དཔེ་འཕྲིན། སྒྱུ་འཕྲུལ་གྱི་ཤན་པ། ཟར་ནག་དཔྱིད་དཔལ།

    རྩོམ་པ་པོ། ཚྭ།


དཔེ་འཕྲིན།  སྒྱུ་འཕྲུལ་གྱི་ཤན་པ། ཟར་ནག་དཔྱིད་དཔལ།


                    རྩོམ་པ་པོ། ཚྭ།


སྙན་ངག་འབྲི་མཁན་ཞིག་གི་མིང་ཐོག་ནས་རང་དང་ན་ཚོད་མཐུན་པའི་གྲོགས་པོ་མང་པོ་ཞིག་ངོ་ཤེས་ཤིང་། དེ་དག་གི་ནང་ནས་སྙན་ངག་པ་རྣམ་དག་ཅིག་གི་རང་ཚུགས་བཟུང་ཞིང་། གསར་རྩོམ་གྱི་རྒྱུན་ལ་དལ་ལྷོད་མེད་པ། བྲིས་པའི་སྙན་ངག་སྔ་མ་ལས་ཕྱི་མ་ཕྱི་མར་སྙན་རོའི་མཛེས་པ་རྫོགས་པ་ནི་གྲོགས་པོ་ཚྭ་ལགས་ཀྱི་སྙན་ངག་ཡིན། ཚྭ་ཡི་སྐོར་ནས་དེ་ཙམ་གྱིས་ག་ལ་འཐུས། ཁོའི་སྙན་ངག་ལས་ཀྱང་གླེང་འདོད་པ་ནི། ཁོ་སློབ་མཐར་ཕྱིན་རྗེས་འབྲོག་སྡེ་ཆེན་པོ་ཞིག་ཏུ་སྙན་ངག་གི་རོ་དང་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་པ་དེ་རེེད། ངས་བསམ་ན། སྙན་ངག་འབྲི་མིན་གལ་ཆེན་པོ་མ་ཡིན་པར།    མི་སྒེར་གྱི་འཚོ་བ་ལ་སྙན་ངག་གི་རོ་དང་བྲོ་བ་འཛོམས་རྒྱུ་ལ་གལ་ཆེན་རེད།
                 ---གངས་ནས།
ཚྭ་ཡི་པིར་མིང་ཅན་གྱི་སྙན་ངག་མཁན་དེས་བྲིས་པའི་སྙན་ངག་ནི་ཧ་ཅང་དམིགས་བསལ་བར་སྣང་བས་་དེབ་འདིས་ཀློག་མཁན་ཚོར་ཚོར་བ་དམིགས་བསལ་བ་སྣ་ཚོགས་སྟེར་བར་ཐེ་མི་ཚོམ།                  
               —སྐྱབས་ཆེན་བདེ་གྲོལ་གྱིས།
ཚྭ་ཡི་སྙན་ངག་ནི་སྒྱུ་འཕྲུལ་གྱི་ཕོ་བྲང་ཞིག་དང་མཚུངས། སྐབས་རེར་ཁོའི་སྙན་ངག་ཀློག་དུས་བྷོར་ཧེ་སིའི་སྙན་ངག་ཀློག་གིན་ཡོད་པའི་འཁྲུལ་སྣང་སྟེར། ཡང་ཞིབ་ཏུ་བསམས་ན་དེ་གཉིས་ཀྱི་རྩོམ་གཤིས་རྦད་དེ་འདྲ་གི་མི་འདུག །ཚྭ་ཡིས་ཡང་ཡང་སྦྱངས་རྡུང་བྱས་པའི་སྙན་ངག་གི་སྐད་ཆ་རེ་རེས་ལུས་ལ་ཟ་འཕྲུག་སློང་ཞིང་། ཡིད་ལ་བདེ་བ་སྩོལ་བར་མ་ཟད།  ཀློག་མཁན་གང་དེའི་རྣམ་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་གཏོང་སྲིད། ངས་སྔོན་ཞིག་ལ་ཚྭ་ནི་སྙན་ངག་གི་དགེ་རྒན་ལ་བསྟེན་ཆོག་ཅེས་པའི་སྐད་ཆ་ཞིག་བཤད་མྱོང་། ངས་ད་ལྟ་ད་དུང་བསམ་ཚུལ་དེ་བསྒྱུར་མེད།
             —སྙན་བུ།

ང་ནི་སྙན་ངག་པ་ཁོའི་ཀློག་པ་པོ་ཕལ་བ་ཞིག་ཡིན།
      གནའ་གཏམ་བཤད་པའི་ཟོལ་གྱིས་བཤད་ན། ངའི་ཡུན་ཐུང་གི་མི་ཚེ་འདིའི་གནའ་སྔ་མོ་སྔ་མོ་ཞིག་ལ། བདག་གི་འཚོ་བའི་ཁྲོད་གྲོགས་པོ་ཞིག་སླེབས། ཁོའི་མིང་ལ་ཀརྨའམ་ཀརྨ་བསྟན་འཛིན་ཞེས་འབོད། དེ་དང་ལྷན།  སྙན་ངག་པ་ཞིག་ཀྱང་ངོ་ཤེས་སུ་གྱུར། དེ་ཡི་མིང་ལ་ཚྭ་ཞེས་བརྗོད།
      ཀརྨས་ངའི་འཚོ་བའི་ཁྲོད་སྤུན་ཟླའི་མཛའ་བརྩེ་བསྐྱལ་འོངས། ཚྭ་ཡིས་ངའི་སེམས་ཀྱི་ལོངས་སྤྱོད་དུ་སྙན་ངག་བསྩལ་འོངས། འདི་ལྟར་ལོ་ངོ་བཅུ་ཕྲག་གཅིག་ལྷག་འདས་པའི་རྗེས་སུ། གྲོགས་པོ་ཀརྨས་ང་ལ་ཁ་པར་ལས་གློ་བུར་དུ། སྙན་ངག་པ་ཚྭ་ཡིས་སྙན་དེབ་ཞིག་པར་བསྐྲུན་བྱ་འཆར་ཡོད་པས། ཁྱོད་ཀྱིས་ཁོའི་སྙན་ངག་དང་འབྲེལ་བའི་སྐད་ཆ་ཉུང་ཙམ་ཞིག་ཡི་གེ་རུ་འབྲི་རོགས་ཟེར།
       སྙན་ངག་པ་ཚྭ་ནི། ད་ལྟའི་བོད་ཀྱི་ན་གཞོན་སྙན་ངག་པའི་ཁྲོད་ཀྱི།  མ་ཡོད་ནང་གི་དེ་ཡོད་ཅིག་རེད་པས། ང་ལྟ་བུ་ཞིག་ལ་འདི་ལྟར་ཁོའི་སྙན་དེབ་དང་འབྲེལ་བའི་ཡི་གེ་འགའ་སློང་དགོས་མི་འདུག་ལ། ངས་ཀྱང་ཁོའི་སྙན་ངག་དང་འབྲེལ་བའི་ཡི་གེ་གཅིག་ཀྱང་འབྲི་བའི་གདེངས་མི་འདུག་མོད། རེ་སྐུལ་འདི་སྙན་ངག་པ་ཚྭ་ཡིས་བཏོན་པ་མ་ཡིན་པར། གྲོགས་པོ་ཀརྨས་ཞུས་པ་ཡིན་པས། ངོ་ལྡོག་ན་ཡང་མི་འོས་པ་ཞིག་གོ།
      སྙན་ངག་པ་ཚྭ་ངོ་ཤེས་སུ་གྱུར་པ་ནས་བཟུང་། ངས་ཁོའི་སྙན་ངག་མང་ཕྱོགས་ལ་བལྟས་ནས་འོངས། ཐོག་མའི་དུས་སུ་གྲོགས་པོ་ཀརྨའི་ཁ་ངོ་སྲུང་སྟེ་བལྟས་པ་ཡང་ཡོད་སྲིད་མོད། རིམ་བཞིན་ཁོའི་སྙན་ངག་གི་འདྲེན་ཤུགས་ཀྱིས་ང་རང་ཡོངས་སུ་བསླུས་སོང་། དེ་བས། ངས་སྙན་ངག་པ་ཚྭ་ཡི་སྙན་ངག་མང་ཕྱོགས་བཀླགས་མྱོང་བ་དང་། མ་འོངས་པ་ན་ཡང་བཀླག་པར་དགའ་སྲིད་པ་དེ། གྲོགས་པོ་ཀརྨ་དང་འབྲེལ་བ་གང་ཡང་མེད། ཡིན་ཡང་། ཚྭ་ཡི་སྙན་ངག་དང་འབྲེལ་བའི་ཡིག་ཚོགས་ཉུང་ངུ་འདི། གྲོགས་པོ་ཀརྨའི་རེ་སྐུལ་དང་ལེན་བྱས་པ་ཙམ་ལས། སྙན་ངག་པ་ཚྭ་དང་ཁོའི་ཀློག་པ་པོ་དག་གིས། འདི་ལ་དོ་སྣང་བྱ་རིན་གང་ཡང་ཡོད་མི་སྲིད།
       ང་རང་ནི་རྩོམ་རིག་ལ་མཁས་པ་ཞིག་མིན་པས། ཚྭ་ཡི་སྙན་ངག་ལ་དཔྱད་པ་སོགས་ནི་གཏོང་མི་ཤེས་མོད། ད་ལྟ་ཀརྨ་ངེད་གཉིས་ཀྱི་གྲོགས་པོའི་འབྲེལ་བ་མ་བརྒྱུད་ན་ཡང་། ང་ནི་ཚྭ་ཡི་སྙན་ངག་གི་ཀློག་པ་པོ་ཞིག་ཡིན་པས། ངས་ཁོའི་སྙན་ངག་མང་པོ་བཀླགས་པའི་མྱོང་ཚོར་ཁ་ཅིག་ལབ་པར་བྱ།
      སྙན་ངག་པ་ཚྭ་ཡིས་སློབ་ཆེན་གྱི་སྐབས་སམ། ལོ་གཞོན་ནུའི་དུས་སུ་བྲིས་པའི་སྙན་ངག་དག་ནི། རབ་རིབ་མག་མོག་གམ། ཀློག་མཁན་ང་རང་གི་ངོས་ནས། བསྟན་དོན་དང་བཅས་ཏེ་གོ་ཐུབ་པ་ཞིག་གཏན་ནས་མ་རེད། གཅིག་བྱས་ན། རྩོམ་མཁན་གྱིས་ཀྱང། ཐབས་རྩལ་སྣ་ཚོགས་ཀྱིས་བརྗོད་བྱའི་བསྟན་དོན་མེད་པའི་ཚིག་ཚོགས་ཤིག་སྤུང་གིན་ཡོད་པ་འདྲ་མོད། ཡིན་ཡང་། ཁོའི་ཚིག་ཚོགས་ཀྱི་ཁྲོད་དུ། དངོས་ཡོད་འཇིག་རྟེན་དང་འབྲེལ་མ་འབྲེལ་གྱི་ཡུལ་ལྗོངས་དང་། བྱ་དངོས་སྣ་ཚོགས་ཀྱི་སྣང་བརྙན་ཡན་གར་བ་རེ་རེ། རི་མོ་མཁན་ཧྥན་ཀོ་ལགས་ཀྱི《སྐར་ཚོམ་རྒྱུ་བའི་མཚན་མོ》ཞེས་པའི་རི་མོ་དེ་ནང་བཞིན། ཁོའི་སྙན་ངག་གི་ཁྲོད་ན་ཁུ་སིམ་སིམ་གྱིས་འགུལ་གྱིན་འདུག ཡོམ་ཡོམ་འགུལ་བའི་སྣང་བརྙན་ཡན་གར་བ་དེ་དག་གི་ཀློང་ནས། སྙན་ངག་པ་ཚྭ་ཕར་ཟད། ཐ་ན་གྲོགས་པོ་ཀརྨ་ཡང་མཐོང་དུ་མེད་མོད། འོན་ཀྱང་། ཚིག་གི་ཕྲེང་པའི་ངོགས་ན་འགུལ་བའི་རབ་རིབ་མག་མོག་དེ་དག་གིས། ངའི་ཚོར་བའི་ཆུ་རྒྱུན་ཡང་རབ་རིབ་མག་མོག་ངང། སྙན་ངག་གི་འཇིག་རྟེན་ཞིག་ལ་བཞུར་དུ་འཇུག གལ་ཏེ་སྡོམ་ཚིག་ཅིག་འགོད་དགོས་ན། སྐབས་འདི་དག་ལ། ཁོ་ནི་སྙན་མོ་ཚིག་གི་རྩལ་དང་། ཐབས་རྩལ་སྣ་ཚོགས་ཀྱི་མཛེས་པར་འཇུས་པའི་སྙན་ངག་པ་ཞིག་རེད་སྙམ།
      ཁོ་རང་ཡུན་གྱིས་སློབ་ཆེན་གྱི་འཚོ་བ་དང་གྱེས་ཏེ། སྤྱི་ཚོགས་ཀྱི་བརྡབ་གསིག་སྣ་ཚོགས་པའི་ཀློང་དུ་ལྷུང་རྗེས། གཟོད་སྙན་ངག་གི་མཛེས་པ་ཡིས་ཕྱུག་པའི་ཁོའི་རྩོམ་གྱི་ཐབས་རྩལ་དང་སྙན་མོ་ཚིག་གི་རྒྱུན་བུ་ལ། གཏིང་ཟབ་པའི་བརྗོད་བྱའི་བསྟན་དོན་སྣ་ཚོགས་ཀྱང་ལྗིད་ཏིག་གེར་བརྒྱུས་བྱུང་། སྐབས་འདི་ནས་བཟུང་ཁོའི་སྙན་ངག་གི་ཁྲོད་དུ། སློབ་ཆེན་པ་ཞིག་ནས་འབྲོག་པ་ཞིག་ཏུ་གྱུར་པའི། གྲོགས་པོ་ཀརྨའི་བདེ་སྐྱིད་མཐོང་དུ་ཡོད་ལ། ལྡོག་དུ་མེད་པའི་ལས་དབང་འདྲ་མིན་གྱིས་དེད་དེ། འཇིག་རྟེན་འདིའི་ཆོས་ཉིད་ཀྱི་བས་མཐའ་ལ་ལྷུང་བའི། སྙན་ངག་པ་ཚྭ་ཡི་ཚེ་སྲོག་གི་སྡུག་བསྔལ་ཡང་མཐོང་དུ་ཡོད་པས། ཁོའི་སྙན་ངག་དག་གིས་ཀློག་མཁན་ང་རང་། སྙན་ངག་གི་འཇིག་རྟེན་ཙམ་མ་ཡིན་པར། ཚེ་སྲོག་གི་ཟབ་ས་ཞིག་ཏུ་ཁྲིད་དེ། མི་ཚེ་ཡི་མྱོང་ཚོར་ཇེ་ཟབ་ཏུ་གཏོང་བར་བྱེད། གལ་ཏེ་སྔར་བཞིན་སྡོམ་ཚིག་ཅིག་འགོད་དགོས་ན། སྐབས་འདི་དག་ལ། ཁོ་ནི་བརྗོད་བྱ་གཏིང་ཟབ་པ་སྣ་ཚོགས་ལ་ཡང་འཇུ་བཞིན་པའི་སྙན་ངག་པ་ཞིག་རེད་སྙམ།
      ངས་ཁོའི་སྟེང་གི་གོ་རིམ་འདི་གཉིས་མཐོང་རྗེས། སྙན་ངག་གི་ལམ་གྱི་རིམ་པ་ཡང་། ཐོག་མའམ་གཞོན་དུས་སྙན་མོ་ཚིག་གི་རྩལ་དང་། རྩོམ་གྱི་ཐབས་རྩལ་མང་པོ་ལ་སྦྱོང་བ་ཐོབ་པར་བྱས་ཏེ། ཡུན་གྱིས་སྙན་ངག་གི་བརྗོད་བྱའི་བསྟན་དོན་དུ། མི་ཚེའི་འཚོ་བའི་ཁྲོད་ཀྱི་ཚེ་སྲོག་གི་མྱོང་བ་དང་། བསམ་གཞིག་གི་རྟོག་པ་སོགས།  སྙན་མོ་ཚིག་དང་རྩོམ་གྱི་ཐབས་རྩལ་སྣ་ཚོགས་ཀྱིས་བྲིས་ནས་འོང་པ་ཡིན་ན།  ཕུལ་དུ་བྱུང་བའི་སྙན་ངག་འབྲི་བའི་ལམ་གྱི་རིམ་པ་ཞིག་བརྒྱུད་ཐུབ་ཡོད་པའམ།  འདི་འདྲའི་ལེགས་པའི་རྒྱུ་ཚོགས་པའི་མཐའ་ལ། ད་གཟོད་ངེས་པ་དོན་གྱི་སྙན་ངག་པ་དང་། སྙན་ངག་འབྱུང་ཐུབ་པར་སྙམ།  ཡང་ན། ངའི་སྣང་ངོར་སྙན་ངག་པ་ཚྭ་ཡིས། ལམ་གྱི་རིམ་པ་འདི་འདྲ་ཞིག་རྒྱུད་བཞིན་འདུག་ལ། དེ་ཡིས། ཁོ་ནི་བོད་ཀྱི་སྙན་ངག་པ་དག་གི་ཁྲོད་ནས། འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཏུ་འགྱུར་གྱིན་ཡོད་པར་མ་ཟད། སྙན་ངག་གི་མཐོ་ཚད་ཅིག་ལ་ཡང་སྙེག་ཐུབ་ཀྱིན་ཡོད་པར་སེམས།
       ད་དུང་ཁོ་ནི། རྩོམ་སྟངས་གཅིག་གིས་སྙན་ངག་འབྲི་མཁན་ཞིག་མ་ཡིན་པར། སྙན་ངག་གི་རྩོམ་སྟངས་སྣ་ཚོགས་ལ་ཚོད་ལྟ་དང་། སློབ་པའི་ལམ་ལ་འཇུག་མཁན་ཞིག་རེད་པས། དུས་རྒྱུན་ཁོའི་སྙན་ངག་བཀླགས་ན། རྩོམ་སྟངས་སྣ་ཚོགས་པའི་སྙན་ངག་གི་ལོངས་སྤྱོད་མྱོང་དུ་ཡོད་ལ། མ་ཟད། ཀློག་མཁན་ང་ལ་རྒྱུས་ཡོད་མེད་ཀྱི་བརྗོད་བྱ་གང་ཞིག་ཡིན་ཡང་། ཁོའི་ཐུན་མིན་གྱི་བརྗོད་བྱེད་ཚིག་དང་། རྩོམ་གྱི་ཐབས་རྩལ་སྣ་ཚོགས་པ་དེ་དག་གིས་བསྟན་འོངས་པའི་ཚེ། རྒྱུས་ཡོད་ཀྱི་བརྗོད་བྱ་ཞིག་ཡིན་ཡང་། མྱོང་བ་སྔར་མེད་པ་ཞིག་དང། མཛེས་པ་གསར་བ་ཞིག་རོལ་དུ་འཇུག་པར་བྱེད། འདི་དག་ནི། ང་རང་ཁོའི་སྙན་ངག་ལ་དགའ་དགོས་པའི་རྒྱུ་མཚན་ཡང་ཡིན་སྲིད།
       ཁོའི་ཐེངས་འདིའི་སྙན་དེབ་དང་འབྲེལ་བ་ཡོད་མེད་མི་ཤེས་མོད། ཁོ་རང་སྙན་ངག་གསར་རྩོམ་ལ་འཇུག་པའི་ཐོག་མའི་དུས་ནས། ད་ལྟའི་བར་གྱི་ཁོའི་སྙན་ངག་མང་ཕྱོགས་བཀླགས་པའི་མྱོང་ཚོར་སྤྱི་རགས་པ་ཙམ་ཞིག་ལབ་ཁུལ་བྱས་ཚར། ད་དུང་།  བརྗོད་འདོད་པ་ཁག་ཅིག་ལྷག་འདུག་མོད། དེ་དག་ནི། སྙན་ངག་པ་ཚྭ་དང། ཁོའི་ཀློག་པ་པོ་རྣམ་པར་མཉམ་སྤྱོད་བྱེད་པའི་སྤོབས་པ་མི་འདུག་པས། རྗེས་སུ་གྲོགས་པོ་ཀརྨ་དང་མཇལ་ན་ལབ་པར་བྱའོ། །


གྲོགས་པོ་སྙན་ངག་པ་ཚྭ་ལགས་ཀྱི་སྙན་ངག་བསྡུས་དེབ་གཉིས་དང་འབྲེལ་བའི་ཞོར་འཕྲོས་མོལ་འཕྲོས། 

        འདིར་གུས་པའི་གྲོགས་པོ་སྙན་ངག་པ་ཚྭ་ལགས་ཀྱི་སྙན་ངག་བསྡུས་དེབ་《སྒྱུ་འཕྲུལ་གྱི་ཤན་པ།》དང་《ཟར་ནག་དཔྱིད་དཔལ།》་ཞེས་པ་གཉིས་དང་འབྲེལ་ནས་ཁོང་གི་སྐོར་ཅུང་ཟད་ཞུ་འདོད་པ་ཡིན་མོད།ད་བྱས་ན་གང་ཡང་ཞུ་རྒྱུ་མེད་པའང་འདྲ་སྟེ།ཁོང་ནི་མིའི་ནང་ནས་དོན་སྣ་ཚོགས་པར་བསམ་གཞིག་གནད་དུ་ཐིངས་པ་གཏོང་ཞིང་དེ་ཉིད་ཆུད་མི་ཟ་བ།རང་ལ་རང་གི་ལྟ་ཕྱོགས་ཐུན་མོང་མ་ཡིན་པ་ཡོད་ས།ནམ་དུ་ཡང་བརྟན་བརླིང་དང་ལྷུན་ཆགས་པོ།ལྷོད་ཤིག་གེར་ཡོད་པ་ཞིག་ཡིན་ལ།ཡང་ཁོང་ནི་སྙན་ངག་པའི་ནང་ནས་སྙན་ངག་གསར་རྩོམ་གྱི་ལས་ཀ་ལ་ཧ་ཅང་གཟབ་ནན་དང་ཞིབ་ཚགས་པོ།རིག་པ་སྔོན་དུ་སོང་བའི་སྒོ་ནས་འཇུག་མཁན་ཞིག་ཡིན་པས།གཞན་གྱི་རྗེས་ཟློས་བྱེད་པ་ལ་ཤིན་ཏུ་ནས་ཀྱང་འཛེམ་པ་ཞིག་ཡིན།དེ་བས་ན།ཁོང་གི་སྙན་ངག་གླེང་བ་ལ།ཟུར་ཕྱིན་པའི་དཔྱད་ཞིབ་དང་རྟག་འགྲུས་སུ་ཕྱིན་པའི་རྩོམ་རིག་གི་མཐོང་རྒྱ་ཞིག་མེད་ཚེ།གང་གླེང་བ་དེ་དག་ཀྱང་བབ་ཅོལ་དང་ཁ་ཕྱི་(མདོ་ལྷོའི་ཨ་མཆོག་གི་ཡུལ་སྐད་དེ།འདིར་གཏིང་མི་ཟིན་པའམ་མཐིལ་མི་ལོན་པ་ལ་གོ)ཙམ་ནས་ལུས་ཏེ་སྡོད་པ་ལས་ཁོད་ཆོད་པ་ཞིག་གླེང་དཀའ་བར་འདོད།
      ཁོ་རང་རྟག་ཏུ་མིའི་གནད་དོན་སྣ་ཚོགས་པའི་ཐད་ལ་བསམ་བློ་གཏོང་བར་དགའ་ཞིང་།དེའི་བསྐྱེད་འབྲས་ལྟ་བུའི་མཐོང་སྣེ་གང་ཞིག་སྒེར་བའི་སྙན་ངག་གསར་རྩོམ་གྱི་བྱ་བ་དང་སྦྲེལ་ཐུབ་པར་མ་ཟད། དེ་ཉིད་ཚུལ་བཞིན་སྙན་ངག་ཏུ་འཇུག་མཁས་པ་ཞིག་ཡིན་པས། ཁོང་གིས་ག་དུས་ཀྱང་སྙན་ངག་རེ་རེ་བཞིན་རང་གི་ཚེ་སྲོག་གི་མྱོང་བ་དང་རྟོགས་པའི་མཐོ་ཚད་ཅིག་སྤྱད་ནས་འབྲི་བཞིན་ཡོད། དེ་ལྟ་བུའི་སྙན་ངག་གི་བློ་འདྲིས་ཕུན་སུམ་ཚོགས་པ་དེར། མཚན་ཉིད་ཀྱི་ལྟ་སྟངས་གཏིང་ཟབ་པ་ལས་ཀྱང་ཤིན་ཏུ་ཡངས་པའི་འཆར་སྒོ་ཁྱད་པར་བ་ཞིག་ངེས་པར་མཁོ་སྟེ། ཁོ་རང་ལྟ་བུའི་སྙན་ངག་པ་ཞིག་ལ་མཚོན་ན། འཆར་སྒོས་ཟིན་དཀའ་བའི་གཏན་ཚིགས་མང་བོ་ཞིག་ནི་འགྲོ་མི་ཐུབ་པའི་མེ་འཁོར་ཞིག་ཏུ་བསྡད་པ་བཞིན་བེད་སྤྱོད་ཀྱི་ནུས་པ་ཡོངས་སུ་ཤོར་ནས་ཡོད་པ་ཞིག་ཡིན་པར་འདོད། 
    དེ་བཞིན་ཁོ་ནི་ཉི་མ་རེ་རེ་སྙན་ངག་གི་སེམས་ཁམས་ཀྱིས་བསུ་བར་གོམས་པའི་འབྲོག་པ་ཞིག་རེད། ཁོའི་འཚོ་བའི་གདམ་ཀ་ནི་སློབ་གྲྭ་ནས་རྩྭ་ཐང་དུ་སྤར་བའི་གོ་རིམ་ཞིག་སྟེ། དེར་ཁོ་རང་སློབ་མ་ཞིག་ནས་འབྲོག་པ་ཞིག་དང་། འདུ་འཛི་ནས་དབེན་པ་ལ་ཕྱོགས་པའི་བློ་ཁམས་ཤིག་འདུས་ཡོད། བར་སྐབས་ཤིག་ནས། ངེས་པར་འབྲོག་པ་ཞིག་བྱ་དགོས་སྙམ་པ་དེ་ཕལ་ཆེར་ཁོང་གི་ཕུགས་བསམ་ལྟ་བུ་ཞིག་ཏུ་གྱུར་ནས་འདུག་ལ། མི་རིང་བར་དེའང་མངོན་འགྱུར་བྱུང་བས། དེས་ཁོའི་སྙན་ངག་ལ་ཡང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་འགྱུར་བ་མང་བོ་ཞིག་ཐེབས་ནས་ཡོད་ཅིང་། ཁོ་དང་རང་རེའི་ན་མཉམ་སྙན་ངག་འབྲི་མཁན་གཞན་དག་བར་ལ་མི་འདྲ་བའི་ཆ་ཞིག་ཀྱང་ངང་གིས་བཏོད་ནས་ཡོད། དེ་ཡང་འདི་ལྟ་སྟེ། ང་དང་འདྲ་བའི་ན་གཞོན་སྐོར་ཞིག་ཡུལ་ནས་གྲོང་ལ་འཁྱར། གྲོང་ནས་སྔར་བཞིན་འཚོ་བའི་རྙོག་དྲྭ་མང་བོ་དང་འུར་ཟིང་མང་བོ་ཞིག་གིས་སྨྱོ་ལ་ཁད་དུ་བྱས། དེས་རང་གི་ཡི་གེ་རྩོམ་པའི་བྱ་བ་ལའང་ཐད་ཀ་རང་ནས་གེགས་བྱས་པ་སོགས་བྱུང་སྟེ། སེམས་ཁམས་ཀྱི་སྟེང་ལ་ཡིད་མི་ཚིམ་པ་དང་བློ་མ་རངས་པ། ཅི་འདི་མེད་པ། བདག་མེད་མགོན་བྲལ་ལྟ་བུའི་སྣང་ཚུལ་ཅི་རིགས་ལུ་གུ་རྒྱུད་དུ་བྱུང་བས། དུས་སྐབས་འདིའི་ནང་ན་ཉེ་བར་འཚོ་བའི་རང་དང་བཅས་པའི་མི་དག་གི་ལས་དབང་ནི་ཡུལ་གྱུར་བའི་ལས་དབང་འབའ་ཞིག་སྟེ། ཕ་ཡུལ་མེད་པའི་མི་ཡིན་ནོ་སྙམ་པ་སྐྱེས་ཏེ་བརྩམས་ཆོས་རིང་ཐུང་གང་བྲིས་པ་ཀུན་ཀྱང་དེའི་ཤན་གྱིས་ཟིན་པར་གྱུར་བ་ཞིག་བྱུང་ཡོད་མོད། (མ་མཐའ་ང་རང་སྒེར་ངོས་ནས་ད་ཆ་དེ་འདྲ་ཞིག་ཏུ་གྱུར་ནས་འདུག) ཁོ་རང་འབྲོག་ལ་ལོག་པ་ནི། ང་ཅག་དང་བསྡུར་ན་ལྟོས་བཅས་ཀྱིས་བག་ཅུང་ཡངས་པ་དང་གཞན་ལ་བརྟེན་མི་དགོས་པའི་འཚོ་བ་རོལ་སྟངས་ཤིག་ལ་ཉེ་བར་བཅར་བ་དང་འདྲ་བོ་ཡོད་པས། གྲོང་དུ་སྡོད་པ་ལྟ་བུའི་དུས་ཚོད་ཀྱི་སྒྲོམ་གཞི་དེའི་རྒྱ་ཡང་གཏོར་ནས་ཡོད་པ་ལྟ་བུ་ཞིག་ཏུ་གྱུར་ནས་ཡོད། དེ་བས། ཁོང་གི་སེམས་ཁམས་ཀྱི་ངོས་ནས་གཉའ་ཞུམ་པ་དང་ཡུལ་བོར་བ། ལྷོད་ལ་འབབ་མི་ཐུབ་པ་ལྟ་བུའི་སྣང་ཚུལ་ངན་ངོན་དེ་དག་མེད་པར་མ་ཟད། ལྡོག་སྟེ་ཁོང་གིས་བར་སྐབས་ཤིག་ནས་ “འཇིག་རྟེན་གྱི་ལྟེ་བ་ནི་རང་ཁྱིམ་མོ་” ཞེས་པ་དང་། “ངེས་དོན་གྱི་སྒྱུ་རྩལ་བ་ནི་དཀའ་ཐུབ་པ་ཞིག་གོ་” ཞེས་པ། ཡང་ “སེམས་ན་གངས་རི་ཆེན་པོ་ཞིག་གྱེན་དུ་འགྲེངས་ནས་ཡོད་པའི་མི་ཞིག་གྲང་ག་ལ་སྲིད་” ཅེས་པ་སོགས་སྤྱིར་བཏང་གི་ཁ་བརྡ་དག་གི་ཁྲོད་དུའང་མང་ཙམ་བྱུང་ལ། སྙན་ངག་དག་ཏུ་ཡང་དེའི་བསྐྱེད་འབྲས་ལྟ་བུའི་ཁམས་ཤིག་ལྷང་ངེར་ཐོན་བྱུང་བར་སྙམ། ཡུན་གྱིས་ཁོང་རྟ་མཆོག་དང་གཞི་བདག  འབྲོག་པའི་ཁ་མཚར་ཀུ་རེ་རྩེད་སྟངས་སོགས་ཀྱི་ཐད་ལ་བསམ་བློ་གཏོང་བར་དགའ་བོ་བྱུང་ཞིང་། ཁོ་ལྟར་ན་དེ་རུ་མི་གཤིས་ཀྱི་གཏིང་ལྟ་བུའི། རིག་གནས་ཤིག་གི་རྫོང་ལྟ་བུའི། རྩོམ་མཁན་ཞིག་གི་གཏེར་ལྟ་བུའི། རིན་པོ་ཆེ་མང་བོ་སྤུངས་ཡོད་པར་འདོད་ཅིང་། དེས་ཐད་ཀར་ཁོང་གི་སྙན་ངག་ལ་བྲོ་བ་དང་ཉམས་སྣང་། ཁྱད་ཆོས་གཞན་ཞིག་བྱིན་ནས་ཡོད། གང་ལྟར། འདིའི་རིགས་ལབ་ཚེ། སྐད་ཆ་མང་བོ་ཡོད་པ་འདྲ་ལ་དེ་དག་བཤད་ཤེས་པ་འདྲ་ལ་མི་ཤེས་པ་ཡང་འདྲ་བས། དེ་ལ་རེ་ཞིག་ཚོད་དཔག་ལྟ་བུའི་གླེན་བཤད་ཐུང་ངུ་འདི་ཙམ་གྱིས་འཐུས་པར་བྱ། 
   ཁོང་གི་སྙན་ངག་ནི་ཡུལ་དུས་ཀྱི་རྒྱ་ཆེན་པོ་ཞིག་གི་ཁྲོད་དུ་གནས་པའམ། ཡང་ན་དེ་ལས་འདའ་ནས་ཡོད་པས། དེ་ལ་མྱོང་སྣང་ཉི་ཚེ་བ་ཙམ་ཞིག་ལས་དཔྱད་ཞིབ་དཔྱད་བརྗོད་བྱེད་པ་ནི་ང་རང་ལྟ་བུ་དག་གིས་འོང་དཀའ་བ་ཞིག་རེད། དེ་ལྟ་མོད། ཁོང་གི་སྙན་ངག་གི་ཐབས་རྩལ་དང་ཁྱད་ཆོས་དེའང་ཁོང་གི་འཚོ་བ་དང་སེམས་ཁམས། མཐོང་སྣེ་དང་ཐད་ཀར་འབྲེལ་བསྡད་ཡོད་པ་ཞིག་ཡིན་པས། ཁོང་གི་སྙན་ངག་ལ་རྒྱུས་དེ་ཙམ་མེད་པ་དག་ལ་མཚོན་ན་དེ་རིགས་གླེང་བ་ནི་ཁོའི་སྙན་ངག་གི་འཇུག་སྒོ་ལྟ་བུར་མཐོང་སྟེ། ཅུང་ཟད་སྤྲོས་ན་སྙམ་པ་ཡིན་མོད། ད་བྱས་ན་གུས་པ་རང་གི་རྩོམ་རིག་གི་མཐོང་རྒྱ་དང་བློ་སྦྱོང་སོགས་ཀྱི་ཚད་བཀག་གིས་སྨྱོན་པའི་ལབ་བརྡོལ་རང་ལས་གང་ཡང་ཡོང་གི་མེད་པས་མི་ལབ་པར་བྱ། ཡང་སྒོས་ད་རེས་ཁོམ་ལོང་བྲལ་བའི་བྲེལ་ཟིང་གི་དུས་ཚོད་ཅིག་དང་སྟབས་ཁེལ་བས། སྤྱིར་གྱི་ཞིབ་མོ་དེ་ཙམ་ཕར་ཞོག་རང་ངོས་ནས་ཞིབ་མོ་ཞིག་བྱས་ན་སྙམ་པ་དེའང་ཡོང་གི་མེད་པས་ཚོད་འདི་ཙམ་གྱིས་བཟུང་བ་ཡིན་ནོ། ། 
     མདོར་ན། རང་ངོས་ནས། ཁོང་གི་སྙན་ངག་བསྡུས་དེབ་འདིས་རང་རེའི་སྙན་ངག་གི་སྡིངས་ཆར་བྲོ་བ་ཤས་གཅིག་དང་ཁ་དོག་སྣ་གཅིག་ཇེ་མང་དུ་བཏང་ནས་ཡོད་པའི་ཡིད་ཆེས་དང་སྨོན་འདུན་ཞུས་པ་ལགས་ན། ཀུན་ཀྱང་བཀྲ་ཤིས་པར་གྱུར་ཅིག་ཅེས་ལྐུགས་པ་རུ་འབོད་པས་ཕུལ་བའོ།
། 
                     རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas