དཔེ་འཕྲིན། སྒེའུ་ཡོལ་སྔོན་པོ།

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།


དཔེ་འཕྲིན། སྒེའུ་ཡོལ་སྔོན་པོ།


                    རྩོམ་པ་པོ། འོད་ཟེར་ལྗང་གུ


       རྒྱ་ཆེའི་ཀློག་པ་བོ་རྣམས་ལ་ཞུ་གསོལ། ཐེངས་འདིར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་སྙན་ངག་པ་འོད་ཟེར་ལྗང་གུའི་སྙན་དེབ་《སྒེའུ་ཡོལ་སྔོན་པོ་》ཞེས་པ་ད་ལྟ་གཞི་ནས་སྤྱི་ཚོགས་ཀྱི་ས་གནས་སོ་སོར་བཀྲམ་ཐུབ་པ་བྱུང་ཡོད། དེབ་འདི་ནི་རྩོམ་པ་བོས་ལོ་ངོ་བཞིའི་རིང་ལ་སྙན་ངག་ལྔ་བརྒྱ་ལྷག་བྲིས་ཡོད་པ་ལས་བརྒྱ་ཙམ་བསྡུས་ཏེ་གྲུབ་པ་ཞིག་ཡིན་ཕྱིར་སྙན་རྩོམ་ལེགས་ཤིང་། དེབ་གཞིའི་ཇུས་འགོད་དང་ཤོག་བུ་སོགས་ཀྱི་སྤུས་ཀ་བཟང་བ་མ་ཟད། ཉིན་བདུན་རིང་དཔེ་སྐྲུན་ཁང་ནས་ཐད་ཀར་དཔེ་ཆ་སྡེབ་འཚོང་གི་བྱེད་སྒོ་ཞིག་ཀྱང་སྤེལ་བཞིན་ཡོད་པས། རྒྱ་ཆེའི་དཔེ་འཚོང་ཁང་སོ་སོས་གོ་སྐབས་དམ་འཛིན་གནང་རོགས་ཞུ།   བྱེད་སྒོའི་དུས་ཡུན།    (2021.5.1-5.7བར་ཡིན།) 
རྩོམ་པ་བོ་གཞན་གྱིས་སྙན་དེབ་འདི་ལ་གནང་བའི་གདེང་འཇོག
 
སྒེའུ་ཡོལ་སྔོན་པོཞེས་པའི་སྙན་དེབ་ཆུང་ཆུང་འདི་ནི་རྩོམ་པ་པོས་ལོ་ངོ་དུ་མའི་རིང་ལ་བྲིས་པའི་སྙན་ངག་རྩེ་གྲས་རྣམས་ཕྱོགས་བཏུས་ཀྱིས་པར་དུ་བསྐྲུན་པ་ཞིག་ཡིན་ལ། རྩོམ་སྒྲིག་བྱ་བའི་གོ་རིམ་ཁྲོད་ཞུ་དག་དང་ཇུས་འགོད་སོགས་ལའང་སྔ་ན་མེད་པའི་ཚོད་ལྟ་མང་པོ་བྱས་ཡོད། ཁོང་ནི་གནའ་དེང་ཟུང་འབྲེལ་གྱིས་རྩོམ་རྩལ་འདོན་པར་དགའ་ཞིང་། དེའི་རྩལ་གྱི་ནུས་པ་ཤིན་ཏུ་ཐོན་ཡོད་པར་སྙམ། ཁོང་གི་རྩོམ་གཤིས་ཕལ་ཆེར་ལ་གནའ་བོའི་སྙན་ཚིག་དང་ལྟ་མགུར་གྱི་གྲུང་ཉམས་དོད་པོར་བྱས་པས། ཀློག་པ་པོ་རྣམས་ལ་རྟོག་སྣང་དང་ཚོར་སྣང་སྣ་ཚོགས་ཀྱི་མྱོང་བ་ཞིག་སྦྱིན་ངེས་སྙམ།                                                         ཞེས་དེབ་འདིའི་རྩོམ་སྒྲིག་པ་ཀུན་དཔལ་ཚེ་རིང་གིས་བྲིས།
“བདག་གིས་སྙན་ངག་བསྡུས་དེབ་འདི་ཆ་ཤས་གསུམ་གྱི་སྟེང་ནས་ངོ་སྤྲོད་པར་འདོད་དེ། དང་པོ་ནི་གངས་རི་དང་། གཉིས་པ་ནི་ཕྱིར་དྲན་དང་། གསུམ་པ་ནི་ཚགས་དམ་པའོ། །ཆ་ཤས་འདི་གསུམ་ནི་སྙན་དེབ་འདི་གྲུབ་བྱེད་ཀྱི་རྒྱུ་གཙོ་བོ་གསུམ་དུ་མ་ཟད། སྙན་དེབ་འདིའི་སྟེང་གི་མཛེས་པ་བླ་ན་མེད་པ་གསུམ་དང་། མི་སེམས་ལ་ཚོར་བ་སྟེར་བའི་ཆོ་འཕྲུལ་བཟློག་ཏུ་མེད་པ་གསུམ་ཡང་ངོ་། །” ཞེས་དང་།“འོད་ཟེར་ལྗང་གུའི་སྙན་ངག་ལ་མཚོན་ན། གངས་རི་ནི་མགོ་མིན་ན་རྐང་བ་ཡིན་སྲིད་ལ། ཡན་ལག་མིན་ན་ཉིང་ལག་ཡིན་ངེས། ཁ་བྱང་མིན་ན་མཇུག་བྱང་ཡིན་ངེས་ལ། དངོས་བསྟན་མིན་ན་ཤུགས་བསྟན་ཡིན་ངེས། དེ་ལས་སྙན་ངག་པ་འདིས་གངས་རི་ལ་བཅངས་པའི་བརྩེ་དུང་ནི་གཞན་ལས་ཁྱད་ཆོས་ཅན་ཞིག་ཏུ་གོ་ཐུབ་པ་མ་ཟད། ཁོའི་སྙན་ངག་གི་བྱ་བྱེད་ཐམས་ཅད་གངས་རི་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ལས་བྱུང་བ་ཤེས་ཐུབ།” ཅེས་དང་། 
ཡང་། “དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཆེན་པོ་དེས། མི་རྣམས་ཐབས་ཤེས་མེད་པར་ངེས་མེད་དུ་འདེད་དུས། དྲན་པ་ནི། རང་ཚུགས་ཆེན་པོས་ཕྱིར་འཁོར་ཚུལ་ཡང་ཡིན་ཏེ། དེ་ནི་རྩོམ་པ་པོས་ཁོ་བོའི་སེམས་ནི་ཡང་ཡང་ཕྱིར་ཕྱིར་ལྡོག །སྨྱོས་པ་ལྟ་བུའི་མེ་འཁོར་མདུན་དུ་མཆོང་། །ཟེར་བ་ལྟ་བུའོ། །ཚུལ་དེ་དཔལ་ནག་མོ་ཁོལ་གྱིས། ལུས་ནི་མདུན་དུ་འགྲོ་བྱེད་ཅིང་། །སེམས་ནི་རྒྱབ་ཏུ་སླར་རྒྱུག་པ། །ལྡོག་སྟེ་རླུང་གིས་འཁྱེར་བ་ཡི། །རྒྱ་ནག་དར་གྱི་བ་དན་བཞིན། །གསུངས་པ་དང་ཡང་ཅིས་མི་འདྲ།”“གསུམ་པ་ཚགས་དམ་པ་ནི། རྗོད་བྱེད་ཀྱི་ཞུན་ཐར་ལ་བྱ་སྟེ། ཚིགས་བཅད་སྙན་ངག་ལ་མཚོན་ན་དེའི་ཁྱད་ཆོས་གཙོ་བོ་གཅིག་ནི་རྗོད་བྱེད་ཀྱི་སྟེང་ན་ཡོད་ཅིང་། དེ་ནི་ཚིག་རྐང་རེ་རེ་ཞུན་ཐར་ཆོད་པའི་སྒོ་ནས། ཚིག་དང་ཕྲད་སྡུད་སྟངས། རྐང་བའི་འདེགས་འཇོག སྒྲ་རྒྱན་སྤྲས་ཚུལ་སོགས་ཚད་དང་རན་པ་ཞིག་དགོས་པ་ཡིན། སྙན་དེབ་འདི་ལས་བྱུང་བའི་སྙན་ངག་ཕལ་མོ་ཆེ་ནི་དེ་ལྟའི་ཁྱད་ཆོས་འབུར་ཐོན་དུ་ཡོད་པ་ཤ་སྟག་ཡིན་ལ། ཚིག་རྐང་རེ་རེ་སེར་སྣ་ཅན་ཞིག་གིས་འགྱེད་གཏོང་བ་བཞིན། འཐད་ཅིང་རན་པར་བྱས་ཡོད་པས་ལྷག་པ་དང་ལྷུག་པའི་སྐྱོན་མེད་པ་ཡིན། སྙན་ངག་འདི་དག་ཀློག་དུས་ཀློག་མཁན་ཉིད་རང་དབང་མེད་པར་གཟབ་ནན་ལྟ་བུ་ཞིག་ཏུ་འགྱུར་ཏེ། དེ་ནི་སྙན་ངག་གི་རྗོད་བྱེད་དག་གཟབ་ནན་ཡིན་པ་དང་། དེ་ཡང་རྗོད་བྱེད་དག་སྡེབ་དུས་རྩོམ་མཁན་ཉིད་གཟབ་ནན་ཡིན་པ་སོགས་ལས་བྱུང་བ་ཡིན། སྤྱིར་ཚིག་ཕྲད་སོགས་ལ་དང་དོད་མེད་པར་གཡོས་རྒྱུ་བཞིན་ནར་ནར་དུ་ཡོང་བ་ནི་ཚིགས་བཅད་སྙན་ངག་གི་སྐྱོན་ཆེན་པོ་ཞིག་ཏུ་བདག་གིས་འདོད།”
—— རྩོམ་པ་བོ་འཆིང་གྲོལ་ལགས་ཀྱིས་བྲིས་པའི་འོད་ཟེར་ལྗང་གུའི་སྙན་དེབ《སྒེའུ་ཡོལ་སྔོན་པོ་》བཀླགས་པ་ཞེས་པ་ལས་དྲངས།
“ཁོང་གི་སྙན་ངག་འདི་དག་གི་སྐྱ་རིས་ལྟ་བུའི་བབ་ཆགས་པའི་ཚིག་སྦྱོར་དང་། ཆུ་ཚོན་ལྟ་བུའི་རྒྱང་ནས་རོལ་མྱོང་བྱེད་དགོས་ཀྱི་རབ་རིབ། ཡི་གེའི་གཏིང་རུམ་ན་རྒྱུ་བའི་རྨི་ལམ། ལྷག་མ་མེད་པར་མཚོན་པའི་སེམས་འགྱུ་ཕྲ་རགས་སོགས་ཀྱིས། ཅི་ཙམ་སྤྱད་ཀྱང་སུན་པ་བྲལ་བའི་སྙན་ངག་གི་རི་མོ་རེ་རེ་ལེགས་པར་བཞེངས་པ་ལ་ད་ནི་སུས་ཀྱང་བསྙོན་པར་མི་ནུས་སོ་སྙམ།  དེ་མ་ཟད་བློ་བཟང་ཚུལ་ཁྲིམས་ཀྱི་སྙན་ངག་《གྲོགས་པོ》དང་《ལྷ་ས་》《སྐྱེལ་མ་》སོགས་མང་ཆེ་བར་ཆུ་ཡི་ཟེར་མ་དང་། ལ་མགོའི་སྨུག་བུན། འདབ་ལོའི་ཟིལ་བ་དང་། ཁོང་དུ་སྦས་པའི་འགྱུར་བ་ལྟ་བུའི་སྒྱུ་རྩལ་གྱི་མཛེས་པ་ཡོངས་སུ་རྫོགས་པས། བདག་ལ་མཚོན་ན་ཁོང་གི་སྙན་ངག་རེ་རེ་བཀླགས་ཚེ། འདི་ཡང་རང་ཉིད་ཀྱིས་འབྲི་འདོད་ཡོད་ཀྱང་ཇི་ལྟར་འབྲི་དགོས་མ་ཤེས་པའི་སྙན་ངག་གི་རི་མོ་ཞིག་དང་མཇལ་བའོ།། འདི་ཡང་། སྙམ་པའི་སེམས་འགྱུ་རེ་རེ་བཟློག་མེད་དུ་འབྱུང་བཞིན་འདུག་གོ །”
—— རྩོམ་པ་བོ་བྱ་མདོ་རབ་རྒྱས་ལགས་ཀྱིས་བྲིས་པའི་《སྙན་ངག་པ་དང་རི་མོ་བ།》ཞེས་པ་ལས་དྲངས།
                 རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas