མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ།

    མིག་གསུམ་པས་བརྩམས།



མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ།

                              
མིག་གསུམ་པ།

        སྟོན་པའི་ཞལ་གསུང་རྣལ་མ་འདི་ཆོས་ཀྱི་མཆེད་པོ་རྣམས་ཀྱི་སྙན་དུ་ཐོས་མ་ཐག་ཤིན་ཏུ་རྒྱུས་ཡོད་ཅིག་ཏུ་རློམ་ཞིང་། དེ་ཡང་སེམས་པ་རྣལ་དུ་ཕལ་ནས་ཞིབ་འདང་རེ་གནང་ཚེ་དེ་ཙམ་རྒྱུས་མེད་པའི་སྣང་བ་འཁོར་སྲིད། དེ་ནི་ང་ཚོས་ཟབ་གདམས་འདི་ཉིད་ཐོས་པ་ཉུང་བས་མ་ཡིན་པར། ཞིབ་མོར་རྣམ་པར་བཏགས་ནས་བསམ་གཞིག་བྱ་རྒྱུས་མ་ལྡེང་པ་ཡིན་ཏེ། རིས་སུ་མ་བཅད་པའི་སྐྱེས་མཆེད་རྣམས་ཀྱིས་རང་ཉིད་ཀྱི་མི་ཚེའི་མྱོང་བ་དང་ཤེས་རབ་ཀྱིས་བཙོ་སྦྱངས་བྱས་པའི་ཞལ་ཆེམས་རེ་རེ་ནི། ཡུལ་དུས་རྣམ་པ་གང་དུ་ཕྱིན་ཡང་། ཆོས་དང་འཇིག་རྟེན་སྡེ་ཚན་གང་ཞིག་ཡིན་རུང་། དེ་ཉིད་ལ་མཁོ་ཞིང་འཚམ་པའི་ཉིང་བཅུད་རེ་གཞིབ་ཆོག་པས། གསུང་གི་རྐང་པ་གཅིག་པུ་འདིར་ཡང་རིགས་ཚན་མི་གཅིག་པའི་མི་རེས་རང་ཉིད་ཀྱི་བགོ་སྐལ་བླང་བྱ་རེ་དང་། རང་ཉིད་ལྷན་སྐྱེས་སུ་ལྡོངས་པའི་བློ་མིག་འབྱེད་པའི་ཟུར་སྟོན་རེ་ཡོད་ཅིང་། ང་ཚོས་ཕྱོགས་ཡང་ནས་རྐང་པ་འདི་ལ་རྟོག་དཔྱོད་བྱེད་ཆོག་པ་རེད་ཨང་། 

       ཇི་སྐད་དུ། "འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་གསུངས།།"  ཞེས་པ་ནི། རྗེས་འཇུག་མཁས་པས་གོང་གི་ལུང་ཚིག་ལ་དགོངས་འགྲེལ་དུ་བཏབ་པ་སྣང་། རྐང་པ་འདི་གཉིས་ཀྱི་གོ་དོན་འཆར་བ་ལ་ཐོག་མར་"ཇི་སྙེད"་ཅེས་པའི་ཐ་སྙད་འདི་ལ་བསམ་གཞིག་གནང་དགོས་ཏེ།  ཇི་ནི་སྤྱི་སྒྲ་ཡིན་པས་ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཀུན་ལ་འཇུག སྙེད་ནི་ཚད་བཟུང་དུ་མེད་མེད་པའི་དོན་དུ་བཀྲལ་ཀྱང་ཚིག་གྲོགས་ལ་མ་ལྟོས་པར་རང་ངོས་ནས་དོན་སྟོན་མི་ནུས། སྤྱི་སྒྲ་ཇི་དེ་སྙེད་ཅེས་པའི་ཚིག་གྲོགས་དང་བསྡོངས་ཡང་དངོས་པོ་བྱེ་བྲག་ཅིག་ལ་གོ་མི་ཐུབ། དེས་ན་ཚིག་རིས་དེད་ནས་བསམ་གཞིག་གི་གོམ་པ་གཅིག་མདུན་དུ་བསྐྱོད་དགོས། དེའི་ཚེ་རྒུད་པ་ཞེས་པའི་ཚིག་དང་འཕྲད་ཡོང་བས་ཚེག་བ་གཉིས་པོ་འདི་ལ་མཉམ་པར་འཇོག་དགོས་ཏེ། རྒུད་པ་ཞེས་པ་ནི་དུས་ཀྱི་འཁོར་བསྐྱོད་ཀྱི་ཁྱབ་ཁོངས་སུ་ཉམས་དམས་སུ་འགྱུར་བའི་དོན་ཡིན་ལ། དེས་ཀྱང་ང་ཚོར་གོ་བ་གཏིང་ཚུགས་ཤིག་དང་བརྗོད་གཞི་ངེས་ཅན་ཞིག་ལ་འབབ་མི་ཐུབ། ད་དུང་ཚིག་རིས་མདུན་ཐད་དུ་དེད་ན་"འཇིག་རྟེན་"ཞེས་པའི་རྣ་ལ་འཇགས་ཤིང་ངག་ལ་བྱང་བའི་ཐ་སྙད་ཅིག་དང་འཕྲད་ཡོང་། འཇིག་རྟེན་ནི་བརྗོད་དོན་སྣ་ཚོགས་ཤིང་བརྗོད་ཚིག་ཟུར་མང་བའི་མ་ངེས་པའི་ཐ་སྙད་ཅིག་ཡིན་པས།  ཀློག་པ་པོ་སོ་སོའི་མོས་ཁམས་དང་མཐུན་པའི་གོ་བ་རེ་སྟེར་སྲིད་ལ། དེའི་མུར་"རྒུད་པ་ཇི་སྙེད་ཅེས་པའི་གོ་བ་ཡང་ཚད་ངེས་ཅན་ཞིག་ཏུ་གཟོད་བབས་ཐུབ། ཀུ་རེ་ཞིག་ཞུས་ན། འདི་ནི་"ཡང་དག་བླ་མའི་"འགོར་གང་རེད་ཅེས་པའི་ཨ་མཆོད་ཚོས་ཆོད་དཀའ་བའི་དོགས་གཞི་དང་ཅུང་ཟད་མཚུངས།
               
       རྐང་པ་དང་པོ་"འཇིག་རྟེན་རྒུད་པ་ཇི་སྙེད་པ།"ཞེས་པའི་དོན་དེ་ངོ་བོའི་ཆ་ནས་མི་བུ་སྒེར་སོ་སོའི་སྣོད་བཅུད་ཀྱི་འཇིག་རྟེན་ཏེ། སོ་སོའི་རྒྱལ་ཁབ་དང་མི་རིགས། ལུང་བ་དང་ཁྱིམ་ཚང་། མ་མཐར་སྒེར་གྱི་མི་ཚེ་དང་འཚོ་ཚིས། ཉིན་རེ་དང་དུས་ཐུན་རེར་འཕྲད་པའི་རྒུད་པ་དང་། བྱེ་བྲག་ཕྱེ་ན་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་དང་། མི་རིགས་ཀྱི་ཐུན་མིན་སྲོལ་རྒྱུན་དང་བསམ་སྦྱོར། ལུང་བའི་མཐུན་ལམ་དང་བསམ་བློ། ཁྱིམ་ཚང་གི་བརྩེ་དུངས་དང་འཚོ་ཚིས་སོགས། རང་ཉིད་ཀྱི་ཡིད་དུ་བརྣག་པའི་རྒུད་པ་ཀུན་ལ་སྦྱར་ནས་གོ་ཆོག  དེ་ལྟར་རང་ཉིད་སྒེར་གྱི་འཇིག་རྟེན་དེ་ཡི་རྒུད་པ་ཇི་སྙེད་ཡིད་ལ་འཆར་ཚེ། ཤེས་རབ་ཅན་གྱིས་དེའི་རྩ་བའམ་འབྱུང་ཁུངས་གང་ཞིག་ཡིན་པ་འཚོལ་མྱུལ་བྱ་ངེས་ཤིང་། དེ་ལ་སྟོན་པས་འདི་སྐད་ཅིག་བཀའ་བསྩལ་སྲིད་དེ། ཀྭ་ཡེ་རིགས་ཀྱི་བུ་"དེ་ཡི་རྩ་བ་མ་རིག་པའོ།"ཞེས་གསུངས་སོ། ཡང་སྙིང་མ་རིག་པ་ཞིག་པ་གང་ཞིག་རེད་ཅེ་ན། ང་ཚོས་མདོ་དང་བསྟན་བཅོས་རྣམས་སུ་བལྟ་བར་བྱ་སྟེ། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས། རིག་པའི་མི་མཐུན་ཕྱོགས་ཆོས་གཞན།། མ་རིག་ཞེས་གསུང་ཡོད། གཞུང་ལུགས་གཞན་དུ་མ་རིག་པའི་མཚན་ཉིད་དུ། རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་རྨོངས་པ་ཞེས་བཞག་ཡོད། འདི་ནས་"རིག་པ"ངོས་མ་ཟུང་གི་བར་དུ་མ་རིག་པ་ངོས་འཛིན་ཐབས་མེད་སོང་བ་རེད། དེར་བརྟེན་རིག་པ་ནི་ཤེས་རབ་ལ་གོ་ཞིང་ཤེས་རབ་ཀྱི་དོན་ནི་ཆོས་དང་ཆོས་མིན་རྣམ་འབྱེད་ཀྱི་བློ་ལ་གོ དེས་ན་རིག་པའི་སྔུན་ལ་མ་ཞེས་དགག་སྒྲ་ཞིག་སྦྱར་ཚེ་མ་རིག་པ་ཞེས་ཀློག་དགོས། དེའི་དོན་ཡང་ཆོས་དང་ཆོས་མིན་རྣམ་པར་འབྱེད་མི་ནུས་པའི་བློ་ཞེས་པའི་དོན་ཡིན།
             
       ད་དུང་རིག་པ་དང་མ་རིག་པ་གཉིས་ཀྱི་རྣམ་གྲངས་འགའ་ཞིག་མཚམས་སྦྱར་བར་བྱ་སྟེ། གསུང་རབ་ཀྱི་སྐད་དུ་རྣོ་རྟུལ་དང་དེ་གཉིས་དང་ལྡན་པའི་མི་ལ་གོ་རིམ་བཞིན་དུ་མཁས་པ་དང་བླུན་པོ་ཞེས་བསྙད། འཇིག་རྟེན་དུ་ཤེས་པ་དང་མི་ཤེས་པ་ཟེར་ཞིང་དེ་གཉིས་དང་ལྡན་པའི་མི་ལ་གོ་རིམ་བཞིན་དུ་སྤྱང་པ་དང་གླེན་པ་ཞེས་བཏགས། གཤམ་དུ་ཤེས་པ་དང་མི་ཤེས་པའི་ལེགས་ཉེེས་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་ཞུས་ན། དེ་ཡང་སྔོན་ཆད་ཅིག་ལ་དགེ་སྦྱོང་བགྲེས་པོ་ཞིག་གི་ཞབས་ལ་བགྲེས་མོ་ཞིག་གིས་དར་ཡུག་ཅིག་ཕུལ་ནས་ཆོས་གསུངས་པར་བསྐུལ། དགེ་སྦྱོང་ལ་ཆོས་ཀྱི་སློབ་སྦྱོང་གི་སྐལ་བ་རྙེད་མྱོང་མེད་སྟབས། ཐུགས་སེམས་ཤིན་ཏུ་ཕམ་ནས་ཕྱག་གཡས་པས་བྲང་གཞུང་རྡུང་གིན་"མི་ཤེས་པ་ང་སྡུག་བསྔལ། " ཞེས་བསྟུད་མར་ཚར་འགར་སྨྲེ་ངག་བཏོན། བགྲེས་མོས་སེམས་པར་"རྒྱུ་མི་ཤེས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་ངོ་། "སྙམ་པའི་རྟེན་འབྲེལ་གྱི་གོ་བ་གཏིང་ཚུགས་ཤིག་ཆགས་ཏེ་ཐར་ལམ་དུ་ཞུགས་སྐད་ཅིག་ཡོད། མཚམས་འདི་ནས་བདག་གིས་སྨྲ་འདོད་པ་ནི་དགེ་སྦྱོང་དང་བགྲེས་མོ་སོགས། རིགས་དང་ཚན་པས་མ་བཀར་བར་སྐྱེས་བོ་སུ་ཞིག་ལ། སྡུག་བསྔལ་གྱི་རྒྱུ་ནི་མི་ཤེས་པ་ཡིན་པར་རྟོགས་པའི་ཤེས་རབ་ལྡན་ན། དེ་ཉིད་ཁོ་ནར་དམ་པའི་ཆོས་ཀྱི་ཉིང་བཅུད་མྱོང་བའི་བསྐལ་བ་ལྡན་ནོ།

         ད་ལྟར་ང་ཚོས་སྒེར་གྱི་"འཇིག་རྟེན་རྒུད་པ་ཇི་སྙེད་"་ཡོད་པ་"དེ་ཡི་རྩ་བ་མ་རིག་"པ་ཡིན་པ་གསུངས་པའི་རྐང་པ་གཉིས་ཀྱི་ཚིག་དོན་རོབ་ཙམ་ཡིད་དུ་འཆར་ཡང་། མ་རིག་པ་རྒུད་པའི་རྩ་བ་ཡིན་པའི་རྒྱུ་མཚན་རྣམ་དག་ཅིག་རྙེད་མེད་ཀྱང་སྲིད་དེ། ཁྱོད་ལ་མ་རིག་པ་རང་རྒྱུད་ལ་ལྡན་པ་ཙམ་གྱིས་རྒུད་པ་ཡིན་ནམ། ཡང་ན་མ་རིག་པས་རྐྱེན་བྱས་ཏེ་རྒུད་པ་ཡིན་སྙམ་པའི་དོགས་འདྲི་ཞིག་འཁོར་བཞིན་ཨེ་འདུག དེ་ལ་སྟོན་པས་"མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། "གསུངས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞིག་བྱུང་ན་དེ་ཉིད་ཁྱོད་ཀྱི་འཇིག་རྟེན་གྱི་ཕྱོགས་གཅིག་རྒུད་པ་རེད་ཨང་། དེ་ཡང་མ་རིག་པའི་རྐྱེན་གྱིས་མངོན་པར་འདུ་བྱེད་ཚུལ་ལ་ས་པཎ་གྱིས་འདི་སྐད་གསུངས་ཏེ། "བླུན་པོ་བདེ་བ་འདོད་བཞིན་དུ།། བྱ་བ་སྡུག་བསྔལ་འབའ་ཞིག་སྒྲུབ།། ཅེས་ཏེ། བླུན་པོ་ནི་མ་རིག་པའམ་མི་ཤེས་པ་རྒྱུད་ལྡན་གྱི་གང་ཟག་ཏུ་ཞུས་ཟིན་ཏོ། འདི་ནས་མཐའ་སྡོམ་གྱི་ཚུལ་དུ་ཤེས་དགོས་པ་ནི། སྤྱི་སྒེར་གང་ཡིན་རུང་རྒུད་པའི་རྩ་བ་མ་རིག་པ་ཡིན་ལ། རྒུད་པའི་ཚུལ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྣ་ཚོགས་འབྱུང་བའི་ཚུལ་གྱིས་སོ། ཞེས་པའོ།

        མ་རིག་པའམ་མི་ཤེས་པ་མར་རྒུད་པའི་རྩ་བར་ངེས་རྗེས་ལྡོག་ཕྱོགས་ཡར་རྒྱས་པའི་རྩ་བ་རིག་པའམ་ཤེས་རབ་ཡིན་པར་ཤུགས་ཀྱིས་གྲུབ་ཡོང་། འོ་ན་ཡར་རྒྱས་ཀྱི་རྩ་བ་ཤེས་བྱ་གང་ཞིག་ཤེས་པའི་ཤེས་རབ་ལ་འཇོག་དགོས་ཅེ་ན། བཤད་མ་ཐག་པའི་མ་རིག་པ་དེ་ཤེས་བྱ་གང་ཞིག་མི་ཤེས་པ་ལ་བཞག་པར་བལྟ་དགོས། དེ་ནི་ཀུན་མཁྱེན་གོ་རམས་པས། "འཁོར་བའི་རྩ་བ་གང་ཟག་ལ་རྨོངས་པའི།། མ་རིག་ཡིན་ཞིང་དེ་ཡི་རྩ་བ་ཡང་།། གནས་ལུགས་དོན་ལ་རྨོངས་པའི་མ་རིག་སྟེ། ། ཞེས་གནས་ལུགས་དོན་ལ་རྨོངས་པའི་མ་རིག་པ་ནི་རྒུད་པའི་རྩ་བ་ཡིན་པས། ཡར་རྒྱས་ཀྱི་རྩ་བ་ཡང་གནས་ལུགས་རྟོགས་པའི་ཤེས་རབ་ལ་འཇོག་དགོས་པར་གྲུབ་ཅིང་། "གནས་ལུགས་"ཞེས་པའི་ཐ་སྙད་འདི་ཡང་སྒེར་གྱི་འཇིག་རྟེན་ལ་སྦྱར་ནས་གོ་དགོས་ལ། དེ་ཡང་རིག་པས་ཤེས་ཤིང་མ་རིག་པས་མི་ཤེས་པའི་རང་བྱུང་གི་ཆོས་ཉིད་རྟོགས་དགོས་ཨང་།

         "གནས་ལུགས་རྟོགས་པའི་རིག་པ་"ཡར་རྒྱས་ཀྱི་རྩ་བ་ཡིན་ཞིང་། དེ་ཡང་མི་བུ་སྒེར་སོ་སོའི་ཡར་རྒྱས་ཀྱི་རྩ་བར་ཇི་ལྟར་སྦྱར་དགོས་ཤེ་ན། ཆེ་ལོང་ཙམ་དུ་སྨྲས་ན། གལ་སྲིད་ཁྱོད་རང་ཆོས་པ་ཞིག་ཡིན་ན་ཆོས་ཀྱི་ཡར་རྒྱས་ཀྱི་རྩ་བ་རིག་དགོས་ལ། འཇིག་རྟེན་པ་ཞིག་ཡིན་ན་འཇིག་རྟེན་གྱི་ཡར་རྒྱས་ཀྱི་རྩ་བ་དངོས་དེ་རིག་དགོས། རྒྱལ་ཁབ་ཅིག་ལ་མཚོན་ན། རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་རྩ་བ་རིག་དགོས་པ་དང་། མི་རིགས་ཤིག་ལ་མཚོན་ན་མི་རིགས་ཀྱི་ཡར་རྒྱས་ཀྱི་རྩ་བ་རིག་དགོས་པ་སོགས། ཚོགས་སྤྱི་དང་མི་བུ་སྒེར་གང་དང་གང་ཡིན་རུང་རང་ཉིད་གནས་སྐབས་ཡར་རྒྱས་ཙམ་དུ་མ་ཟད། ཇི་སྲིད་འཚོ་བའི་བར་དུ་ཡར་རྒྱས་ཀྱི་རྩ་བ་གང་ལ་ཐུག་པ་རིག་དགོས་པ་རེད། འོ་ན་རིག་པ་དེ་ནི་ལྷན་སྐྱེས་ཀྱིས་རྒྱུད་ལ་ལྡན་པ་ཞིག་རེད་དམ། སྦྱངས་བྱུང་གིས་བརྩོན་ལེན་བྱེད་དགོས་པ་རེད་ཟེར་ན། ཇི་སྐད་དུ། "མ་བསླབ་པ་ལ་ཀུན་མཁྱེན་དུ།།  བགྲོད་ན་རྒྱུ་འབྲས་ག་ལ་བདེན།། " ཞེས་གསུངས་ཡོད་དེ། རིག་པ་ནི་རིག་པ་རང་ཡིན་པས་འབད་པ་དྲག་པོས་བསླབ་དགོས་པ་རེད་མ་གཏོགས་རང་གར་རྒྱུད་ལ་སྐྱེ་མི་སྲིད་གསུངས་པ་རེད། དེ་ཡང་རང་ཉིད་ཀྱི་མདུན་ལམ་དང་ཕུགས་བསམ་གང་ཞིག་འཆང་བ་དེ་ཉིད་མངོན་དུ་འགྱུར་བར་བྱེད་པའི་རིག་པ་བསླབ་དགོས་ཤིང་། རྒྱལ་ཁབ་གཅིག་གམ་མི་རིགས་ཤིག་ལ་མཚོན་ན། ཆབ་དཔལ་རིག་གསུམ་གྱི་ཡར་རྒྱས་ནི་རྩ་དོན་ཡིན་པས་དེ་ཉིད་བསླབ་དགོས་ཤིང་། མི་བུ་སྒེར་གྱི་ངོས་ནས་བལྟས་ན་ཡང་། དཔལ་འབྱོར་ཕྱུག་པོ་ཞིག་བྱེད་འདོད་ན། དཔལ་འབྱོར་རིག་པ་བསླབ་དགོས་པ་སོགས་ལ་བསྒྲེ་སྟེ་ཤེས་པར་བྱའོ།

           བསླབ་པར་མཐར་སོན་ཏེ་རིག་པ་རྒྱུད་ལ་འབྱོངས་པ་ཙམ་གྱིས་ཡར་རྒྱས་སུ་འགྲོ་སྲིད་དམ་ཞེ་ན། དེ་ཡང་མ་ངེས་ཏེ། ཆོས་པ་ལ་ཆོས་ལུགས་རིག་པ་དང་འཇིག་རྟེན་པ་ལ་འཇིག་རྟེན་རིག་པ་རྒྱུད་ལ་ལྡན་ཡང་། དེ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན་གྱི་ཡར་རྒྱས་དངོས་མ་ཡིན་ཏེ། ཡར་རྒྱས་དངོས་ནི་རིག་པའི་རྐྱེན་གྱིས་འདུ་བྱེད་པ་ཁོ་ནར་འཇོག་དགོས་པའི་ཕྱིར། དཔེར་ན། ཤེས་རབ་ཕུལ་དུ་བྱུང་བའི་མཁས་པ་ཞིག་ལ་མཚོན་ན། བློ་གྲོས་ཀྱི་རྩལ་བཏོན་ནས་རིགས་ལམ་གསོང་པོར་དགག་སྒྲུབ་ཀྱིས་དོན་དང་དོན་མིན་རྣམ་པར་འབྱེད་དགོས་པ་ལས། མཁས་པའི་མིང་སྐམ་ཞིག་དམ་དུ་བཅངས་ནས་ལྐུག་པའི་རྟུལ་ཞུགས་དང་དུ་བླངས་བསྡད་ན། སྔོན་ལ་གུས་རྟག་གི་སྦྱོར་བ་གཉིས་ཀྱིས་འབད་པ་ཡོད་ཚད་དོན་མེད་ཆུད་ཟོས་སུ་གཏོང་བ་ཡིན་པའི་ཕྱིར། རྗེ་ས་པཎ་གྱིས། མཁས་པའི་བྱ་བ་དགག་སྒྲུབ་སྟེ།། ཤེས་བཞིན་སྤང་བར་དོན་མེད་ཡིན།། ཞེས་གསུངས་པ་བཞིན་ནོ། 

          འོ་ན་རིག་པའི་རྐྱེན་གྱིས་ཇི་ལྟར་འདུ་བྱེད་བརྩམ་པར་བྱ་ཞེ་ན། གཞུང་ཚན་བྱེ་བྲག་གང་ཞིག་གི་རིག་པ་ལྡན་ཀྱང་རུང་། དེ་ཉིད་ཀྱི་སྙིགས་དོར་བཅུད་ལེན་དང་ཉེས་འཕྲི་ལེགས་སྣོན་ཤེས་དགོས་ཤིང་། དེ་ཡང་གཞན་གྱི་ཟེར་སྒྲོས་ཙམ་དུ་མི་འབྲངས་པར་རང་གིས་ལེགས་ཉེས་དཔྱོད་ཤེས་དགོས་ཏེ། ཇི་སྐད་དུ།  མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲང་། ། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཞེས་གསུངས་པ་བཞིན་དུ།  རིག་ཚན་བྱེ་བྲག་པ་གང་ཞིག་ཤེས་ཀྱང་དེའི་མཁས་པ་ཡིན་པས། དེའི་ཐད་ནས་དཔྱོད་ཤེས་མི་འདོར་བ་ནི་མཁས་པའི་རྩ་བའི་དམ་ཚིག་ཏུ་ངེས་སོ། 
                   རྩོམ་སྒྲིག་པ། མྱི་གསར་བ།