དཔེ་འཕྲིན། རླུང་ནང་གི་གླུ་བ།

    སྐུ་དྲག་གི་སྙན་དེབ«རླུང་ནང་གི་གླུ་བ»དང་དེར་བྲིས་པའི་ལྗང་བུའི་འགོ་བརྗོད།


      དེའང་སྙན་དེབ་འདིར་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ནས་ཉིས་སྟོང་ཉི་ཤུ་ལོའི་ལོ་དཀྱིལ་བར་བྲིས་པའི་སྙན་ངག་དག་བཀོད་ཡོད་ཅིང་། ད་ལྟ་པར་སྐྲུན་གྱི་གོ་རིམ་གྱི་ཡོད་ལ་ཉིན་འགའི་རྗེས་བོད་ཁུལ་གྱི་ས་གནས་སོ་སོར་བཀྲམ་ཐུབ་བོ།།

ངས་དེབ་འདི་ལྟ་ཀློག་བྱས་ཚུལ།

     སྐུ་དྲག་གི་སྙན་དེབ«རླུང་ནང་གི་གླུ་བ»དང་དེར་བྲིས་པའི་ལྗང་བུའི་འགོ་བརྗོད།

      དེ་ཡང་ཕལ་ཆེར་ཟླ་ངོ་གཉིས་གསུམ་ཞིག་གི་སྔོན་ཡིན་པར་ཡོད། དེབ་འདི་རྩོམ་པ་པོས་པར་གཞི་ཇུས་འགོད་རགས་རིམ་ཚར་གྲུབ་བྱུང་ཡོད་པའི་མ་ཡིག་ཅིག་སྐད་འཕྲིན་ཐོག་ང་ལ་བཏང་ཡོང་ནས།  ཐོན་འགྱུར་དེབ་དེའི་འགོ་བརྗོད་ཀྱི་དོད་དུ་ཡི་གེ་ཁ་ཤས་བྲི་དགོས་ཚུལ་གྱི་རེ་སྐུལ་འདྲ་ཞིག་བྱས་སོང་།   དེ་ནས་རིམ་གྱིས་འགོ་བརྗོད་དེ་གང་མགྱོགས་མགྱོགས་ངང་གཏོང་རོགས་ཞེས་ཚ་འདེད་འདུག་བཟོད་མེད་པ་རེ་གཏོང་སྟངས་ལ་བལྟས་ན་ནི་ངས་ཁོ་པར་བུ་ལོན་ཕོན་ཆེན་བསགས་ཡོད་པ་འདྲ་པོ་འདུག།
 
      འོན་ཀྱང་། ཚ་འདེད་བྱེད་པ་ཙམ་ལས་ཁོ་རང་གི་རྩོམ་ཡིག་དེ་ཚོའི་རྒྱབ་ལྗོངས་དང་ཡང་ན་རྩོམ་པ་པོ་ཁོ་རང་གི་གནས་སྟངས་གནས་བབ་ལ་སོགས་ང་ལ་བློ་སྐྱེད་ཕན་ཐོགས་ཡོང་སྲིད་ཀྱི་གནས་ཚུལ་སྤུ་ཉག་ཙམ་ཡང་མཁོ་འདོན་བྱས་མ་སོང་།  དུས་ཡུན་གང་འཚམས་ཤིག་གི་རིང་ལ་ངས་ནི་དེབ་འདིའི་སྐོར་འབྲི་བར་མཚམས་གང་ཞིག་ནས་ལག་པ་འཆང་དགོས་མ་ཤེས་པར་སེམས་ཁྲལ་འདྲ་ཞིག་གི་ཁྲོད་དུ་སྡོད་དགོས་འཁེལ་སོང་།   ཕལ་ཆེར་དེ་རིང་ནས་བརྩིས་པའི་བདུན་ཕྲག་གཉིས་ཙམ་གྱི་ཡར་སྔོན་ལ།  ངས་རྒྱབ་ཤ་དང་ནང་སྙིང་གི་བཀོད་པས་མཚོན་གནས་ཚུལ་ཏོག་ཙམ་གཏོང་རོགས་ཞེས་ཁོ་པར་རེ་སྐུལ་བྱས་པར་ཁོས་རྒྱབ་ཤའི་འདྲ་པར་གཉིས་བཏང་བའི་རྗེས་ལ་མུ་མཐུད་ནས་བུ་ལོན་སྙེགས་ཀྱིན་བསྡད་བྱུང་།།  སྐབས་དེར་།  ངའི་སེམས་ལ་ཁས་ལེན་དམ་བཅའ་བྱས་པའི་དོན་དག་ཡོད་ཚད་འལ་འོལ་རྒྱང་སྐྱུར་མི་བྱེད་པར་དོ་བདག་རྣམས་ལ་རེ་རེ་བཞིན་དུ་ལས་ཁྲལ་མཇལ་རྒྱུ་དེ་ཡང་མཚམས་མཚམས་ལ་རང་སྡུག་རང་ཉོ་ལས་སྙིང་པོ་གཞན་གང་འདུག་བསམ་བསམ་འདྲ་ཡང་ཤར་བྱུང་།།
 
       གང་ལྟར་། ང་རང་དེབ་འདི་ཀློག་མཁན་ཐོག་མའི་གྲས་སུ་ཚུད་ཡོད་པར་གདོན་མི་ཟ།  དེ་བས་རྩོམ་པ་པོས་ང་ལ་གུས་མཐོང་དང་ཡིད་ཆེས་དུས་མཉམ་དུ་སྤྲད་པར་ཐུགས་རྗེ་གཏང་རག་གི་ཚིག་འདི་སྔོན་ལ་མངགས་རྫོང་བྱས་པ་ཡིན། “ ཁ་དྲོ།   ཐུགས་རྗེ་ཆེ། ”
 
       ཏག་ཏག་ལོ་གཅིག་སྔོན་གྱི་དེ་རིང་ད་ཚོད་ཅིག་ལ།  ང་རང་ཆུང་དུས་སྐྱེ་འཚར་བྱུང་སའི་རྨ་ལྷོ་སོག་རྫོང་ཟེར་པ་དེར་བསྐུང་ཚོགས་བྱས་པའི་རྩོམ་རིག་འདུ་འཛོམས་ཆུང་ཆུང་ཤིག་གི་སྐབས་སུ་ང་དང་དེབ་འདིའི་རྩོམ་པ་པོ་ཕན་ཚུན་ངོ་ཤེས་པ་བྱུང་ཞིང་།  དེ་དུས་ང་ཚོ་ལ་དངོས་བརྒྱུད་གང་རུང་ཐོག་ཆུ་ཚོད་ཁ་ཤས་རིང་ཅི་འཕྲོས་མོལ་འཕྲོས་ལ་མགོ་འཁོར་སྡོད་པའི་གོ་སྐབས་ཤིག་བྱུང་མྱོང་། ཁོ་སྐྱེ་སའི་འབྲོག་ཚོ་དེ་ནི་ང་ཆུང་དུས་བསྡད་མྱོང་བའི་ས་ཆ་ཞིག་ཡིན་འདུག་ལ།  ཁོའི་སྤོ་བོ་རྨོ་རྨོ་དང་ང་ཚོ་ཕལ་ཆེར་མི་ཐོག་གཅིག་ཡིན་འདུག  གང་ལྟར་ནམ་རྒྱུན་གྱི་བཤད་ཚུལ་ལྟར་ན་ངེད་གཉིས “ ཕ་ཡུལ་གཅིག་པ ”ཟེར་པ་དེ་འདྲ་ཡིན་འདུག དེ་དུས་ང་རང་ཡར་མར་འགྲོ་སྐྱོད་ལ་ཡང་ཁོས་རླངས་འཁོར་གྱི་མཐུན་སྦྱོར་འཁྱུག་ཙམ་བྱས་མྱོང་། དེ་ཡང་མ་བརྗེད་པར་སེམས་ལ་ཉར་བསྡད་ཡོད།།
 
       ཁོ་པ་ནི་གཞན་གྱི་དྲི་བར་དྲིས་ལན་ཁ་གསལ་དེ་འདྲ་རྒྱག་འདོད་མེད་མཁན་ཞིག་མིན་ནམ་སྙམ་པའི་བག་ཆགས་སམ་བསམ་ཚོར་ཞིག་དེ་དུས་ང་ལ་བྱུང་། དེ་བས་ཁོ་པ་ཡང་སྙིང་ལས་རིགས་ག་རེ་གཉེར་མཁན་ཞིག་ཡིན་མིན་ངས་ཧ་གོ་མ་སོང་།  ངའི་དྲན་པའི་སྦུག་ལ་གསོག་ཉར་བྱས་ཡོད་པའི་གནས་ཚུལ་དག་གུང་བསྒྲིགས་ནས་བཤད་ན།  ཁོ་ནི་རྩོམ་རིག་ལ་དགའ་ཞེན་དང་ཡང་ན་དོ་ཁུར་ཤུགས་ཆེན་བྱེད་མཁན་ཞིག་དང་། གློག་བརྙན་ཞིག་དང་ཡང་ན་ཁ་ཤས་འཁྲབ་མྱོང་མཁན་ཞིག་ཡིན་པ།  བླ་བྲང་དགོན་པའམ་ཡང་ན་དགོན་པ་དེའི་ཉེ་ལོགས་ཤིག་ལ་ཡང་ན་དགེ་རྒན་ཡང་ན་སློབ་ཕྲུག་བྱས་མྱོང་པ་ཞིག་རེད་འདུག། སྟབས་ཡག་ནས་གསར་བརྗེའི་སློབ་གྲྭ་ལ་ནི་ཞེ་དྲགས་འགྲོ་མྱོང་ཡོད་ཚོད་མི་འདུག།།
 
       རྩོམ་པ་པོ་ཁོའི་སྨྱུག་མིང་ལ་གཅིག་ལྟོས་དང་། སྤོབས་པ་ཆེན་པོས་བྲང་ཁོང་ཤོང་མི་ཤོང་བྱེད་པའི་ཕོ་གསར་ཞིག་མིག་ལམ་ལ་ཤར་མི་ཡོང་ངམ། ཁོང་ནི་དངོས་གནས་ཕོ་གསར་ཕྱི་ནང་གཉིས་ཀ་རྫིག་མདོག་ཁ་པོ་ཞིག་འདུག “ སྐུ་དྲག ”ཅེས་པའི་སྨྱུག་མིང་དེ་ཙམ་གྱིས་ཀྱང་ང་རང་ལྟ་བུའི་རང་ཉིད་རྕྭ་ཕྲན་དང་མྱུ་གུ་ཆུང་ཆུང་ཡིན་བསམ་མཁན་གྱི་ཁ་གནོན་རང་དུ་ལངས་མི་འདུག་གམ། མ་ཟད།“ ངའི་སྔུན་ནས་དངོས་པོ་ཡོད་ཚད་སྙི་མོ་ཡིན”ལྟ་བུས་ཀྱང་ང་ཚོར་བློ་བསྐྱེད་གང་འཚམས་ཤིག་སྤྲད་མི་ཡོང་ངམ། ངར་ངར་རྫིག་རྫིག་གི་ཚིག་འདི་ནི་དེབ་འདིའི་ཁ་ཕྱེས་པ་དེ་གར་མིག་ལམ་དུ་མཆོངས་ཡོང་མཁན་ཞིག་སྟེ། དེབ་འདིའི་ནང་གི་སྙན་ངག་ཐོག་མ་དེ་རེད། སྙན་ངག་དེའི་ནང་གི “ ང ” དེ་ནི་གཅོད་པ་རྣམས་ཀྱི་སྟ་རེ་དང་འདྲ་བ་རྣམས་ཀྱི་སོག་ལེར་སྤྲུལ་བསྒྱུར་གྱིས་གཏུབ་གཅོད་གཙུབ་བརྡར་གང་ལ་ཡང་ཐོགས་རྡུགས་མེད་པའི་བཟོ་ལྟ་སྟོན་པ་ཞིག་བྲིས་མི་འདུག་གམ།   འོན་ཀྱང་།  ལྗིད་ཁོག་ཚ་མདོག་ཁ་པོའི་ངག་གི་བརྗོད་པ་དེ་ཚོ་ནི་དོན་ལ་མཚན་གྱི་མུན་པའི་ཁྲོད་གཅིག་པུར་བསྐྱོད་དུས་སྣ་གླུ་ཐན་ཐུན་འཐེན་ནས་རང་ལ་སྙིང་ཕུར་རྡེབ་པའམ་ནང་སེམས་ཀྱི་སྡར་མའི་ངང་ཚུལ་འགེབ་བྱེད་རང་མགོ་རང་གཡོག་བྱེད་པ་ཞིག་མིན་ནམ་སྙམ་པའི་དོགས་པ་ཡང་བསླངས་བྱུང་ལ། དོགས་པ་དེའི་ཁུངས་སྐྱེད་གཙོ་བོ་ནི་དེའི་གཞུག་གི་སྙན་ངག་ཕལ་ཆེར་ཁ་རི་ཁ་ཐུག་གི་ཁ་ཕོ་དེ་རིགས་དང་རྒྱང་ཐག་རིང་པོར་ཆགས་འདུག་པ་དེ་ཡིན་།། དེ་བཟང་རྟགས་ངན་རྟགས་གང་ཡིན་ཡང་བཤད་ཚོད་ཐིག་མ་སོང་།།
 
ཁོས་འདི་ལྟར་ཡང་བཤད་འདུག   “རྨི་ལམ་ལས་བཞེངས་པའི་ཞིང་ཁམས་ཤིག་ཏུ/ང་རང་ནད་ཀྱིས་མནར་ཏེ/
སྐད་ཆ་ལྡབ་ལྡིབ་འགའ་སྨྲས་ཚེ/མི་རྣམས་ཀྱིས་ང་རང་སྐྱེས་མ་ཐག་ནས/ནད་པ་ཞིག་ཡིན་པ་ཤེས་མི་སྲིད་་་་”

        ངས་དང་ཐོག་དེབ་འདི་བམ་ཀློག་ཙམ་བྱས་པ་ཡིན་ཏེ། སྐབས་རེར་འོད་ཀྱི་ཐིག་ལེ་འགའ་ཤས་འཚེར་འཚེར་བྱེད་པ་མཐོང་པ་དང་།  ལན་རེར་གླུ་སྐད་དང་གཞས་ཚིག་འདྲ་མིན་རྒྱུ་སྤུན་འཐབ་འཐབ་བྱེད་པ་འདྲ་པོའང་ཚོར་གྱིན་འདུག  ཡིན་ན་ཡང་ཐ་སྙད་དང་། ཚོར་འདུ་དང་། མཚོན་དོན་དང་།  གཟུགས་བརྙན་སྣ་ཚོགས་དང་རྣམ་རྟོག་གི་སྤྲོ་སྡུད་སོགས་གང་འཚམས་ཤིག་ནི་ང་རང་ལ་རྒྱུས་མངའ་ཆེ་ཙམ་ཡོད་པའམ་ཡང་ན་དེ་ཚོ་ང་ཡི་འདས་ཟིན་པའི་དུས་ཀྱི་དྲན་ཤེས་དང་ཉམས་ལེན་སོགས་གང་རུང་ཞིག་གི་སྐབས་སུ་ཐུག་ཕྲད་བྱུང་མྱོང་པ། ཐ་ན་ང་དང་ཁོང་ཚོ་ཕན་ཚུན་ངོ་ཤེས་གྲབས་ཤེས་གྲབས་བྱེད་པ་འདྲ་ཞིག་དཀྱུས་གཅིག་ཏུ་ཚོར་ཐུབ་པ་བྱུང་ལ། ཚོར་བ་དེ་རིགས་དང་འབྲེལ་བའི་རིགས་འདེད་དམ་ཚོད་དཔག་ཁྱད་མཚར་པོ་རེ་ཡང་བྱེད་དགོས་པ་བྱུང་སོང་ཞེས་བཤད་དགོས་བྱུང་།། བསམ་བློ་ཞིབ་ཏུ་བཏང་ན་ངོ་ཤེས་གྲབས་ཤེས་གྲབས་ཀྱི་དེ་ཚོ་ཡང་གང་ཟག་བྱེ་བྲག་པ་རེ་རེས་གྲུབ་པ་ཞིག་མ་ཡིན་པར་མདོ་སྨད་ཀྱི་རྩོམ་མཁན་དག་གཙོ་བྱས་པའི་བོད་ཀྱི་དེང་རབས་སྙན་ངག་པ་ཟེར་པའི་གཉན་པོ་དེ་ཚོའི་ཐུན་མོང་ལ་ཡོད་པའི་བྱད་བཞིན་ནམ་གདོང་འབག་རིགས་འདྲ་རིགས་འདྲ་ཞིག་ཡོད་པ་དེའམ་ཡང་ན་དེ་ཚོའི་བླུགས་གོང་གང་རུང་ཞིག་ལས་ཐོན་སྐྱེད་བྱུང་པ་ལྟ་བུའི་ནང་སེམས་ཀྱི་གོམས་སྟོབས་དེ་མ་ཡིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སླེབས་བྱུང་། གོམས་
སྲོལ་གཤིས་ལུགས་དེ་ཚོ་ཡང་སྙན་ངག་ཙམ་མ་ཡིན་པའི་རིག་གཞུང་སྤྱིའི་གོམས་ཤུགས་མ་ཡིན་ནམ་འདྲ་ཞིག་ཀྱང་བསམ་བྱུང་། གཅིག་བྱས་ན་།།
 
       རྩོམ་ཡིག་རྣམས་རེ་རེ་བཞིན་ནང་གསེས་ཕྱེས་ན་འདྲ། ཧྲིལ་པོ་གཅིག་ཏུ་བྱས་ན་འདྲ།  ཕྱི་ནང་གསང་གསུམ་གང་ཅིའི་བཀོད་པ་ནི་འདྲ་ཆགས་ཙམ་འདུག་ལ། རྩོམ་མཁན་ཁོའི་མངོན་ཆུང་གི་བསྟན་བཤིག་དང་ནང་སེམས་ཀྱི་ཅི་མི་སྙམ་པ་དང་འཕག་འཚག་དེ་ཡང་རོབ་ཙམ་སྟོན་ཐུབ་ཡོད་ལ་སྟོན་སྲོལ་ཡང་ཏག་ཏག་བསྡད་ཡོད་པ་འདྲ་ཞིག་འདུག་ག་བསམ་ཡོད།  རྩོམ་པ་པོ་བྲི་རྩལ་ལ་བྱང་ཆ་ག་ཚོད་འདུག་ལ་སོགས་ཀྱི་སྐད་ཆ་ལབ་ནུས་མ་སོང་ཡང་། གང་ཟག་སྒེར་པའི་རྣམ་དཔྱོད་དང་རང་གཤིས་ཤིག་ཨུ་ཚུགས་མཐར་སྐྱེལ་འདྲ་ཞིག་གིས་རྒྱུན་བསྐྱངས་པ་མཐོང་ཐུབ།  བར་མཚམས་ཞིག་ནས་ལ་བཏུས་ལུང་སྒྲུག་གི་ཤུལ་རྗེས་རེ་ཡང་གསལ་ལེར་བསྟན་འདུག་ག་ཡང་འདོད་བསྡད་ཡོད་། ཉེན་ཁ་དང་ཧ་ཅང་བར་ཐག་ཉེ་ན་ཡང་སྟབས་ཡག་ནས་བསམ་བློའི་གོམས་ཤུགས་གྱོང་པོ་ཞེད་སྣང་ཚ་བ་དེ་རིགས་རྦད་དེ་ཆགས་ཚར་པ་ཞིག་ཀྱང་རེད་མི་འདུག  
 
       ཡིག་འབྲུ་སྡོད་བཟོ་མེད་པ་འགའ་རེ་མིག་མདུན་ནས་ཡར་ལྡིང་མར་མཆོང་བྱེད་དྲགས་པའི་བཟོ་ཕྲན་བུ་ཡོད་ན་ཡང་། དྲན་འཕྲུལ་རྦད་དེ་མང་བའི་ངན་གཤིས་མེད་ཁར་རང་བཞིན་བརྟན་ཙམ་གྱི་ཟོལ་གྱིས་ཚིག་ཕྲེང་གི་ཀ་རྒྱུག་ཏུ་གྱུར་ནས་དེབ་འདིའི་གུར་ཁང་ལེགས་པར་བཀྱགས་འདུག་ཟེར་ཆོག་སྙམ།  རྩོམ་འབྲི་བའི་ཐད་ཁོ་ལ་གསང་བའི་མན་ངག་འདྲ་ཕལ་ཆེར་ཡོད་ཚོད་མི་འདུག་ཅིང་། མཚམས་མཚམས་ལ་ག་གུག་ཀ་ཀོར་རེ་ཡོད་ན་ཡང་རྩ་བའི་ཆ་ནས་གཡོ་སྒྱུའི་གཡའ་ཐིག་དང་ཚུལ་འཆོས་ཀྱི་ར་རི་དེ་ཙམ་མི་ཚ་བ་ཞིག  བཀླགས་པ་དེ་རིང་གི་ད་ལྟའི་དུས་ལ་བཀླགས་ན་ཡང་ཡོད་པ་འདས་སོང་གི་ཁ་སང་གི་ཚོར་བའི་གཏིང་ཞབས་ལ་ཡོད། ཡོད་སྣང་སྣང་འདྲ་བའི་སྙན་ངག་གསར་པ་ཉེ་ཆར་བརྩམས་གྲུབ་སྐོར་ཞིག་སོག་སོག་ཤིག་ཤིག་འགུལ་འགུལ་འདར་འདར་བྱེད་ཀྱིན་པ་ནི་དེབ་འདི་བཀླགས་པའི་བག་ཆགས་དང་པོ་འདྲ་ཞིག་ཆགས་སོང་།།
 
       ཀློག་ཐེངས་གཉིས་པ་དེ་ཀློག་གིན་ཀློག་གིན་དང་བརྗེད་ཐོ་ཕྲན་བུ་རེ་འགོད་ཀྱིན་འགོད་ཀྱིན་བྱས་པ་ཡིན་ལ། ངའི་མིག་མདུན་ནས་ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་ཐ་སྙད་དང་རྟོག་འགྱུའི་རི་མོའམ་ཡིད་བརྙན་དང་། རྟོགས་པའི་མེ་སྟག་ལ་སོགས་ཀྱི་ལ་སོགས་ཤིག་ཀློག་བཞིན་པའི་སྐབས་ཐོག་དེ་རང་ལ་ལག་པས་གང་ཟིན་རེ་ཟུང་ཟུར་དུ་ཡང་བཏོན་ནས་བཏགས་བཞག་པ་ཡིན་། དེའི་རྗེས་ལ་ཡང་ན་མཆོང་ལྡིང་གིས་ཡང་ན་དཔེ་རུ་འདྲེན་བྱ་དག་གི་རིགས་དབྱེ་ཚུལ་སོགས་ལ་དམིགས་ནས་ཀྱང་ཐེངས་ཁ་ཤས་ཤིག་བཀླགས་པར་།  ཀློག་གིན་ཀློག་གིན་དུ།  རྩོམ་པ་པོ་ཁོས་ཀློག་པོ་གང་འདྲ་ཞིག་ལ་དམིགས་འབེན་ཇི་འདྲ་ཞིག་གིས་ཁྲིད་དེ་བྲིས་དང་འབྲི་བཞིན་ཡོད་དམ་ཞེས་བསམ་བློ་ཡང་ཡང་འཁོར་དགོས་བྱུང་།  ཁོས་སྙན་ངག་བྲི་བའི་ཀུན་སློང་གི་རྩ་བ་དངོས་དེ་གང་ལ་ཐུག་ཡོད་སོགས་ལ་མཚར་སྣང་སྣ་མིན་སྣ་ཚོགས་ཤིག་སྐྱེས་ཡོང་མཚམས་བསམ་བློ་གཏོང་པ་ཙམ་ཡང་མ་ཡིན་པར་ངེས་པར་དུ་རྒྱུ་མ་ཕུ་འདེད་ཅིག་བྱེད་དགོས་མིན་ནམ་གྱི་བསམ་ཚུལ་ཞིག་ཀྱང་བྱུང་། །
 
        དེབ་འདིས་ནི་རྩ་བའི་ཆ་ནས།  ཨ་མདོའི་ལ་གཞས་ནང་བཞིན་གྱི་རགས་པ་དེ་དང་ལྟ་གྲུབ་གནས་ལུགས་འཆད་དུས་ཀྱི་དོན་སྤྱི་དེ་དག་ལ་རྒྱང་ཐག་བཀྱེད་ཐབས་ཤིག་ལ་གཞི་བཅོལ་འདུག་ཅིང་།  གང་ཟག་སྒེར་པ་ཞིག་གི་ཕྱི་ནང་གཉིས་ཀའི་སྐྱ་ཐིག་མམ་དབྱིབས་ཚུགས་ཙམ་ཡང་ཕབ་ཐུབ་བྱུང་འདུག་བསམ།།  ཚོར་བ་མང་པོ་ཞིག་ནི་ཚོ་བ་དང་ས་ཁོངས་དང་རིགས་རྒྱུད་ལ་སོགས་ཀྱི་ས་མཚམས་ལས་གྲོལ་ཏེ་འགྲོ་བ་མི་ཐུན་མོང་གི་སྐྱེ་མཆེད་ལ་ཉེ་བར་བཅར་གང་ཐུབ་བྱས་འདུག་ཀྱང་བསམ་སོང་།
 
       བརྒྱ་ཁ་མ་ཟིན་ཙམ་གྱི་བརྗོད་བྱ་ཁྲ་ཁྲ་རིག་རིག་གི་སྙན་ངག་འདི་ཚོའི་ནང་ལ་ནི།  མི་སྣ་འདུག  ཁོར་ཡུག་འདུག  སེམས་ཚོར་འདུག  བརྩེ་དུང་འདུག   རྨི་ལམ་འདུག  ཡོ་ཆས་འདུག  དབྱར་དགུན་འདུག  རི་ཆུ་འདུག  སྒྲ་འདུག་དབྱངས་འདུག སྙན་ངག་གི་དེབ་ཅིག་གི་ཚོད་ཀྱིས་ཕལ་ཆེར་རྣམ་པ་སྣ་ཚོགས་མ་ཚང་པ་མེད་པ་ཞིག་འདུག་ཅེས་བཤད་ཆོག  འོན་ཀྱང་།  ཁ་དོག་དཀར་ནག་གཉིས་ཙམ་ལས་ཚོན་མདོག་གཞན་པ་ཕལ་ཆེར་མི་འདུག་པའི་ཚོར་བ་ཞིག་ཀྱང་སྤྲོད་ཀྱིན་འདུག༼འདིར་ཚོན་ཁྲ་ཡོད་མེད་ལ་བརྟེན་ནས་ལེགས་ཉེས་འབྱེད་ཀྱི་ཡིན་པའི་སྐད་ཆ་ནི་མིན༽། ཚོན་ཁྲ་མི་འདུག་པ་དེ་ཙམ་གྱིས་ང་ལ་ཚོན་ཁྲ་མེད་པའི་གློག་བརྙན་རྙིང་པ་ཞིག་ལ་བལྟ་བཞིན་པའི་ཚོར་བ་ཡང་སྤྲད་མ་བྱུང་པར་། དེ་ལས་ལྡོག་སྟེ་དེང་རབས་ཀྱི་ཚོད་ལྟའི་ངོ་བོ་ཅན་གྱི་བརྙན་རིས་ཀྱི་ཕྲེང་བ་ཞིག་ལ་དཔེ་འཇོག་དགོས་བསམ་བྱུང་།།  ཐ་སྙད་དང་སེམས་འགྱུ་སྣ་ཚོགས་ལ་སྤྲུལ་བསྒྱུར་བྱས་ཡོད་པའི་མི་སྣ་ཕོ་མོའམ་བརྙན་རིས་དེ་ཚོ་ནི་ལམ་དགྲ་སུས་ཀྱང་མ་ཚུགས་པའི་ཉེན་མཆོང་པ་རེ་རེ་དང་འདྲ་བར་ཡང་ན་སོ་སོའི་ལམ་སྣ་ཟིན་བཞིན་པའམ་ཡང་ན་རྦད་དེ་ལམ་ནོར་ཐེབས་ཀྱིན་པ་སོགས་ཅི་རིགས་ཤིག་བྱུང་དང་འབྱུང་གིན་པ་དེས་ནང་སེམས་ཀྱི་ཞིབ་ཆ་ཡོད་པའི་ཀློག་མཁན་དག་ལ་རྨི་ལམ་ལ་སྦྲང་རྩི་བཟས་པའི་མངར་མོ་དང་གཉིད་སད་དུས་ཤུལ་ལ་ལྷག་བསྡད་ཡོད་པའི་ཤུགས་བསྟན་རབ་རིབ་དེ་འདྲ་ཞིག་ཚོར་ཐུབ་པར་བྱེད་མི་ཐུབ་བམ་དེ་འདྲ་ཞིག་ཀྱང་བསམ་སོང་།
 
       མི་ཚོས་རྟག་པར་རྨི་ལམ་ལ་ཚོན་མདོག་ཡོད་མ་རེད་ཟེར་ལབ་པ་གོ་མྱོང་ལ།  བཤད་ཚུལ་དེ་རིགས་འགོག་པའི་སྐོར་གྱི་ཡིག་ཆ་རེ་ཡང་སྔོན་ཆད་བཀླགས་མྱང་མོད།    ད་ལྟ་དངོས་གནས་ཚོན་ཁྲ་ཡོད་མེད་དེ་བརྗེད་ཚར་བས།  ད་ལན་ཡང་བསྐྱརgoogleཞིག་ཀྱང་མ་མྱུལ་རང་མྱུལ་བྱེད་དགོས་བྱུང་།།  ངས་བཤད་འདོད་པ་ནི། ཏག་ཏག་ཚོན་ཁྲ་མེད་པར་གཞི་བཅོལ་བའི་མཚར་སྣང་དེས་ང་ལ་དེབ་འདི་མུ་མཐུད་དུ་ཀློག་པ་དང་འགོ་བརྗོད་འདྲ་པོ་ཞིག་ཀྱང་བྲིས་ནས་གཞན་ལ་ངོ་སྦྱོར་ཞུ་བ་བཅས་ཀྱི་རྒྱབ་དཔུང་ཞིག་བསྣན་བྱུང་།།
 
       དེབ་འདིའི་ནང་བཅུག་ཡོད་པ་ནི་ད་ཕན་ལོ་གཅིག་དང་ཕྱེད་ཙམ་རིང་བརྩམས་གྲུབ་བྱུང་པ་ཤ་སྟག་རེད་འདུག་ལ།  དེ་དག་ཀྱང་བརྩམས་གྲུབ་ཀྱི་དུས་ཚོད་ལུ་གུ་རྒྱུད་དུ་གུང་བསྒྲིགས་ཡོད་པ་ཞིག་རེད་མི་འདུག  འདིའི་ཡར་སྔོན་ལ་རྕོམ་པ་པོ་འདིའི་སྙན་ངག་སོགས་༼གལ་སྲིད་ཡོད་པའི་དབང་དུ་བཏང་ན༽གང་ཡང་བཀླགས་མྱོང་ཡོད་པ་ཞིག་དྲན་གྱིན་མི་འདུག  དེ་བས། ཡིག་ཆ་གཞན་ལ་བརྟེན་ནས་རྩོམ་པ་པོ་འདི་དང་འདིའི་རྩོམ་ཡིག་གཞན་ལ་མཇུག་སྡོམ་དང་གདེངས་འཇོག་བྱེད་པ་ལྟ་བུའི་ངལ་བ་རྣམས་ལྷུ་ཡིས་ལེན་དགོས་མ་བྱུང་པ་དེ་ནི་བསོད་བདེ་ཞིག་རེད་བསམ་ཡོད་།།   མཚམས་མཚམས་ལ་མེད་པའམ་ཉུང་བ་དེ་སྟབས་ཡག་པ་ཞིག་ལ་འཁེལ་འགྲོ་བཞིན་འདུག།  
 
       ཡིན་ན་ཡང་།  ཁྱེད་ཅག་ཀློག་མཁན་ནམ་འཛད་སྤྱོད་པ་དག་ལ་གོ་རྟོགས་ཀྱི་དཀའ་ངལ་ཡོང་སྲིད་པར་ཚོད་དཔག་བྱེད་ཁུལ་གྱིས། ཐོག་མར་ངོས་བཟུང་གསུམ་ཞེས་པ་ཞིག་ནས་འགོ་བཙུགས་ཏེ་བཤད་འདོད་པར་།
 
     
 དང་པོ་ས་ཆ་ངོས་བཟུང་སྟེ།  དེབ་འདིའི་ནང “ རྩེ་ཆུ” དང “སྲིབ་ལྷས་ཞོལ་མ” ལྟ་བུའི་ཐ་སྙད་མཐོང་རྒྱུ་འདུག་ལ།  སྔ་མ་དེ་ནི་རྕོམ་མཁན་ཁོའི་ཕ་ཡུལ་གྱི་རྒྱུག་ཆུ་ཆུང་ཆུང་ཞིག་སྟེ་རྨ་ཆུའི་ཆུ་ལག་ཞིག་གི་མིང་ཡིན་འདུག་པར་ཀློག་མཁན་གྱི་ཚོད་དཔག་ཀྱང་ཕལ་ཆེར་དེ་དང་ཁད་ཐག་ཉེ་ས་ཞིག་ལ་སླེབས་སྲིད་ཀྱི་རེད་སྙམ། ཡིན་ན་ཡང་། ཕྱི་མ་དེ་ནི་ཚིག་མཛོད་དང་དྲ་རྒྱ་དང་ས་བཀྲ་ཅི་རིགས་ལས་རྙེད་ཐབས་མེད་པ་ཞིག་ཡིན་པའི་ཁར་།  རྩོམ་ཡིག་དེ་ཅི་ཙམ་བཀླགས་ཀྱང་ཐ་སྙད་དེས་ཡང་སྙིང་ཅི་ཞིག་སྟོན་གྱིན་པར་ཁ་ཚོན་གཅོད་ཁག་པར་འདུག  སྟབས་ཡག་པ་ཞིག་ལ།  གོང་ནས་བཤད་ཟིན་པ་བཞིན་ང་རང་ནི་ཏག་ཏག་ཡུལ་ལུང་དེ་གར་རྒྱུས་མངའ་ཡོད་པར་མ་ཟད་ས་ཆ་དེ་ག་རང་ལ་ཡང་སླེབས་མྱོང་བས་དེ་ལུང་ཤུར་ཆུང་ཆུང་ཞིག་གི་མིང་ཡིན་པའང་ཤེས་ཀྱིན་འདུག   དེབ་འདིའི་ནང་གི་རྩོམ་ཡིག་ཕལ་ཆེ་བ་ནི“སྲིབ་ལྷས་ཞོལ་མ”ལྟེ་བ་བྱས་པའི་སྤྱི་ལེ་ཉིས་བརྒྱ་ཙམ་གྱི་ཁོར་ཡུག་ནང་ལ་བྱུང་དང་འབྱུང་གིན་གི “ སྒྲུང ” ལྟ་བུ་ཞིག་ཡིན་པས་དེ་ལ་ས་རྟགས་ཤིག་བརྒྱབ་པ་ཡིན་།།
 
     
 གཉིས་པསྐད་ཆ་ངོས་བཟུང་སྟེ།  སྤྱིར་བོད་ཡིག་ནང་འཁོད་པའི་སྙན་ངག་ཀློག་སྐབས་བོད་སྐད་ཀྱིས་བཀག་རྒྱ་ཆེན་པོ་བཟོ་བཞིན་པ་ལྷན་རྒྱས་ནས་མཁྱེན་གསལ་རེད་ལ།  དོན་དག་དེ་ནི་ངའི་སྙན་ངག་གི་མི་ཚེའི་ནང་ལ་སེལ་ཐབས་མ་རྙེད་པར་བསྡད་ཡོད་པའི་དཀའ་ངལ་ཞིག་ཀྱང་ཡིན།།  མདོར་ན་བཀག་རྒྱ་དེ་ཚོ་ཡང་བོད་ཡིག་དང་བོད་སྐད་དང་བོད་ཀྱི་ཡུལ་སྐད་ཆེ་ཕྲ་སྣ་ཚོགས་བརྒྱ་ཕྲག་གཉིས་ལྷག་ཟེར་པ་དེ་ཚོ་ནས་འབྱུང་གིན་ཡོད་པར་གདོན་མི་ཟ།  དེ་རིང་འདིའི་སྐོར་རྟ་ཁ་རྦད་དེ་གློད་ནས་གླེང་འདོད་མེད་ན་ཡང་། རོབ་ཙམ་མ་བཤད་རང་བཤད་ཆགས་སོང་།།
 
       དཔེར་ན་དེབ་འདི་ལ།  “ ཆུ་ཚོད་དུ་བའི་ཐོག་ཡུལ་ལ་ལོག་རྒྱུ་ཞེས་ཁ་པར་ཡོང་དུས ” ལྟ་བུ་ཞིག་འདུག་པར་ཚིག་འདི་ནི་བོད་སྐད་དང་ཡུལ་སྐད་དུ་མ་བསྲེས་མར་སྡེབ་ཡོད་པ་འདྲ་ཞིག་སྣང་ལ། བོད་སྐད་རང༼འདིར་བཤད་པ་ནི་བོད་ཤར་བྱང་པ་ཚོས“ བྷོད་སྐད” དམ་ “པོད་སྐད ”ཅེས་འབོད་པའི་བོད་དབུས་ཀྱི་སྐད་༽ལ་“ བསྒྱུར ”ན་ཕལ་ཆེར་། “ ཆུ་ཚོད་ག་ཚོད་སྟེང་ལ་ལོག་ཡོང་གི་ཡིན་ཞེས་ཁ་པར་སླེབས་དུས ”ལྟ་བུ་ཞིག་ཡིན་དགོས་འདུག་ལ། འདི་སྙན་ངག་གི་སྐད་ཆ་བཤད་སྲོལ་དམིགས་བསལ་ཅིག་ཡིན་པའི་ཚོར་བ་མ་བྱུང་ལ།  བོད་སྐད་དག་མ་ཞིག་དང་བོད་སྐད་གསར་པ་ཞིག་ཡིན་མིན་གྱི་སྐད་ཆ་ཡང་བཤད་ཀྱི་མིན།  ངའི་སེམས་ཁྲལ་ནི་བོད་ཀྱི་མི་འབོར་མང་ཆེ་བས་འདིའི་དོན་ཙམ་ཡང་གོ་རྟོགས་བྱུང་ཡོད་མེད་དེ་ལ་རག་ལས་བསྡད་ཡོད་།།
 
“ ཆུ་ཚོད་དུ་བའི་ཐོག་ཡུལ་ལ་ལོག་རྒྱུ་ཞེས་ཁ་པར་ཡོང་དུས ” “ ཆུ་ཚོད་ག་ཚོད་སྟེང་ནང་ལ་ལོག་ཡོང་གི་ཡིན་ཞེས་ཁ་པར་སླེབས་ཡོང་དུས ”འདི་ཕལ་ཆེར་སྐད་རིགས་མ་འདྲ་བ་གཉིས་འདྲ་པོ་ཞིག་འདུག་ག།  ད་དུང་དཔེར་ན “ དུ་བ”དེ་ཡང་མི་མང་པོས་མེ་ཡོད་པ་ཤེས་བྱེད་ཀྱི “དུ་བ” དེ་ལ་གོ་ནོར་ཐེབས་མི་འགྲོའམ།    ཚིག་རིས་ཙམ་ལ་ཡང་གོ་ནོར་ཐེབས་ཡོང་དུས་ནང་གི་སྙན་ངག་དེ་ལས་སླ་པོར་འཛིན་ཐུབ་བམ[གལ་སྲིད་ཡོད་ན]།།     མཚམས་འདིར་བོད་སྐད་རྙིང་པ་ཟེར་པ་བརྡ་གསར་རྙིང་ཟེར་པ་བསྟན་བཅོས་ཀྱི་སྐད་ཟེར་པ་བརྡ་སྤྲོད་ཀྱི་རྣམ་གཞག་ཟེར་པ་ལ་སོགས་ཀྱིས་ང་ལ་ཞེད་སྣང་མ་སྐུལ་རོགས།    སྐབས་སུ་མ་བབས་པའི་སྐད་ཀྱི་སྐོར་དེ་གཞན་ཞིག་ནས་ཞིབ་ཏུ་གླེང་ཆོག་པར་བྱ།།
 
       ཨ་མདོའི་ཡུལ་སྐད་ཀྱིས་ངག་ཐོག་ནས་གཏིང་རིང་པོར་བཟོ་ཐུབ་པ་དེ་ཡི་གེར་ཐོ་དགོད་པའི་དཀའ་ངལ།  ཐོ་བཀོད་པ་དེ་ཚོ་ཡང་ལམ་སེང་སོ་སོའི་བྲང་ཁོག་དང་རྒྱང་ཐག་རིང་དུ་ཕྱིན་པའི་སྡུག་བསྔལ། མདོར་ན་ཁ་སྐད་དང་ཡིག་སྐད་ཀྱི་ཧེ་བག་དེས་རྩོམ་རིག་གི་མང་པོ་ཞིག་དེང་རབས་རང་བཞིན་གྱི་མང་པོ་ཞིག་དེབ་དང་མིའི་བར་གྱི་མང་པོ་ཞིག་དབང་པོ་ལྔའི་བར་གྱི་མང་པོ་ཞིག་ཐ་ན་ག་ཞ་ཀུ་རེའི་རྩེད་མོ་ཡན་ཆད་ཀྱི་མང་པོ་ཞིག་་་  ཤོར་འགྲོ་བའི་མངོན་སུམ་དེ་ལ་གདོང་ལེན་མ་བྱས་ན་སུ་ལ་གྱོང་རེག་གིན་འདུག།  
 
       ད་དུང་དཔེ་མཚོན་ཞིག་བཀོད་ན།“ ཁྱོད་ཐོན་པ་ནས་བཟུང ” དང་ “ མི་རྒྱུས་མེད་ཅིག་གིས་ཁ་པར་ཐོན་ཏེ ” ལྟ་བུའི་ནང་གི “ཐོན” ཟེར་པ་དེ་སླེབས་འབྱོར་བྱུང་པར་གོ་དགོས་རེད་དམ་ཡང་ན་ནང་ནས་སྒོ་ཕྱིར་ཐོན་པ་ལྟ་བུར་གོ་དགོས་རེད་ “མདང་གི་པི་ཝང་དེ་ལྟར་་་” ཞེས་པ་ལས་མདང་དེ་“མདང་དགོང་”ཡིན་པ་ལམ་སེང་ཧ་གོ་མཁན་ག་ཚོད་ཡོད་རེད།  ཚིག་རིས་ཙམ་མ་ཟིན་པར་སྙན་ངག་གི་རོ་བཅུད་གཞིབ་པར་བརྩམས་ཚེ་ཡང་ན་རང་ལན་པ། ཡང་ན་བོད་ཡིག་ལ་མ་འགྲིག་པ་ཞིག་ཡོད་པ་མ་ཡིན་ནམ།།  སོ་སོར་དཔེ་བླངས་ནས་བསམ་བློ་རེ་ཐོངས་དང་།  སོ་སོར་རྒྱུས་མངའ་མེད་པའི་སྐད་རིགས་གཞན་ཞིག་ལ་ཉན་པ་ནང་བཞིན་ཧ་གོ་ལ་མ་གོ་ཆགས་དུས་དེའི་ནང་གི་སྙིང་པོ་དེ་ཚོ་ཇི་ལྟར་ལེན་ཐུབ།།
 
     
 གསུམ་པ་ཡིད་བརྙན་ངོས་བཟུང་སྟེ། བོད་པའི་གཞས་དང་སྙན་ངག་གི་“སྐུ་དྲག”ཚོ་ཐུན་མོང་ལ་ཡོད་པའི་ན་ཟུག/མུན་ནག/མ་འོང་པ/གཏམ་རྒྱུད/རྨི་ལམ/རྨས་སྐྱོན/རྨ་ཁ/ཆང་རག/ཆར་པ/ཕ་ཡུལ/ཨ་མ/རླུང་བུའམ་ལྷགས་རླུང་ལ་སོགས་པ་ནི་རང་རེའི་“སྐུ་དྲག”་ཁོ་ལ་ཡང་ལྷག་ཆད་མེད་པར་རང་འཇགས་ཚང་འདུག་མོད་།  མ་འདྲ་བ་ནི་དེ་ཚོས་ཁོ་རང་མི་སྒེར་གྱི་རྟོགས་པའི་རི་མོ་བྲི་བྱེད་པིར་དང་ཚོན་རྩི་བརྒྱུད་ནས།   རང་རེའི་“སྐུ་དྲག” གི་ “དེ་ག” གྲུབ་འདུག    དཔེ་བཞག་ན་།“་་་ཡུན་རིང་ཞིག་ལ་མ་བཏང་བའི/གླུ་གཞས་དེ་ཡང་བསྐྱར་གཅིག་གཏོང་གནང་རོགས/ཁྱོད་ནི་ངའི་མུན་ནག་གི་རྨ་ཁ་བཟོ་མཁན་གྱི/མེ་ལོང་ནང་གི་ཨེམ་ཆི་དེའོ་་་་་” འདི་ལྟ་བུ་རེད།
 ཡིག་ནོར་རེད་བསམ་པ་མང་ཙམ་འདུག་པ་དེ་ཚོ་དཔེར་བརྗོད་ཁྲོད་བེད་སྤྱོད་ཞུ་ནུས་མ་བྱུང་་་་་༽
ལྟ་བུ་དང་གཞན་ཡང་།
  “ ལྕུག་ལྕུག་ཏུ་འདར་བའི་ལག་པ/ཡལ་ག་སྐམ་པོ་ཞིག་་་ ” 
 “ བྱིས་པ་རྣམས་ཀྱི་མིག་ཆུས/མ་འོངས་པའི་ནམ་མཁའ་བཀྲུས་་་ ”
 “ འཁྱག་ཤི་ཐེབས་པའི་དཀར་པོ ་་་ ”ལྟ་བུའི་ཚིག་ནི་ཡིད་བརྙན་པ་དག་གི་ཡིད་ཀྱི་སྨན་དང་སེམས་ཀྱི་གསོས་སུ་སྨིན་མི་ཡོང་ངམ།
 
       དེ་ནས་མཚོན་བྱེད་གསུམ་ཟེར་པ་ཞིག་བཤད་འདོད་སོང་།   དེ་གསུམ་ནི་ཆང་རག་དང་ཁ་ཧྥེ་དང་ཕྱི་གླིང་གི་རྒྱུགས་ཆེའི་གླུ་གཞས་བཅས་རེད་།    དེ་གསུམ་གས་ཀྱང་རིམ་བཞིན་སེམས་ཁམས་དང་ཤེས་ཚད་དང་རྟོགས་པའི་མཐོ་ཚད་ལ་སོགས་མཚོན་གྱིན་ཡོད་རེད།  བོད་ཡུལ་སྤྱིའི་ངོས་ནས་བལྟས་ན།  སྔ་མོའི་མདོ་སྨད་ས་ཆའི་ཆང་རག་གི་ཤེས་རིག་དེ་ཞིབ་ཚགས་སྤུས་དག་ཅིག་མེད་པ་དང་ལྷག་པར་སྔར་སྲོལ་ལྟར་ན་འབྲོག་པ་རྣམས་ལ་ཆང་རག་ལོངས་སུ་སྤྱོད་པའི་གོམས་གཤིས་དེ་འདྲ་ཕལ་ཆེར་མེད་ཚོད་རེད་།  མ་མཐའ་ཡང་རང་རེའི “སྐུ་དྲག”འཚར་ས་དེའི་འབྲོག་པ་རྣམས་ནི་མི་ཚེ་ཧྲིལ་པོར་བཏུང་སྲོལ་མེད་པ་ཤ་སྟག་ཡིན་འདུག  ཆང་རག་བག་མེད་བཏུང་བའི་ངན་སྲོལ་དེ་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་ཤུགས་ཆེན་དར་པ་ཞིག་དང་།   ད་ལྟའི་ཆར་རིག་གནས་ཀྱི་གར་ཚད་མེད་པའི་རིག་གནས་ཤིག་ཏུ་ཆགས་ཤིང་ལྷག་པར་བོད་པའི་སྙན་ངག་ནང་ལ་འདི་ནི་མ་སྐྱིད་པ་མ་ཐོབ་པ་མ་ཟིན་པ་མ་རྒྱལ་པ་ལ་སོགས་ཀྱི་མཚོན་བྱེད་ཚད་ལྡན་དུ་ཆགས་བསྡད་བཞག།
 
       དེ་བཞིན་ཁོ་ཧྥེ་བཏུང་བ་དང་དང་ཕྱི་གླིང་གི་རྒྱུགས་ཆེའི་གཞས  [འདིའི་ཚབ་ཏུ་མཚམས་མཚམས་ལ་སཁེསོན་ཧྥོན་ཡང་འཇོག་སྲིད ] རེ་ཉན་པ་དེ་ནི་རང་ལ་རྒྱུ་འབྱོར་ཤེས་འཇོན་རྟོགས་པ་ཐ་ན་དབང་ཤུགས་ཀྱང་ཡོད་པའི་ཐོབ་ཐང་རྟགས་མ་ཞིག་དང་རང་ཉིད་འཛམ་གླིང་ཅན་གྱི་ཚད་གཞིར་སླེབས་ཡོད་ཟེར་པའི་རྒྱབ་གཉེར་ལྟ་བུ་ཞིག་ཡིན་འདུག   « ཆང »དང་« གྲལ་རིམ་དམའ་བའི་སྙན་ངག་མཁན » ། « Patti Smith » ལ་སོགས་ནི་རང་རེའི“སྐུ་དྲག”ལ་ཡང་དེ་ཚོ་འཛོམས་ཡོད་པའི་དཔང་རྟགས་ཙམ་རེད།
 
       གཞས་ལ་ཉན་པ་གཞས་ཚིག་དང་གཞས་དྲན་པའི་སྐོར་མང་པོ་འདུག  དེ་ལ་ཡང་ཤར་ནུབ་ཀྱི་གཞས་དང་གཞས་པ་གཞས་མ་ཚོར་འབྲེལ་བ་ཡོད་པ་སོགས་རིགས་སྣ་ཚོགས་འདུག་ཅིང་།གཞས་དེ་ཚོ་ལན་རེར་གཞས་རང་ག་བ་ཞིག་ཡིན་པ་དང་ལན་རེར་མཚོན་བྱེད་ཅིག་ཡིན་ཚོད་ལ་ས་མཚམས་ཆུ་མཚམས་དེ་འཚོལ་བར་དཀའ་ན་ཡང་། དེ་ཚོ་བེད་སྤྱོད་བཏང་དེ་རང་ཉིད་ཀྱི་གཏམ་རྒྱུད་ཅིག་བཟོ་བཞིན་པ་ནི་རང་རེའི “སྐུ་དྲག” གི་ལག་ཤེས་ཤིག་ཡིན་འདུག   ཁོས་ད་དུང་གཞས་དང་སྙན་ངག་དང་རི་མོ་སོགས་ཀྱི་ཆ་འདྲ་བ་རྣམ་པ་འདྲ་མིན་གྱིས་སྟོན་པ། མངོན་པ། སྐྱེ་མཆེད་འདྲ་མིན་གྱིས་ལེན་པའམ་ཚོར་བ་བསྣོལ་ནས་སྒྱུ་རྩལ་རྣམ་གྲངས་མི་འདྲ་བ་དག་གི་བར་ཕན་ཚུན་སྐད་བསྒྱུར་བྱེད་པའི་ཧམ་པ་འཆངས་ཤུལ་རབ་རིབ་ཅིག་ཀྱང་དེབ་འདིའི་ཟ་ཟུར་ནས་ཚོར་ཐུབ་ཀྱིན་འདུག

 

       འོན་ཀྱང་ངས་ནི« བླ་བྲང་ནས » ལྟ་བུར་དོ་སྣང་ཆེ་ཙམ་བྱེད་དགོས་བྱུང་། གང་ཡིན་ཟེར་ན་། འཆར་ཅན་གྱི་འཚོ་བ་དང་།  སྐབས་བབས་ཀྱི་ཚོར་བ།   གཏིང་ཟབ་པའི་མནོ་བསམ་སོགས་སྣོལ་མར་སྡེབ་ཚུལ་ལ་བྲོ་བ་དམིགས་བསལ་རེ་འདུག་ག་བསམ་བྱུང་།།

        ད་དུང་དཔེར་ན« ཡུན་རིང་བོར »དང་« ར་སྐོར་འདི་ཧ་ཅང་ལྷིང་འཇགས་ཡིན་ཏེ » ཞེས་པ་དེ་ལྟ་བུ་ནི།  སྙན་ཆ་ཆེར་མ་ཚོར་། དམིགས་བསལ་ཆེར་མ་མཐོང་།  རང་རེའི་སྔ་མ་དག་གིས་འཕྱ་ལད་རྒྱག་པ་ཡང་སྲིད་མོད། ཞིབ་ཏུ་བལྟས་ན་བློ་ཁོག་ལ་བརྟེན་པ་ཙམ་མ་ཡིན་པའི་ཚོད་ལྟ་ཕྲན་བུ་ཞིག་ཡིན་ཚོད་དང་ཡང་ན་སུ་ཞིག་ལ་ལད་ཟློས་བྱས་པ་ཞིག་ཡིན་ཚོད་འདུག གཅིག་བྱས་ན་ཁོ་ལ་རིམ་པས་གབ་མཁས་སྦེད་མཁས་ཀྱི་མཚོན་ཐབས་ཤིག་རྙེད་བྱུང་པ་ཡིན་སྲིད་དོ།།  
 

« འཁྲབ་གཞུང་སོ་མ » སོགས་ནི་སྒྲུང་གཏམ་མམ་གཏམ་རྒྱུད་ཅིག་བཤད་རྩིས་ཡིན་པ་ལ། གཏམ་རྒྱུད་ནང་གི “ ང་རང ” དེ་ཡང་སྔ་མོའི་དུས་ཀྱི “ འཆར་ཡན་རིང་ལུགས་པ ” ཚོའི་ང་རང་དེ་མ་ཡིན་པར་།   འཁྲབ་པའི་ཆས་འདྲ་མིན་ལ་ཞུགས་ཆོག་པ་དང་ཡང་ན་རྩོམ་པ་པོ་བྱེ་བྲག་ལ་ལྟོས་པའི་ང་རང་རྣམ་པ་སྣ་ཚོགས་ཤིགཤར་ཡོང་སྲིད་པ་དེ་འདྲ་ཞིག་རེད་འདུག་ཀྱང་སྙམ་བྱུང་།།      
      
སྙན་ངག་པའི་མི་ཚེ་དེ་ཡང་སྙན་ངག་དང་ངོ་བོ་དབྱེར་མེད་འདྲེས་དུས་གཞི་ནས་གཏེར་སྟོན་མཁན་པོའི་རྟུལ་ཞུགས་ཀྱིས།  སྙན་ངག་ཡག་ཐག་ཆོད་ཅིག་ཡུལ་དུས་ཀྱི་ཕྱི་རོལ་ལམ་འདས་མ་བྱས་ཀྱི་ག་ཤེད་ཅིག་ནས་ཡང་བསྐྱར་གཏིང་སློང་སྔོག་འདོན་བྱེད་པ་མ་ཟད་གཏེར་རྫས་དེ་དག་ལ་དོན་སྙིང་གསར་པ་རེ་བཅུག་སྟེ་སླར་ཡང་ཤ་མདངས་དང་ལྡན་པར་བསྒྱུར་ཅིང་།  ཡིག་ཕྲེང་དང་ཤོག་ངོས་ལས་བརྒལ་བ།  ཐ་ན་དོན་སྙིང་ལས་ཀྱང་བརྒལ་པའི་མཛེས་སྡུག་དང་བདུད་རྕི་དང་།   རིང་ནས་གྱེས་པའི་མཛའ་བོ་མཛའ་མོ་གཉིས་ཡང་བསྐྱར་ལྷན་འཛོམས་བྱུང་སྟེ་མིག་ཆུའི་ཚ་དྲོད་ཀྱི་གཏིང་ནས་འདོད་པའི་དཔལ་ལ་རོལ་བ་ཇི་བཞིན་སྣོད་ལ་འཇུག་ས་མེད་ཀྱང་ཚོར་བས་མྱང་རྒྱུ་ཡོད་མེད་མཚམས་ཀྱི་“ལྡན་མིན་འདུ་བྱེད”་དུ་གྲུབ་ཡོད་པ་རེ་རེ་ནི་དེང་རབས་སྙན་ངག་གི་རྐང་རྟེན་འཆའ་ས་ཞིག་རེད་བསམ་ཡོད་དེ།    དེས་ན་སྙན་ངག་ཅིག་གི་རྒྱབ་ལོགས་ནས་སྙན་ངག་གཞན་ཞིག་མཐོང་པ་དེ་ཡང་ཁྱོན་ནས་མི་སྲིད་པ་ཞིག་ཡིན་ཚོད་མི་འདུག
 
      
མཇུག་མཐར་། « འུ་ཚོའི་གཏམ་རྒྱུད» དང་ «ཁྲག་དང་བྱེ་མ»ཟེར་པ་ལ་སོགས་ང་ཚོའི་སྙན་ངག་ཀློག་རྩལ་དང་གོ་བ་ལེན་ཤེད་ལ་ཅོ་འདྲི་བའམ་དཀའ་ངལ་དང་སྡུག་བསྔལ་བསྐྲུན་བྱེད་རེད་སྙམ་པ་དེ་འདྲ་ཡང་འདུག་པས། ཀུན་གྱིས་ཕྱུར་ར་སྐམ་པོ་བཞིན་མུར་མུར་བྱེད་རྒྱུ་ཡང་དེབ་འདིའི་ནང་ལ་འདུག་གོ་ཞེས་ཀྱང་བཤད་སྙིང་སྤྲོ་སོང་།།
    སྤྱི་ལོ ༢༠༢༠ ལོའི་ཟླ༩བའི་ཚེས་གཅིག་ཉིན་ལྷོ་ཕྱོགས་སྦས་ཡུལ་སྨོན་འཕེལ་གླིང་གི་རང་ཁྱིམ་དུ་ལྗང་བུ་ནས་བྲིས་སོ།།
                                          རྩོམ་སྒྲིག་པ། མྱི་གསར་བ།

      སྐུ་དྲག ༡༩༩༥ལོར་སོག་རྫོང་བྲག་དམར་དུ་སྐྱེས། སྐྱེ་མིང་ལ་བསོད་ནམས་དབང་རྒྱལ་ཟེར་ཞིང་། མཐོ་འབྲིང་བར་གཞུང་སློབ་འགྲིམས་རྗེས་བླ་བྲང་ནས་ལོ་ཤས་རིང་སློབ་གཉེར་ཕྲན་ཙམ་བྱས། ད་ལྟ་ཕ་ཡུལ་དུ་ཡོད།
དེབ་མངགས་ཉོ་བྱེད་ཡུལ་གྱི་ཁ་པར་ཨང་གྲངས་དང་སྐད་འཕྲིན། 18095732999


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease