དཔེ་འཕྲིན། དབྱར་ཟླ་དྲུག་པ་དང་ཉིན་ཐོ་བརྒྱ་རྩ་མ།

    རྩོམ་པ་པོ། བཀྲིས་རྒྱལ་མཚན།

༄༅།།དེབ་གསར་གཉིས་དང་འབྲེལ་བའི་གཏམ་ཐུང་ངུ་།
<<དབྱར་ཟླ་དྲུག་པ།>>ཞེས་པའི་དེབ་འདི་ནི་བརྩམས་སྒྲུང་གཙོས་བསྡོམས་པས་ཡིག་འབྲུ་ཁྲི་དགུ་ལྷག་གི་བདག་ཉིད་ཅན་ཞིག་ཡིན།  དེབ་འདིར་བཅུག་པའི་མི་སྒེར་བ་གང་དེའི་དགའ་སྐྱོ་ཆགས་སྡང་ནི་གཅིག་བྱས་ན་མི་མེད་ལུང་སྟོང་གི་ཀི་རིང་ཞིག་ཡིན་ངེས་ལ།  དེ་བཞིན་དུ་ཀི་རིང་དེར་བྲག་ཅ་ཇི་ལྟ་བུ་ཞིག་མཆེད་མིན་ནི་ཡུལ་དུས་གནས་བབས་ཀྱིས་ཁ་ཚོན་བཅད་དགོས་ལ།  ཡང་གཅིག་བཤད་ན་དེ་ནི་བརྩམས་ཆོས་གང་ཞིག་མི་ཡུལ་ལ་འཁྲུངས་པ་ནས་སྐྱེ་འཆིའི་གོ་རིམ་གྱི་ཡང་ཆོས་ཉིད་ཞིག་ཀྱང་ཡིན།  ལྷག་པར་ཏུ་རང་ལྟ་བུར་མཚོན་ན་བརྩམས་སྒྲུང་རེ་འབྲི་ཁུལ་བྱས་པ་ནི་ལས་དང་བོ་བ་ཞིག་གི་འཚོལ་བསྙེགས་ཀྱི་ཐོག་མའི་གོམ་སྟབས་ཙམ་ལས་མ་འདས་པ་རང་ལ་ཡང་ཤིན་ཏུ་གསལ་བར་མ་ཟད།  དེ་འབྲེལ་གྱི་གཞུང་ལུགས་ཆ་ཚང་དང་བྱེ་བྲག་ཏུ་རྩོམ་རིག་བློ་སྦྱོང་སོགས་ཕྱོགས་གང་ཅིའི་ཆ་ནས་ཀྱང་དེ་འདྲའི་ཕྱུག་པོ་དང་འབྱོར་ལྡན་རྩ་བ་ནས་མིན་མོད།  འོན་ཀྱང་།  ག་དུས་ཡིན་ཡང་རྩོམ་རིག་སྒྱུ་རྩལ་ལ་བཅངས་བའི་དད་ཞེན་བླ་མེད་དེས་གུས་པོ་རང་གི་དབུལ་ཕོངས་ཀྱི་ལོ་ཟླ་དང་རེ་སྨོན་གྱིས་ཕྱུག་པའི་ཕུགས་བསམ་གྱི་རྒྱལ་ཁམས་དེར་དཔྱིད་རླུང་ལྡང་དུ་འཇུག་མྱོང་ལ།  ཟླ་དྲུག་པའི་རྫོགས་ལྡན་གྱི་ཆར་ཆུ་དང་འབྲས་ལྡན་གྱི་ལོ་ལེགས་ཁུར་དུ་ལྕི་མྱོང་བའི་དུས་ཚིགས་ཀྱང་བསུ་རུ་འཇུག་མྱོང་བས།  ལམ་ཁ་འདི་ནོར་འཁྲུལ་རིགས་ཤིག་ཡིན་ཡང་ངས་ནི་དུས་གཏན་ཏུ་མཛེས་སྡུག་རིགས་ཤིག་ལ་སྒོམ་ནས་ཨུ་ཚུགས་མཐར་སྐྱེལ་བྱ་ངེས།  དེ་བས་བདག་གི་ཀློག་པ་པོ།བདག་གི་ཡིག་ཚོགས་ཀྱི་བཀྲེས་སྐོམ་དང་གྱེས་བྲལ་ལ་བྱིལ་བྱིལ་གནོངས་དང་།  ངས་ནི་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་སྙིང་ཉེ་བའི་ཁྱེད་ཅག་ལ་ཐ་སྙད་དང་ཚིག་ཚོགས་ཀྱི་རྟ་ནོར་ལུག་གསུམ་རི་ལ་བསྐོར་ཏེ་སྦྲ་ནག་ཁྲི་སྡེའི་དུས་རབས་ཤིག་བསྐྱལ་ཡོང་།

<<ཉིན་ཐོ་བརྒྱ་རྩ་མ>>་ཞེས་པའི་དེབ་འདི་ཉིན་ཐོ་བརྒྱ་ལ་ཉེ་བ་ཞིག་གིས་གྲུབ་ཡོད།  ཉིན་ཐོ་འདི་དག་ནི་མི་སྒེར་བ་ཞིག་གི་འཚོ་བའི་ཁྱབ་ཁོངས་ཀྱི་མཐོང་ཐོས་མྱོང་གསུམ་གཞིར་བཞག་སྟེང་།  དེ་འབྲེལ་གྱི་དགའ་སྐྱོ་ཆགས་སྡང་དང་དྲན་ཚུལ་སྣ་མང་ཞིག་སྒྲོ་སྐུར་དང་རྟོག་བཏགས་སྤང་ནས་ཇི་བཞིན་ཡིག་ཐོག་ཏུ་བཀོད་པའི་བརྗེད་ཐོའམ་དྲན་ཐོ་རིགས་ཤིག་ཡིན།  དེ་ཡང་ཁ་ཤས་ཀྱིས་ཉིན་ཐོ་ནི་མི་སྒེར་བ་ཞིག་གི་གསང་བའི་བདག་དབང་གི་ཆ་ཤས་གཙོ་བོ་ཡིན་པས་དེ་ཁྱབ་བསྒྲགས་དང་པར་བསྐྲུན་སོགས་ནི་མི་འོས་བའམ་མི་རུང་བ་ཞིག་ཏུ་མཐོང་ཡང་སྲིད་མོད།  དེ་ལ་ཡང་མཐའ་གཅིག་ཏུ་དེ་འདྲ་ཞིག་ཡིན་པའི་ངེས་པ་ཁྱོན་ནས་མེད་པ་འཛམ་གླིང་ནས་ཉིན་ཐོ་གྲགས་ཅན་གྱི་དེབ་སྣ་ཚོགས་ཤིག་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།  དེ་བཞིན་དུ་རང་མི་རིགས་ལ་ཡང་ཁ་ཤས་ཤིག་ཡོད་ཚོད་རེད།  དེ་བས་གུས་པོ་སྒེར་ནས་ཉིན་ཐོ་འབྲི་བའི་ལས་འདིར་ཧ་ཅང་གཙིགས་ཆེན་དང་མཐོང་ཆེན་བྱས་ཏེ་མི་སྒེར་བ་ཞིག་གི་འཚོ་བའི་ཟ་ཟུར་གང་རུང་གི་ཆེས་ཞིབ་ས་དང་ཕྲ་ས་དག་དུས་ཚོད་ཀྱི་རྒྱུ་སྤུན་ལ་སྣམ་བུ་བཞིན་འཐག་ནས།  ཟང་ཟིང་ལང་ལོང་གི་ཆོ་འཕྲུལ་དང་བསླུ་བྲིད་ཤིན་ཏུ་རྒོད་པའི་ཡུལ་དུས་གནས་བབས་དམིགས་གསལ་བ་འདིར་ཁ་གཏད་གཅོག་ཐབས་བྱས་ཡོད།  དེ་བས་རང་གི་ནང་སེམས་ཀྱི་ཁང་མིག་དེར་བག་ཡངས་ཨེན་ཙམ་སྟེར་ནུས་པའི་ཡིག་ཚོགས་ཀྱི་ལོངས་སྤྱོད་དང་ཐ་སྙད་ཀྱི་སྡེར་ཁ་གྱ་ནོམ་པ་ཞིག་ཡོད་ན་དེ་ནི་རང་གི་ཤ་ལས་ཆད་པའི་བུ་དང་བུ་མོ་ལྟ་བུའི་ཉིན་ཐོའི་ཡིག་འབྲུ་དེ་དག་གོ།ལྷག་པར་ཏུ་རང་ལྟ་བུར་མཚོན་ན་བརྩམས་སྒྲུང་རེ་འབྲི་ཁུལ་བྱས་པ་ནི་ལས་དང་བོ་བ་ཞིག་གི་འཚོལ་བསྙེགས་ཀྱི་ཐོག་མའི་གོམ་སྟབས་ཙམ་ལས་མ་འདས་པ་རང་ལ་ཡང་ཤིན་ཏུ་གསལ་བར་མ་ཟད།  དེ་འབྲེལ་གྱི་གཞུང་ལུགས་ཆ་ཚང་དང་བྱེ་བྲག་ཏུ་རྩོམ་རིག་བློ་སྦྱོང་སོགས་ཕྱོགས་གང་ཅིའི་ཆ་ནས་ཀྱང་དེ་འདྲའི་ཕྱུག་པོ་དང་འབྱོར་ལྡན་རྩ་བ་ནས་མིན་མོད།  འོན་ཀྱང་།  ག་དུས་ཡིན་ཡང་རྩོམ་རིག་སྒྱུ་རྩལ་ལ་བཅངས་བའི་དད་ཞེན་བླ་མེད་དེས་གུས་པོ་རང་གི་དབུལ་ཕོངས་ཀྱི་ལོ་ཟླ་དང་རེ་སྨོན་གྱིས་ཕྱུག་པའི་ཕུགས་བསམ་གྱི་རྒྱལ་ཁམས་དེར་དཔྱིད་རླུང་ལྡང་དུ་འཇུག་མྱོང་ལ།  ཟླ་དྲུག་པའི་རྫོགས་ལྡན་གྱི་ཆར་ཆུ་དང་འབྲས་ལྡན་གྱི་ལོ་ལེགས་ཁུར་དུ་ལྕི་མྱོང་བའི་དུས་ཚིགས་ཀྱང་བསུ་རུ་འཇུག་མྱོང་བས།  ལམ་ཁ་འདི་ནོར་འཁྲུལ་རིགས་ཤིག་ཡིན་ཡང་ངས་ནི་དུས་གཏན་ཏུ་མཛེས་སྡུག་རིགས་ཤིག་ལ་སྒོམ་ནས་ཨུ་ཚུགས་མཐར་སྐྱེལ་བྱ་ངེས།  དེ་བས་བདག་གི་ཀློག་པ་པོ།  བདག་གི་ཡིག་ཚོགས་ཀྱི་བཀྲེས་སྐོམ་དང་གྱེས་བྲལ་ལ་བྱིལ་བྱིལ་གནོངས་དང་།  ངས་ནི་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་སྙིང་ཉེ་བའི་ཁྱེད་ཅག་ལ་ཐ་སྙད་དང་ཚིག་ཚོགས་ཀྱི་རྟ་ནོར་ལུག་གསུམ་རི་ལ་བསྐོར་ཏེ་སྦྲ་ནག་ཁྲི་སྡེའི་དུས་རབས་ཤིག་བསྐྱལ་ཡོང་།
                      ———རྩོམ་པ་པོས་ཟླ་ཚེས་བཟང་བོར་སྦྱར་བའོ།
དངོས་མིང་ལ་བཀྲིས་རྒྱལ་མཚན་ཟེར།  སྨྱུག་མིང་ལ་སྤྱན་ནམ་གླུ་སྐད་དུ་འབོད།  ཕ་ཡུལ་མདོ་སྨད་མཛོད་དགེ་གླིང་དཀར་སྟོད་ཨ་སྐྱིད་ཕྱུགས་རྭ་ཞེས་པའི་འབྲོག་སྡེ་ནས་ཡིན།  དྲིན་ཆེན་ཕ་མས་མཐུན་རྐྱེན་འཛོམས་པོ་སྦྱར་ཞིང་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་སྐོར་ཞིག་གིས་རྗེས་སུ་བཟུང་བ་ལ་བརྟེན་ནས་ད་སྔ་བར་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཤིང་།  ད་སྐབས་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་མིང་ཙམ་འཁུར་ཏེ་སློབ་གཉེར་བྱེད་མུས་སུ་ཡིན།  ད་སྔ་བར་དུ་དགའ་ཕྱོགས་ཀྱི་དབང་གིས་རྩོམ་འབྲིའི་ལས་འདི་མཚམས་བཞག་མ་མྱོང་ལ།  རྗེས་སོར་ཡང་མུ་མཐུད་ནས་ཐ་སྙད་དང་ཡིག་ཚོགས་ཀྱི་སྦྱོར་བའི་ལས་ཀྱི་རྒྱུན་སྐྱོང་ངེས།  འདི་ནི་རང་གིས་མི་ཡུལ་ལ་ཕུལ་བའི་ཟས་རིན་ཙམ་ཡང་ཡིན

གཞན་གྱིས་མ་སྐུལ་སྒྱིད་ལུག་ལྷམ་ཆུང་རྒྱང་དུ་སྤངས།།
ཆེད་ལས་རྩོམ་རིག་མིན་ཀྱང་རྩོམ་འཇུག་ཉིན་ཐོ་བསགས།།
རིག་པའི་ཐང་ལ་རྩོམ་གྱི་ཐང་མ་བརྡལ་ལུགས་འདི།།
དགའ་སྐྱོའི་འཚོ་བར་ཟས་རིན་སྤྲད་པའི་བདེན་དཔང་ཡིན།།
ཞེས་པ་འདི་ནི་དགུན་ཉི་ལྡོག་གི་ཉིན་མོར་དཔལ་གྱི་ཆོས་འཁོར་ལྷ་སའི་གཡུ་ཐོག་ལམ་དུ་སྨྲེང་བུས་སྦྱར་བ་དགེའོ།།
 
ན་གཞོན་སྤྱན་ལགས་ཀྱི་ཉིན་ཐོ་བརྒྱ་རྩ་མ་ལ་ཕུལ་བའི་ཤིས་ཚིག
ཉིན་ཐོ་ནི་ཉིན་གཅིག་གི་ལས་ཀ་ཙག་ཙིག་གི་ཕྱོགས་བསྡོམས་ཡིན་ལ།  དེ་བས་ཀྱང་མི་བུ་ཞིག་གི་འཚོ་བའི་ཁ་དོག་ཀྱང་ཡིན་ངེས།   གཞན་ཡང་ཉིན་ཐོའི་ཁྲོད་ན་མི་རིགས་ཤིག་གི་གོམས་སྲོལ་ཡོད་ལ།  ཤེས་རིག་ཅིག་གི་སྙིང་སྟོབས་ཀྱང་མངའ།  དེ་བས་ཉིན་ཐོ་འདི་ལས་ན་གཞོན་ཞིག་གི་མ་འོངས་བའི་འཚོ་བར་བཅངས་བའིི་རེ་བ་དང་མཛེས་སྡུག་གི་སྨོན་ལམ་ཡོད་པས།  ཉིན་ཐོ་འདི་ཞིབ་ཏུ་ཀློག་ན་ཉིད་ལ་མ་འདྲ་བའི་ཚོར་བ་ཞིག་སྦྱིན་ཐག་གཅོད་ཡིན།  ཉིན་ཐོ་བྲིས་ཏེ་མི་བུ་ཞིག་གི་ལོ་རྒྱུས་དང་དུས་རབས་ཤིག་གི་ཉིན་ཐོ་ཆགས་པར་འབད་པར་ཀྱིས།
 
                           ———སྤྲེལ་ནག་པས་དབུས་ཉི་མ་ལྷ་ས་ནས་སྦྱར།
 
ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་བོད་ཀྱི་རྩོམ་འབྲི་བའི་སྡེ་ནས་འཛམ་གླིང་ཞེས་ཆེ་ས་ཞིག་དང་།  བསམ་བློ་དང་ལྟ་གྲུབ་ཅེས་མཐོ་ས་ཞིག་ནས་རྩོམ་བྲིས་པ་མང་པོ་འདུག  འདི་ནི་གནད་འགག་ཅིག་ལོས་ཡིན་མོད།  དེའི་བར་ནས་སྤྱི་ཚོགས་དང་འཚོ་བ་དངོས་མ་མཐོང་མ་བྲིས་ནས་བར་ཐག་ཅིག་ཤོར་ཡོད་པའང་མཐོང་ཐུབ།  ད་ཐེངས་ཁྱེད་ཀྱིས་སྤྱི་ཚོགས་དང་འཚོ་བ་དངོས་ལ་བཅར་ནས་ཉིན་ཐོ་མང་པོ་ཞིག་བྲིས་པ་འདི་ཡང་རྩོམ་འབྲིའི་ཁ་སྐོང་ཞིག་ཏུ་ཁོ་བོས་འདོད་ཡོད།  ཁྱེད་ཀྱིས་ཉིན་ཐོ་འབྲི་སྟངས་ཀྱི་ཆ་ནས་ཕལ་སྐད་དང་ཡུལ་སྐད་གཙོ་བོར་བཟུང་འདུག  ཡུལ་སྐད་དེ་དག་སྐད་ཀྱི་བྱིངས་ལ་རྒྱུས་མངའ་མེད་མཁན་དག་ལ་གོ་དཀའ་བའི་སྣང་ཚུལ་འབྱུང་སྲིད།  ཡིན་ནའང་ང་ལ་ནི་སྐྱིད་པོ་སྐྱིད་པོ་ཞིག་རེད།  ཕ་ཡུལ་གྱི་རི་ཁ་ཁྱིམ་མཚེས་ཤིག་དང་དངོས་སུ་ཐུག་ནས་ཁ་བརྡ་བྱེད་པ་དང་ཨ་ན་མ་ན་རེད།  གཞན་ད་བར་སྤྱི་སྐད་དང་ཡིག་སྐད།  བསྟན་བཅོས་ཀྱི་སྐད་ཅེས་ས་བསྒྲགས་གནམ་བསྒྲགས་བྱས་པའི་ངར་གྱིས་ཡུལ་སྐད་དག་བསད་ཅིང་བཏུབ་བཞིན་པའི་སྒང་རེད།  ཡུལ་སྐད་ཀྱི་གསེང་ན་རིག་གནས་ཀྱི་རྩི་དང་མི་གཤིས་ཀྱི་རྐང་ལྟེམ་མེར་འཁྱིལ་ཡོད་པའི་གནད་འགག་ཀྱང་ངོས་འཛིན་དགོས་པ་འདྲ།  ཡུལ་སྐད་དང་དམངས་ཁྲོད་ཀྱི་སྐད་དང་རྩོམ་རིག་གི་འབྲེལ་བ་ནི་ཤིན་ཏུ་ཟབ།  མི་རིགས་རང་གི་རྩོམ་རིག་གི་མ་རྐང་དང་གཞི་རྩ་ལྟ་བུ་ཡང་དམངས་ཁྲོད་ཀྱི་སྐད་རེད།  ལོ་རྒྱུས་ཡིག་ཚགས་རྙིང་པ་དེ་དག་ཀྱང་ཡུལ་སྐད་ཀྱིས་བཞེངས་ཡོད།  དེ་བས་ང་ཚོས་ཡུལ་སྐད་དག་སྤྱི་སྐད་ཀྱི་ནང་ལ་འཇུག་ཐབས་བྱེད་དགོས་པ་ལས་རྒྱང་ཕུད་གཏོང་བའི་གནས་མ་ཡིན་ནོ་སྙམ།
                      ———མེ་འོད་ཀྱིས་ཟླ་ཚེས་བཟང་པོར་གུས་ཕུལ།