རྒྱ་ནག་དགེ་སློང་དང་དབུ་མ་སྔ་རབས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་པར།

    ཟུར་མང་ལེགས་བཤད་ཉི་མས་བརྩམས།


ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་རྒྱ་ནག་དགེ་སློང་དང་དབུ་མ་སྔ་རབས་པ་གཉིས་མཚུངས་མིན་གྱི་དོན་བསྡུས་ཏེ་བརྗོད་པ་བུང་བ་བཅུད་ཀྱིས་མྱོས་པའི་གླུ་དབྱངས་ཞེས་བྱ་བ།
འབྲི་སྟངས། བསྡུས་དོན།


             ཟུར་མང་ལེགས་བཤད་ཉི་མས་བརྩམས།

བརྩེ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ཏེ།།
བདག་གི་བློ་ཡི་པདྨོ་རྒྱས་པའི་ཕྱིར།།
ཧ་ཤང་ལུགས་དང་སྔ་རབས་བཞེད་སྲོལ་གཉིས།།
འདྲ་དང་མི་འདྲ་གཟུ་བོའི་བློ་ཡིས་འབྱེད།།

རྒྱ་ནག་དགེ་སློང་གི་ལུགས་དང་དབུ་མ་སྔ་རབས་པའི་ལུགས་གཉིས་མཚུངས་མིན་གྱི་དོན་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་དགག་སྒྲུབ་མང་དུ་མཛད་ཡོད་ཀྱང་། དེ་གཉིས་ཀྱི་གཞུང་སོ་སོ་ལ་བརྟེན་ཏེ་བཤད་པ་མེད་པ་དང་། དེང་སང་འགའ་ཞིག་གིས་བཤད་ཡོད་ན་ཡང་། ཕྱོགས་ཞེན་གྱི་དབང་གིས་ལུང་ཚིག་རྡོ་རྗེ་རྐེད་འཇུ་བྱས་ཏེ་དོན་ཇི་ལྟ་བ་བཞིན་བཤད་པ་མི་འདུག་པས། ལུགས་སྲོལ་དེ་གཉིས་ཀྱི་གཞུང་སོ་སོ་ནས་ཇི་ལྟར་བཤད་པ་ལྟར་དོན་བསྡུས་ཏེ་བརྗོད་པར་བྱའོ།། དེ་ཡང་ཐོག་མར་རྒྱ་ནག་དགེ་སློང་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་དོན་གང་ཞིག་ལ་དགག་སྒྲུབ་ཇི་ལྟར་བྱས་པའི་ཚུལ་གོ་ན་སྔ་རབས་པ་དང་རྒྱ་ནག་དགེ་སློང་གཉིས་མཚུངས་མིན་གྱི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བས་འདིར་དང་པོར་དེ་གཉིས་ཀྱི་ཁྱད་པར་བཤད་པ་ལ། རྒྱ་ནག་དགེ་སློང་གིས་ལྟ་སྒོམ་སྤྱོད་གསུམ་ཇི་ལྟར་བཞེད་པའི་ཚུལ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་ལྟ་སྒོམ་སྤྱོད་གསུམ་ཇི་ལྟར་བཞེད་པའི་ཚུལ་གཉིས་ལས། དང་པོ་ལ་ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་གནས་ལུགས་ཡུལ་གྱི་ལྟ་བ་ནི། སྤྱིར་རྒྱ་ནག་དགེ་སློང་གིས་བསྟན་བཅོས་མང་དུ་མཛད་པར་གྲགས་ན་ཡང་། དེང་སང་མིག་ལམ་དུ་གྱུར་པ་ནི། མདོ་སྡེ་བརྒྱད་ཅུའི་ཁུངས་དང་། ཐེག་པ་ཆེན་པོ་ཅིག་ཅར་རིག་པ་ཡང་དག་པར་ངེས་པ་གཉིས་ཀྱི་གཙོས་པའི་གཞུང་ཚན་དུམ་བུ་ཁ་ཤས་ཤིག་ཡོད་པ་དག་ལ་གཞི་བཅོལ་ནས་བཤད་ན། རྟེན་འབྲེལ་གྱི་སྣང་བ་འདི་དག་ཐམས་ཅད་མེད་བཞིན་དུ་བག་ཆགས་ཀྱི་དབང་གིས་སེམས་འཁྲུལ་ཏེ་སྣང་བར་འདོད་པ་དང་། སྣང་བྱེད་ཡུལ་ཅན་གྱི་ཤེས་པ་དེ་ཡང་སྐྱེ་བ་མེད་པ་ཙམ་དུའང་མ་གྲུབ་པའི་སྟོང་པ་ཉིད་དུ་འདོད་པ་ལ། སྒྲུབ་བྱེད་ཀྱི་རིགས་པ་རྡོ་རྗེ་ཟེགས་མ་སོགས་དང་། ཤེས་བྱེད་ཀྱི་མདོ་ལུང་མང་དུ་དྲངས་ཏེ་བཤད་པ་དང། ཞོར་དུ་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་སྐྱེ་མེད་དུ་མི་འདོད་པ་དག་ལ་དགག་པ་མཛད་དོ།།

གཉིས་པ་སྒོམ་པ་ནི། ལྟ་བ་སྒོམ་སྟངས་འདི་ནི་ཐེག་པ་ཆེན་པོའི་གང་ཟག་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་པས་དང་པོ་ཉིད་ནས་སྟོང་ཉིད་བསྒོམ་དགོས་པ་དང། སྙོང་ཉིད་དེ་རྟོགས་ན་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འགྱུར་བས་དང་པོ་ཉིད་ནས་གདུལ་བྱ་རྣམས་རྣམ་པར་མི་རྟོག་པའི་ལམ་བསྒོམ་པ་ལ་སྦྱར་བར་བྱའོ།། རྣམ་པར་མི་རྟོག་པའི་སྒོམ་གྱི་ནང་དུ་ཐེག་ཆེན་སེམས་བསྐྱེད་དང་། སེམས་ཅན་གྱི་དོན་བྱེད་པ་སོགས་ཡོན་ཏན་ཐམས་ཅད་འདུས་ཚུལ་མདོ་སྡེ་བརྒྱད་ཅུའི་ཁུངས་ལས་རྡོ་རྗེ་གཅོད་པ་སོགས་ཀྱི་མདོ་དང་སྦྱར་ནས་གསུངས་པ་དང་།  ཐེག་པ་ཆེན་པོ་ཅིག་ཅར་རིག་པ་ཡང་དག་པར་ངེས་པ་ལས་དེ་མཚུངས་སུ་དྲི་བ་དྲི་ལན་གྱི་ཚུལ་དུ་མདོ་ཡི་ཤེས་བྱེད་དང་བཅས་པའི་སྒོ་ནས་གསུངས་སོ།། འོ་ན་ཡོན་ཏན་ཀུན་འདུས་ཀྱི་རྣམ་པར་མི་རྟོག་པའི་དོན་དེ་ཇི་ལྟར་སྒོམ་སྙམ་ན། ཐོག་མར་སེམས་བསྐྱེད། དེ་ནས་ཡུལ་གནས་ལུགས་སྟོང་པ་ཉིད་གང་དུའང་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་སྒོམ་པའི་ཚེ་ན། རྟག་དང་མི་རྟག སྟོང་དང་མི་སྟོང་སོགས་གང་ཡང་ཡིད་ལ་མི་བྱེད་པ་དང་། ཐ་ན་ཅི་ཡང་མི་བསམ་སྙམ་དུའང་མི་དྲན་པར་སེམས་ནང་དུ་བསྡུ་དགོས་པ་དང་། གལ་ཏེ་སེམས་ཡུལ་ཡུལ་ཅན་སོགས་གང་དུ་འཕྲོ་ན་སླར་ཡང་དེ་ལས་བཟློག་སྟེ་ཅི་ཡང་ཡིད་ལ་མི་བྱེད་པར་གནས་པར་བྱའོ།། དེ་ལྟར་ཡུན་རིང་དུ་མི་རྟོག་པ་བསྒོམས་པས་སྟོང་ཉིད་རྟོགས་པ་དང་། དེ་རྟོགས་ན་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འགྱུར་བ་དང་། མཐའ་བྲལ་སྟོང་པ་ཉིད་མངོན་དུ་གྱུར་ཏེ་འཚང་རྒྱ་བར་འགྱུར་རོ་ཞེས་འཆད་པ་དང་། ཞར་ལ་དེ་ལྟར་མི་འདོད་པ་དག་དང་། ལྷག་པར་དུ་དང་པོ་ཉིད་ནས་རྟོག་པ་ཐམས་ཅད་བཀག་ནས་རྣམ་པར་མི་རྟོག་པ་བསྒོམ་མི་རུང་བར་འདོད་པ་རྣམས་ལ་ཡིད་ལ་མི་བྱེད་པ་བསྒོམ་དགོས་པར་གསུང་པའི་ལུང་རྣམས་ཤེས་བྱེད་དུ་དྲངས་ནས་དགག་པ་མཛད་དོ།།

གསུམ་པ་སྤྱོད་པ་ནི། འདི་པའི་ལུགས་ཀྱི་ལྟ་བས་སྤྱོད་པ་ལ་རྒྱས་འདེབས་ཚུལ་དང་། སྤྱོད་པས་ལྟ་བ་བོགས་འདོན་སོགས་རྒྱུན་དུ་སྤྱོད་ལམ་ཇི་ལྟར་དགོས་མིན་གསལ་ཁ་མེད་མོད་ཀྱི། དེ་ལྟར་ན་ཡང་མདོ་སྡེ་བརྒྱད་ཅུའི་ཁུངས་སོགས་ལས་བླ་མ་ལ་མཆོད་པ་འབུལ་བ་སོགས་འདུས་བྱས་ཀྱི་བསོད་ནམས་ཀྱི་ཚོགས་བསོག་མི་དགོས་པ་དང་། སྦྱིན་སོགས་ཀྱི་དགེ་བ་སྤྱོད་མི་དགོས་པར་བཤད་པ་དང་། ལྷག་པར་དུ་ཅིག་ཅར་འཇུག་པ་ཐེག་པ་ཆེན་པོ་རིགས་པ་ཡང་དག་པར་ངེས་པ་ལས། སྦྱིན་སོགས་ཀྱི་ཆོས་སྤྱོད་དེ་དག་རང་ཉིད་ཀྱིས་ལག་ལེན་དུ་མི་སྤྱོད་པ་དང་། སློབ་མ་ལ་ཡང་མི་སྟོན་པར་བཤད་པས་མདོར་ན་འདིའི་ལུགས་ལ་འདུས་བྱས་ཀྱི་དགེ་རྩ་བསོག་མི་དགོས་པར་འདོད་པ་འདྲའོ།། ཞར་ལ་དེ་ལྟར་མི་འདོད་པ་དག་ལ་རྡོ་རྗེ་གཅོད་པའི་ལུང་རྣམས་དྲངས་ནས་དགག་པ་མཛད་དོ།། 
 
གཉིས་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་ལྟ་སྒོམ་སྤྱོད་གསུམ་ཇི་ལྟར་བཞེད་པའི་ཚུལ་ལ་གསུམ་ལས། དང་པོ་གནས་ལུགས་ཡུལ་ཀྱི་ལྟ་བ་ནི། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཞེས་སོགས་ཀྱི་ཚིགས་བཅད་གསུམ་པོ་དེ་དབུ་མ་སྣང་བ་སོགས་སུ་ཐེངས་མང་དུ་དྲངས་པ་ལ་གཞིག་ན། ལྟ་བ་དེའི་ཐོག་ནས་གོ་ནུས་པས། སྣང་བ་ཐམས་ཅད་བག་ཆགས་ཀྱི་དབང་གིས་སྣང་བའི་སེམས་སྣང་དུ་འདོད་ཅིང་། སྣང་བྱེད་ཀྱི་ཤེས་པ་དེ་དོན་དམ་པར་སྐྱེ་བ་མེད་པ་ཙམ་དུ་མ་གྲུབ་པའི་སྟོང་པ་ཉིད་དུ་འདོད་པ་ལ་སྒྲུབ་བྱེད་ཀྱི་རིགས་པ་གཅིག་དུ་བྲལ་སོགས་གཏན་ཚིགས་བཞི་དང་། ངེས་དོན་གྱི་མདོ་རྣམས་ཤེས་བྱེད་དུ་དྲངས་ནས་རང་གཞུང་དུ་རྒྱས་པར་གསུངས་སོ།། འདིར་ཤེས་དགོས་པ་ཞིག་ལ། རྒྱ་ནག་དགེ་སློང་གིས་སྣང་བ་རྟེན་འབྲེལ་བཀག་པ་ལ། བསྒོམ་རིམ་ཐོག་ཐ་བར་གསུམ་དང་། དབུ་མ་སྣང་བ་སོགས་སུ་དགག་པ་ཟུར་ཙམ་ཡང་མེད་པས་ཡུལ་གནས་ལུགས་མཐའ་བྲལ་དུ་འདོད་ཚུལ་དང་། སྣང་བ་རྟེན་འབྲེལ་འགོག་པ་ལ་མི་མཐུན་མེད་པ་དང་། རྩོད་པ་མེད་པར་མངོན་ནོ།། 

གཉིས་པ་སྒོམ་པ་ནི། བསྒོམ་རིམ་ཐོག་ཐ་བར་གསུམ་གྱི་དོན་རྣམས་བསྡུས་ན། སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་བསྡུས་ནས་བསྒོམ་ཚུལ་གསུངས་པ་ལས། ཐོག་མར་བཏང་སྙོམས་ཚད་མེད་དང་། དེ་ནས་བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་བཞི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་པས། དེ་དག་མྱོང་བ་ལེགས་པར་མ་ཐོན་བར་དུ་བསྒོམ་དགོས་ཤིང་། མྱོང་བ་ཐོན་པ་ན་དེས་ཀུན་ནས་སློང་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མྱོང་བ་མ་ཐོན་བར་དུ་བསྒོམ་དགོས་པ་དང་། དེ་མྱོང་བ་ཐོན་པ་ན་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་ཤིང་། དེ་བསྒོམ་པ་ལ་ཐོག་མར་ཞི་གནས་བསྒྲུབས་ནས་དེའི་རྟེན་དུ་ལྷག་མཐོང་བསྒོམ་དགོས་པས་དེ་སྒྲུབ་ཚུལ་ནི་རྒྱལ་བའི་སྐུ་སོགས་ལ་དམིགས་ནས་ཉེས་པ་ལྔ་སྤོང་བ་དང་། གཉེན་པོ་འདུ་བྱེད་བརྒྱད་བསྟེན་དགོས་པ་དང་། དེ་ལེགས་པར་འགྲུབ་པ་ན་ལྷག་མཐོང་བསྒོམ་པ་སྟེ། སེམས་སྐྱེ་གནས་འཇིག་གསུམ་སོགས་བརྟག་པ་དང་། མཐའ་དང་པོ་འགོག་བྱེད་ཀྱི་རིགས་པས་ལེགས་པར་བཀག་ཏེ་ཁེགས་པ་ན། ཁྱད་གཞི་མ་གྲུབ་ན་ཁྱད་ཆོས་མི་འགྲུབ་པའི་རིགས་པས་མཐའ་ཕྱི་མ་བཀག་པའི་རྗེས་སུ་སྐྱེས་པའི་ངེས་ཤེས་དེ་ནི་རྣལ་འབྱོར་མངོན་སུམ་གྱི་དངོས་རྒྱུར་གྱུར་པའི་སོ་སོར་རྟོག་པའི་ཤེས་རབ་ཡིན་པས་དགག་མི་དགོས་པར་དེ་ཉིད་ཞི་གནས་ཀྱིས་ཡུན་རིང་དུ་རྒྱུན་བསྐྱངས་ན་མཐར་རྟོག་པ་དེ་ཉིད་རང་སར་ཞིག་སྟེ་མི་རྟོག་པའི་ངོ་བོར་གནས་པ་རང་བབས་སུ་འོང་བ་དང། དེ་ནས་རིམ་གྱིས་བསྒོམས་པས་མཐར་གནས་ལུགས་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྐྱེ་བར་འགྱུར་བ་མདོ་ལས་གསུངས་པའི་བུད་ཤིང་མེས་སྲེག་པའི་དཔེ་དང་། ཤེས་བྱེད་ཀྱི་མདོ་དུ་མར་སྦྱར་ནས་གསུངས་སོ།། ཞོར་ལ་བསྒོམ་རིམ་ཐ་མའི་ནང་དུ་རྒྱ་ནག་དགེ་སློང་གི་ལྟ་བ་སྒོམ་ལུགས་དང་། སྦྱིན་སོགས་སྤྱོད་མི་དགོས་པར་འདོད་པ་ལ་དགག་པ་རྒྱས་པར་མཛད་པ་རྣམས་གནད་བསྡུས་ན། ཤེས་རབ་ལ་སྐུར་པ་བཏབ་པ་དང་། ཐབས་ལ་སྐུར་པ་བཏབ་པའི་སྐྱོན་གཉིས་གསུངས་པ་ལས་སོ་སོའི་སྐྱེ་བོ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གློ་བུར་དུ་མི་སྐྱེ་བས། དང་པོ་ཉིད་ནས་ཡིད་བྱེད་ཐམས་ཅད་བཀག་སྟེ་མི་རྟོག་པ་བསྒོམ་མི་རུང་བར་གོང་དུ་བཤད་པ་ལྟར་བསྒོམ་དགོས་ཞིང་། གལ་ཏེ་དེ་ལས་བཟློག་སྟེ་འདོད་ན། སོ་སོར་རྟོག་པའི་ཤེས་རབ་ནི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་དངོས་རྒྱུ་ཡིན་པས་རྒྱུ་ལ་སྐུར་པ་བཏབ་ན་འབྲས་བུ་ལ་སྐུར་པ་བཏབ་པ་བསྙོན་དུ་མེད་པས་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་སྐུར་པ་བཏབ་པའི་སྐྱོན་ཡོད་པ་དང་། སྦྱིན་སོགས་ཀྱི་དགེ་བ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་ཆོས་ཡིན་པ་མི་རིགས་ཏེ། དེ་ལྟར་ན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བླུན་པ་ཡིན་པར་ཐལ་བ་སོགས་ཀྱིས་མི་འཐད་པ་དང་། དེ་དག་སྤྱོད་པ་ནི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་དེ་མི་དགོས་པར་འདོད་ན་ཐབས་ལ་སྐུར་པ་བཏབ་པའི་སྐྱོན་དུ་འགྱུར་ལ། ཐབས་ཤེས་གཉིས་ནི་ཐེག་པ་ཆེན་པོའི་སྲོག་རྩ་ཡིན་པས་དེ་ལ་སྐུར་པ་བཏབ་ན་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པ་གདོན་མི་ཟ་བའོ་ཞེས་པའི་སྐྱོན་གཉིས་བརྗོད་པ་ཙམ་ལས། ཁྱོད་ཀྱིས་སྣང་བ་རྟེན་འབྲེལ་བཀག་པའི་རྒྱུ་མཚན་གྱིས་སྤྱོད་པ་དང་། ཐབས་ལ་སྐུར་པ་བཏབ་པར་ཐལ་བའི་སྐྱོན་བརྗོད་པ་མེད་དོ།། འོ་ན་ཡིད་ལ་མི་བྱེད་པ་བསྒོམ་དགོས་པར་གསུངས་པའི་ལུང་གི་དོན་ཇི་ལྟར་སྙམ་ན། དེ་ནི་དང་པོ་ཉིད་ནས་ཅི་ཡང་ཡིད་ལ་མི་བྱེད་པར་གནས་དགོས་པའི་དོན་མ་ཡིན་པར། གོང་དུ་བཤད་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཡུན་རིང་དུ་བསྒོམས་པས་མཐར་རྟོག་པ་དེ་ཉིད་རང་སར་ཞི་སྟེ། མི་རྟོག་པ་རང་བབས་སུ་སྐྱེ་བ་མདོ་གཞན་ནས་གསལ་བར་གསུངས་པས་ཕྱི་མའི་སྐབས་ལ་དགོངས་པར་བསྒོམ་རིམ་ཐ་མ་ལས་གསུངས་སོ།། 

གསུམ་པ་སྤྱོད་པ་ནི། རྗེས་ཐོབ་ཀྱི་སྐབས་སུ་ལྟ་བས་སྤྱོད་པ་ལ་རྒྱས་འདེབས་དགོས་པ་དང་། སྤྱོད་པས་ལྟ་བ་བོགས་འདོན་དགོས་པ་དང་། སྦྱིན་སོགས་ཀྱི་ཆོས་སྤྱོད་ཤིན་ཏུ་གལ་ཆེན་དུ་བྱེད་དགོས་པར། སྔོན་གྱི་དམ་པ་རྣམས་ཀྱིས་ལྟ་བ་ནམ་མཁའ་དང་མཉམ་ཡང་། སྤྱོད་པ་བག་ཕྱེ་བས་ཀྱང་ཞིབ། ཅེས་གསུངས་པ་ལྟར་དགོས་པར་མདོ་ལུང་མང་ཙམ་དྲངས་ནས་གསུངས་སོ།།

གཉིས་པ་ཁྱད་པར་དེ་དག་བོད་སྔ་རབས་པའི་བཞེད་པ་དང་སྦྱར་ན། དང་པོ་ཡུལ་གནས་ལུགས་མཐའ་བྲལ་དུ་འདོད་པ་དང་། སྣང་བ་རྟེན་འབྲེལ་འགོག་ཚུལ་ལ་གོང་ལྟར་ཁྱད་པར་མེད་པ་གཞུང་ལུགས་སོ་སོར་གསལ་བས་མི་མཐུན་པ་མེད་པ་འདྲའོ།། 

གཉིས་པ་ལྟ་བ་སྒོམ་ལུགས་ལ་རྒྱ་ནག་དགེ་སློང་དང་ཀ་མ་ལ་ཤཱི་ལ་གཉིས་ཀྱི་ཁྱད་པར་ཇི་ལྟ་བ་བཞིན། རྗེ་བཙུན་རེད་འདའ་བའི་དབུ་མའི་ལྟ་ཁྲིད་རྒྱས་འབྲིང་བསྡུས་གསུམ་སོགས་སྔ་རབས་པའི་གྲུབ་མཐའ་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ལྟ་ཁྲིད་རྣམས་སུ་གསལ་བར་བཞུགས་ཡོད་ཅིང་། ཀུན་མཁྱེན་གྱིས་ཀྱང་དབུ་མའི་སྤྱི་དོན་ལས། མཐའ་བཞི་འགོག་ཚུལ་གསུངས་པའི་སྐབས་སུ། མཐའ་ཕྱི་མ་རྣམས་བཀག་རྗེས་སུ་སྐྱེས་པའི་ཤེས་རབ་དེ་གཙོ་བོའི་སྒོ་ནས་དགག་མི་དགོས་པ་དང་། མཐོང་ལམ་གྱི་དངོས་རྒྱུ་ཡིན་པར་གསུངས་པས་དེ་མཐའ་འཛིན་མ་ཡིན་པར་སོ་སོར་རྟོག་པའི་ཤེས་རབ་ཡིན་པར་བཞེད་པར་འགྲུབ་བོ།། འོ་ན་རྟོག་པ་ཐམས་ཅད་དགག་བྱར་འདོད་པ་མ་ཡིན་ནམ་སྙམ་ན། དེའི་དོན་ནི་དབུ་མའི་ལྟ་བ་མ་སྐྱེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཐམས་ཅད་བདེན་འཛིན་ཡིན་པ་དང་། དེ་དག་ཐམས་ཅད་ཀྱི་ཞེན་ཡུལ་རིགས་པས་དཔྱད་དེ་འགོག་པ་སོགས་མཐའ་བཞི་རིམ་པར་དགག་དགོས་པའི་དོན་ཡིན་གྱི། དེ་དག་བཀག་སྟེ་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་འགོག་དགོས་པའི་དོན་གཏན་ནས་མ་ཡིན་ནོ།། གཞན་ཡང་ཀུན་མཁྱེན་དང་། སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་གསུངས་པའི་ཁྱད་པར་དག་སྒོམ་པ་ལ་སྦྱར་ཤེས་ན་གོང་དུ་བཤད་པ་ལས་མ་འདས་སོ།། 

གསུམ་པ་རྗེས་ཐོབ་ཀྱི་སྤྱོད་པའི་ཐོག་ནས་ཀྱང་གོང་སྨོས་ལྟར། ལྟ་བས་སྤྱོད་པ་ལ་རྒྱས་འདེབས་དགོས་པ་དང་། སྤྱོད་པས་ལྟ་བ་བོགས་འདོན་དགོས་པ་སོགས་སྦྱོན་སོགས་ཀྱི་ཆོས་སྤྱོད་ཤིན་ཏུ་གལ་ཆེན་བྱེད་དགོས་པར་སྔ་རབས་པའི་སྐྱེས་ཆེན་རྣམས་ཀྱིས་རང་གཞུང་དུ་གསལ་བར་གསུངས་སོ།། འདི་དག་ནི་བསྡུས་དོན་ཙམ་ཡིན་པས་ལུང་རིགས་ཀྱིས་སྤྲོས་ཏེ་རྒྱས་པར་གཞན་དུ་འབྲི་བར་འདོད་པས་འདིར་མ་སྤྲོས་སོ།།


འདིར་སྨྲས་པ།
ཧ་ཤང་ལུགས་ལ་སྐུར་པ་མ་བཏབ་ཀྱང་།།
སྔ་རབས་ལུགས་སྲོལ་དེ་དང་མ་འདྲེས་ཚུལ།།
སོ་སོའི་གཞུང་ནས་སོ་སོར་རྙེད་པ་འདི།།
མཚུངས་མེད་བླ་མ་རྒྱས་པའི་མཆོད་སྤྲིན་ཡིན།།
 
འདི་ལ་འགལ་འཁྲུལ་ཅི་མཆིས་ན།།
དམ་པ་རྣམས་ཀྱི་སྤྱན་སྔར་འཆགས།།
རྣམ་དཀར་དགེ་བའི་ཚོགས་མཆིས་ན།།
མཁའ་མཉམ་མ་རྒན་རྣམས་ལ་སྦྱིན།།
ཞེས་པ་འདི་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ལྔ་རིག་ནང་བསྟན་སློབ་གླིང་ནས་དབུ་མ་གོང་མའི་གྲལ་མཐར་གནས་པ་ཟུར་མང་ལེགས་བཤད་ཉི་མས་སྤྱི་ལོ་༢༠༡༧ ༡༢ ༣༡ ཉིན་ནུབ་མོར་ཤར་མར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། དགེའོ།། དགེའོ།།  


གསལ་བཤད་ཕྲན་བུ། དཔྱད་རྩོམ་འདོན་པའི་དུས་ཡུན་ལ།  གྲྭ་པ་མང་བའི་རྐྱེན་གྱིས་བཤད་གྲྭ་གཞུང་གིས་བཀོད་སྒྲིག་བྱས་པའི་སྐར་མ་གསུམ་ལས་མེད་པས་བརྗོད་དོན་བསྡུས་ཅི་ཐུབ་བྱས་ནས་བྲིས་ཡོད།  སློབ་དཔོན་ཀ་མཱ་ལ་ཤི་ལ་དང་།  རྒྱ་ནག་དགེ་སློང་གི་དགོངས་པ་དཔྱད་དུས་རང་རང་གི་གཞུང་ཁུངས་ཐུབ་བྱས་པ་ལས་གཞུང་གཞན་ལ་འགལ་དོགས་དང་། མཐུན་ཐབས་གང་ཡང་བྱས་མེད།
རྒྱབ་ལྗོངས་དཔྱད་གཞིའི་དཔེ་ཆ། བསྒོམ་རིམ་ཐོག་མཐའ་བར་གསུམ།  དབུ་མ་སྣང་བ།  དབུ་མ་རྒྱན་གྱི་འགྲེལ་བཤད།  མདོ་སྡེ་བརྒྱད་ཅུའི་ཁུངས།  ཐེག་པ་ཆེན་པོ་ཅིག་ཅར་རིག་པ་ཡང་དག་པར་ངེས་པ། རྗེ་བཙུན་རེད་འདའ་བའི་དབུ་མའི་གཞུང་དང་། བསྒོམ་ཁྲིད།  རོང་སྟོན་ཆེན་པོའི་དབུ་མའི་གཞུང་དང་། བསྒོམ་རིམ།  ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་དབུ་མའི་གཞུང་དང་། ཧ་ཤང་དང་འབྲེལ་ཡོད་ཀྱི་གཞུང་། ཀུན་མཁྱེན་གོ་རམས་པའི་དབུ་མའི་གཞུང་དང་། བསྒོམ་རིམ། སོགས་སོ།།

                                                            རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།