟངས་སོགས་དར་དགོས་པ་ལ་དེ་ཡི་དྲི་ཙམ་ཡང་མེད་པ་སོགས་ལ་བལྟས་ན། བོད་ལ་རྒྱ་ཡི་རྩིས་རིག་ཧ་ལས་དགོས་པ་ཞིག་དར་ཡོད་པ་མཐོང་མི་ཐུབ་བོ། གཞན་ཡང་དེང་རབས་མཁས་པ་མང་པོས་རྒྱ་ཡི་༼ཏོའོ་ལུགས་༽བོན་པོའི་རིགས་ཤིག་ཡིན་པར་སྒྲུབ་བྱེད་མང་པོ་བཀོད་འདུག་པ་ཚོ་ལ་རྒྱུ་མཚན་ཡོད་པ་མང་པོ་མཐོང་སོང་བ་དང། རྒྱ་བོད་གཉིས་ཀྱི་རིག་གནས་འདྲ་བའི་ཟུར་མང་པོ་ཡོད་པ་ནི་གཉིས་ཀའི་རིག་གནས་དར་ས་གཞི་གཅིག་དུ་བོན་པོ་རིག་གནས་ལ་དད་མོས་བྱེད་མྱོང་བ་རྒྱུ་མཚན་ཡིན་ནམ་སྙམ་མོ།།
སླར་སྨྲས་པ།
ཁམས་གསུམ་ཕྱི་ཡི་མ་བུ་དགྲ་གྲོགས་རྟེན་འབྲེལ་ལས།།
ནང་གི་སེམས་ཅན་ཚོགས་བརྒྱད་འབྱུང་བ་རླུང་ལ་བརྟེན།།
གསང་བའི་སྨེ་བ་ལྡེ་མིག་གྲངས་ཀྱིས་མ་རྨོངས་པ།།
ཤེས་བྱ་མཛོད་ཀྱི་སྒོ་མང་གཙུག་ལག་རྩིས་ཀྱིས་ཕྱེས།།
ཞེས་རབ་བརྒྱན་ཤིང་སྦྲུལ་ལོ་ཕོ་ཟླ་མེ་སྟག་གི་ཤིང་ཁྱི་ཚེས་ཉིན་ཕྱེད་རྟ་ཡི་ཕྱི་ཆ་བདུད་རྩི་ཐུན་མཚམས་དུས་ཀྱི་ཉིན་མ་ཡུམ་སློབ་གྲྭ་ཆེན་མོ་ཁམས་བྱེ་བཤད་གྲྭའི་སློབ་གཉེར་བ་རིན་ཆེན་གླིང་རྣམ་རྒྱལ་རྡོ་རྗེ་ཞེས་འབོད་པ་དེས་སྐར་རྩིས་འཛིན་གྲྭ་མཐར་ཕྱིན་ཆེད་རྩོམ་དུ་ཕུལ་བ། །དགེའོ།། དགེའོ།། དགེའོ།།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease