དཔེ་དེབ་ངོ་སྤྲོད་མདོར་བསྡུས།
ཞོ་འཛོམས་རྡོ་རྗེ་ཚེ་རིང་གིས་བསྒྱུར།
དཔེ་དེབ་འདི་ནི་སུའུ་ཁྲོན་ལི་ཡིས་གཙོ་སྒྲིག་བྱས་ཤིང་ཁྱོན་བསྡོམས་དེབ་ཆུང་བཞིའི་བདག་ཉིད་ཅན་གྱི་གྲུབ་པའི་དེབ་གསུམ་པ་ལས་ཁོལ་ཕྱུང་དུ་བདམས་ཏེ་བསྒྱུར་པ་ཞིག་ཡིན་ཞིང་། “མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་རིག་ཚན་ཆེད་ལས་འཛུགས་སྐྲུན་ལས་གཞིའི་ཞིབ་འཇུག་སློབ་མའི་འབྲས་རྟགས”ཡིན། འདི་ལས་གཙོ་བོ་ཡ་ཧུ་དཱ་པ་ནི་དཔེ་ཀློག་ལ་དགའ་བའི་མི་རིགས་ཤིག་ཡིན་པའི་རྐྱེན་གྱིས་ཡ་ཧུ་དཱ་པས་དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་བསྒྱུར་བཀོད་བྱས་ཤིང་། དཔེ་ཀློག་ལ་བརྟེན་ནས་བྱིས་པ་སྐྱོང་བའི་སློབ་གསོའི་བེའུ་བུམ་རེ་རེར་ང་ཚོ་ཕ་མ་དག་གི་ཧྲིལ་གྱིས་འདོར་ལེན་བྱེད་རྒྱུ་གཙོ་བོ་མ་ཡིན་པར། རང་ཉིད་ཀྱི་བྱིས་པའི་བློ་ཁ་དང་འཚམ་པའི་སློབ་གསོའི་ཐབས་ཤེས་བཟང་པོ་ཞིག་རྙེད་བྱུང་ན་ཡག་ཐོག་ལ་རྒྱན་གྱི་ལས་ཡིན་ཞིང་། བྱིས་པའི་འཇོན་ནུས་དང་འགན་འཁྲི། རྩིས་ཐང་། རྒྱུ་འབྲས་བློ་མིག་བཅས་རྒྱུད་ལ་གོམས་པར་ཕ་མའི་ཐབས་ཤེས་གང་དག་ཞིག་སྤྱོད་དགོས་པ་རྣམས་ང་ཚོས་བེའུ་བུམ་འདི་ལས་རྙེད་ཐུབ་པར་རྔོ་ཆེན་པོ་ཐོགས་པར་ཞུ།།
ལོ་ཙཱ་བ་ངོ་སྤྲོད་མདོར་བསྡུས།
ཞོ་འཛོམས་རྡོ་རྗེ་ཚེ་རིང་ནི་གཅན་ཚ་རྫོང་ཧོར་མོ་ཁའི་ལེ་ལག་ཞོ་འཛོམས་སྡེ་བར་སྐྱེས་ཤིང་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས། ༢༠༡༧ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དངོས་གཞིའི་སློབ་མཐར་ཕྱིན་པ་དང་། ལོ་དེར་མུ་མཐུད་དུ་སློབ་གྲྭ་དེ་གར་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་ཕྲོད་དེ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་གི་ཕྱོགས་ལ་སློབ་གཉེར་བྱེད་བཞིན་མཆིས། ༢༠༡༧ལོར《གཅན་ཚའི་ས་མིང་ལོ་རྒྱུས》ཀྱི་རྩོམ་སྒྲིག་པའི་གྲས་སུ་ཞུགས། ད་ལྟའི་བར《 བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《 བོད་ཀྱི་སློབ་གསོ 》 《 མང་རྫོང་སློབ་གསོ་ལྟ་སྐུལ》 《 ཤྭ་སྐྱ》 《 གངས་དཀར་རི་བོ》 《 ན་གཞོན་གསར་བ》 《 ཀན་ལྷོ་མི་རིགས་སློབ་གསོ་ཞིབ་འཇུག 》 《 གུར་ཀུམ་ཆུན་པོ》 《 ཁ་བཏགས་དཀར་པོ 》 སོགས་སུ་རྩོམ་རིག་དཔྱད་བརྗོད་དང་དཔྱད་རྩོམ་གཙོ་བྱས་པའི་བརྩམས་ཆོས་སྤེལ། ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས《ཡ་ཧུ་དཱ་པའི་བྱིས་པ་སྐྱོང་ཐབས་ཀྱི་བེའུ་བུམ》ཞེས་པ་པར་དུ་བཏབ་ཡོད།
ལོ་ཙཱ་བའི་ཞུ་མཆིད།
དཔེ་དེབ་ཅིག་བསྒྱུར་བ་ནི་ལས་སླ་པོ་ཞིག་ཡེ་ནས་མ་ཡིན་པར། མ་ཡིག་དང་བུ་ཡིག་གང་དེའི་བརྡ་དང་ཚིག་གི་ཞུན་བརྡར་ཆོད་པ་ཞིག་ཡིན་དགོས་པའི་ཁར་མི་རིགས་དེའི་རིག་གནས་དང་ལོ་རྒྱུས་ཀྱང་གང་ལ་གང་འཚམ་ཞིག་ངེས་པར་རྟོགས་པ། ལྷག་པར་དུ་སྐད་བརྡའི་འགྱུར་ལུགས་བཅས་ཀྱི་རྩ་དོན་སོགས་གསལ་ཞིང་གསལ་བ་ཞིག་མ་ཤེས་ན་དཀའ་ལས་མང་པོར་འཕྲད་སྲིད་པ་སྨོས་མ་དགོས། དེབ་འདི་ལྟ་བུར་མཚོན་ན་བོད་ཀྱི་བྱིས་སྐྱོང་གི་ལས་ཀ་གཉེར་མཁན་སྤྱི་དང་ལྷག་པར་དུ་བྱིས་སྐྱོང་སློབ་གསོར་དོ་སྣང་བྱེད་བཞིན་པའི་ལས་ཀ་བྱེད་མཁན། ཕ་དང་མར་གྱུར་བ་རྣམས་པར་ཅུང་ཟད་ཕན་ཐོགས་རེ་བྱུང་ན་ཞེས་ཀུན་སློང་རྣམ་པར་དག་པས་ཁུར་ཆེན་པོ་འདི་ལྟ་བུ་བགྱིད་པ་ཡིན་མོད། བརྒྱ་ལ་དེབ་འདིའི་མགོ་མཇུག་བར་གསུམ་ལ་ཡང་དང་ཡང་དུ་དག་བཅོས་ལན་མང་པོར་ཞུས་ནའང་ད་རུང་ཡིག་ནོར་དང་སྦྱོར་བ་ལོག་པ། མ་ཡིག་སྡུད་ཚབས་ཆེ་བའི་ནོར་བ་ཅི་མཆིས་པ་རྣམས་རང་གི་མ་ཤེས་པ་ཁོ་ན་ཡིན།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease