དཔེ་འཕྲིན། ལམ་གྱི་སེམས།

    ལམ་གྱི་སེམས་རྩོམ་སྒྲིག་ཁང་།


དཔེ་དེབ་ངོ་སྤྲོད།
ཡི་གེ་བ་སྲབ་ལགས་ཀྱི་རྩོམ་དེབ་ཐོག་མལམ་གྱི་སེམསསྒོར་ཐོན་ཡོད་པའི་འགྲེམ་བརྡ།
 
     དེབ་འདིའི་རྩོམ་པ་པོས་མི་ལོ་ཉེར་དྲུག་གི་དགའ་སྐྱོ་ཆགས་སྡང་གི་མྱོང་བ་སྣ་ཚོགས་བརྒྱུད་ནས་དེ་རིང་ཁོང་གི་དམར་པོ་སྲོག་གི་ཟླ་བོར་གྱུར་བའི་དེབ་གསར་འདི་ཉིད་དངོས་སུ་ལམ་དུ་བསྐྱོད་པ་འདི་ནི། བོད་སྐད་ཡིག་གི་ལས་དབང་གང་དུ་འགྱུར་འགྲོ་མིན་ལ་སེམས་ཁྲལ་ཙམ་རེ་མངའ་མཁན་གྱི་རང་རེ་ཚོར་མཚོན་ན་ཤིན་ཏུ་དགའ་འོས་ཏེ། བོད་སྐད་ལས་རྒྱ་སྐད་གཙོ་ཆེ་ཞིང་། བོད་ཡིག་ལས་རྒྱ་ཡིག་གལ་འགངས་ཆེ་བར་བརྩི་བའི་དུས་ཚོད་ཀྱི་མཐའ་གཞུག་འདིར། འདི་འདྲའི་བོད་ཡིག་གི་ལམ་ནས་བྲིས་པའི་རྩོམ་དེབ་སྤུས་དག་ཅིག་ཀྱང་རབ་ཏུ་མཇལ་བར་དཀའ་བས་སོ། །
 
       དུས་ཚོད་ལྡོག་འགྲོས་ཀྱི་ངོས་ནས་བལྟས་ཚེ། མི་ལོ་ཉེར་དྲུག་ནི་ཐུང་ཐུང་ཞིག་མ་རེད་ལ། ཚེ་སྲོག་གྲལ་རིམ་གྱི་ངོས་ནས་བལྟས་ནའང་མི་ལོ་ཉེར་དྲུག་ནི་རིན་ཐང་མི་མངའ་བ་ཞིག་ག་ལ་ཡིན། དེ་བས། གྲོགས་པོ་ཁོང་གིས་དུས་ཚོད་དང་ཚེ་སྲོག་གི་རིན་ཐང་ལོངས་སུ་སྤྱད་པའི་འབྲས་རྟགས་སུ་དེབ་འདི་གནམ་འོག་གི་འགྲོ་བ་མིའི་བསམ་པའི་བགོ་སྐལ་དུ་ཕུལ་བ་ནི་ཤེས་རབ་ལ་དགའ་ཞིང་དཔེ་དེབ་ལ་སྙིང་ནས་དུང་མཁན་གྱི་རང་ཅག་འགྲོ་མི་ཀུན་ཀྱང་སེམས་པའི་གཏིང་ནས་དགའ་ལོས་འོས་སྙམ། 
 
      ཁོང་གི་འབྱུང་འགྱུར་གྱི་དཔེ་དེབ་འདིའི་རིན་ཐང་གི་ཟབ་ཚད་དང་ཤེས་རྟོགས་ཀྱི་དཔལ་ཡོན་སོགས་ནི་དཔེ་དེབ་རང་གི་ངོས་ནས་གྲགས་ཐུབ་པས་ངས་ས་སྟེང་ནས་བར་སྣང་དུ་བཀྱེག་དགོས་དོན་མི་འདུག་ལ། བར་སྣང་ནས་ས་སྟེང་དུ་འདྲུད་དགོས་ཀྱང་མི་འདུག་སྟེ། དེ་ནི་མ་འོངས་པའི་དེབ་འདིའི་ཀློག་པ་པོ་དག་གི་བསམ་དཔྱོད་ཤེས་དཔལ་གྱི་བགོ་སྐལ་དུ་བབས་པ་ཙམ་མོ། །    ཁོང་གིས་སྔ་ཕྱིའི་རིམ་པ་ཀུན་ཏུ་དེབ་འདི་འབྲི་བའི་ལས་སུ་ཞུགས་པ་ཙམ་ལའང་སློབ་སྦྱོང་དང་དུས་ཚོད་ཀུན་གྱི་ངོས་ནས་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་ཡོད་ངེས་ལ། འབྱུང་འགྱུར་གྱི་དུས་ཚོད་དག་ཏུའང་དེ་འདྲའི་གནོན་ཤུགས་མི་འབྱུང་བའི་ངེས་པ་མེད་མོད། དེ་འདྲའི་གནོན་ཤུགས་ཕྲན་བུ་རེ་ནི་སྐྱིད་ལ་སྡུག་པའི་རྩོམ་རིག་གི་གཞུང་ལམ་རིང་མོའི་ནང་གི་ཀྱག་དཀྱོག་གི་འཕྲང་ལམ་གཞན་དག་དང་བསྡུར་ཚེ་ཅི་ཡང་ཡིན་མི་སྲིད་པས། དཀའ་ཁག་གདོང་ལེན་གྱི་གོ་ཆ་ཕྲག་ཏུ་བསྣབས་ནས་དེ་རིང་མི་ཡུལ་དུ་དེབ་འདིའི་འཁྲུངས་སྐར་དངོས་སུ་ཚེས་པར་ང་ཚོས་ཡི་རང་སྟོང་ཕྲག་གི་ཐལ་མོ་རྡེབ་བཞིན་ཡོད།
      ང་ནི་ཁོང་གི་ལེགས་དེབ་འདིའི་རྩོམ་ཡིག་གི་མ་ཟིན་རྣམས་ཞིབ་ཕྲ་བྱས་ཏེ་ཀློག་མཁན་གྱི་གྲས་ཐོག་མ་དེ་ཡིན་ངེས་ལ། ཁོང་གིས་བྲིས་པའི་དྲ་རྩོམ་དུ་གཏོགས་པ་དང་མ་གཏོགས་པ་སོགས་མདོར་ན་ཁོའི་སོར་མོའི་འདུ་བྱེད་ཀྱི་ཡི་གེའི་སྒྱུ་འཕྲུལ་ཀུན་ལ་དུས་གཏན་དུ་མིག་ཟུང་འཁྲེང་མཁན་གྱི་གྲས་དེ་ཡིན་པས། ཁོང་གི་སྙན་དེབ ལམ་གྱི་སེམས དང་འབྲེལ་མ་འབྲེལ་གྱི་རྩོམ་རིག་ཏུ་གཏོགས་པ་ཀུན་གྱི་ངོས་ནས། ཁོས་ཇི་ལྟར་བྲིས་པ་དང་ཁོ་ཇི་ལྟར་ཡི་གེ་བར་གྱུར་བའི་གོ་རིམ་གྱི་ཚན་ཁ་དེ་རོབ་ཙམ་གླེང་ན།
   
     དེང་གི་རྩོམ་པ་པོ་ལ་ལ་ལྟར། ཁོས་རང་ཉིད་རྩོམ་པོའི་སྟེགས་བུར་འཛུལ་ཆེད་དུ། གཞན་གྱི་ཚེ་སྲོག་དང་དུས་ཚོད་ཀྱིས་བྲིས་པའི་དམར་པོ་སྲོག་གི་རྩོམ་ཡིག་དག་བཤུ་འབྲི་བྱས་མ་མྱོང་ལ། སྒེར་གྱི་ཚོར་བ་དང་ཡི་གེའི་རིན་ཐང་གི་ཟབ་ཚད་སྒོར་མོས་ཀྱང་འཇལ་མ་མྱོང་བ་ནི་ངས་གདེང་ཚོད་མཐོན་པོའི་སྒོ་ནས་སྨྲ་ཕོད་དོ། །

    ཁོ་ནི་དེང་གི་སྙན་ངག་པ་ལ་ལ་ལྟར། རྩོམ་པ་པོ་མིང་གྲགས་ཅན་ཞིག་གིས་གཞོག་འདེགས་བྱས་ནས་རྩོམ་པ་པོའི་རྒྱལ་སར་བཙན་ཐབས་ཀྱིས་འཛེགས་པ་མ་ཡིན་ལ། ཉིན་ཞག་དང་ཟླ་བ་རེ་ཟུང་ལ་རྩོམ་རིག་དང་སྙན་ངག་ཡིན་ནོ་ལོ་ཐར་ཐོར་རེ་བྲིས་ཏེ། ཐོད་བརྒལ་གྱིས་རྩོམ་པ་པོའི་ཆོ་ལོ་ཐོབ་པ་མ་ཡིན་ཏེ། ལོ་ངོ་དྲུག་བདུན་གྱི་ཉིན་ཞག་གི་འགག་འཕྲང་བརྒྱུད་ནས་ད་གཟོད་བོད་ཀྱི་དབྱངས་གསལ་གྱི་ཕྲེང་ཐག་ལག་པས་འཇུ་མཁན་གྱི་གྲས་དེ་ཡིན། 
 
     ཁོས་མཁས་པའི་ཟོལ་ཆེན་ངོམས་ནས་དགག་སྒྲུབ་རང་བཞིན་ཅན་གྱི་རྩོམ་ཡིག་བྲིས་མ་མྱོང་ལ། འགན་འཁྲིའི་ཁ་ལྕེ་གཡར་ནས་སློབ་གསོ་རང་བཞིན་ཅན་གྱི་རྩོམ་ཡིག་དེ་ལས་ཀྱང་བྲིས་མ་མྱོང་མོད། ཡིན་རྒྱུ་ནི་ཁོང་ནི་བོད་ཀྱི་དབྱངས་གསལ་ལ་སྙིང་ནས་དགའ་མཁན་གྱི་རྩོམ་པ་པོ་མཚན་ཉིད་པ་ཞིག་ཡིན་པ་དེ་ཡིན།
    དེ་ལས་ད་རེབ་ཀྱི་དེབ་འདིར་མཚོན་ན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་གླེང་གཞིའི་ཚུལ་དུ་བྲིས་པའི་མགོ་བརྗོད་དེ་ཕུད་ཤུལ་ནས། ཤོག་ངོས་༡༨༠ ལྷག་ཅིག་འདུག་ལ། ལམ་གྱི་སེམསཞེས་པའི་ཐ་སྙད་འདི་གཅིག་པུའི་ངོས་ནས་བསམ་བློ་བཏང་ནའང་། རྩོམ་པ་པོ་ཁོང་གིས་དེབ་འདིའི་ནང་གི་ཡིག་འབྲུ་རེ་རེ་ནས་ཀྱང་ཀྱག་ཀྱོག་གི་འཕྲང་ལམ་བརྒལ་སྐབས་ཀྱི་སེམས་ཚོར་ཇི་བཞིན་འཕྲལ་དུ་ཡི་གེར་བསྟབས་པ་ཡིན་ཤས་ཆེ་སྟེ། ཁ་བྱང་འདི་གཅིག་པུས་ཀྱང་རྩོམ་པ་པོའི་ནང་སེམས་ཀྱི་འཇིག་རྟེན་ལ་ང་ཚོས་མྱོང་རོལ་ཐེངས་གཅིག་ལོས་ཐུབ་སྙམ། དེབ་འདིར།བསམ་དཔྱོད་རང་མོས་རང་ལབཚོར་ཞོགས་རང་བྱུང་རང་བབས སྣང་བ་རང་སྟོང་རང་གསལ 》《 མི་སེམས་རང་རིག་རང་མཐོང སྟེ། རིགས་ཚན་བཞི་རུ་བགོས་འདུག་ལ། རིགས་ཚན་དང་པོ་གཉིས་ནི། རྩོམ་པ་པོ་རང་གི་སེམས་ཁོང་ནས་བརྡོལ་བའི་དགའ་སྐྱོ་དུངས་གསུམ་གྱི་མིག་ཆུས་སྐྱ་ཐིགས་བྱས་ནས་བྲིས་པ་རེད་འདུག་ལ། ཚན་པ་ཕྱི་མ་གཉིས་སུ་ནི། དེང་གི་སྐད་ལྟར་བྱས་ན་འཆར་ཡན་དང་སྒྱུ་འཕྲུལ་གྱི་བྱེད་ཐབས་གཙོ་བོ་བཀོལ་ནས་བྲིས་པ་ཞིག་ཏུ་སྣང་སྟེ། མདོར་དྲིལ་ན། ཁོང་གི་དེབ་གསར་འདི་ནི་བོད་ཀྱི་དབྱངས་གསལ་གྱི་མཆོད་སྡོང་མཛེས་པར་རྒྱན་པའི་རྒུ་འབྲུམ་གྱི་ཞིང་ས་དེ་ཡིན་པར་ང་ལ་ཡིད་ཆེས་ཡོད་དོ། །
 
     ལྟོས་བཅས་ཀྱིས་བཤད་ན། ངའི་ཕ་ཡུལ་དུ་སྣ་མང་ཤེས་རིག་གི་གླིང་ཁ་རུ་ཐོས་བརྩོན་ཤེས་སྤོབས་ཀྱིས་འཇུག་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། གཞོན་སྐྱེས་ཤེས་ཡོན་པའི་སྡེ་ཁག་ཀྱང་གསར་དུ་གང་མང་མང་གིས་འཚར་ལོངས་འབྱུང་བཞིན་ཡོད་པས། གྲོགས་པོ་ཁོང་ཡང་ཕ་ཡུལ་གྱི་གཞོན་སྐྱེས་གང་མང་ཞིག་གི་མིག་དཔེར་ལྟ་འོས་པའི་ན་གཞོན་རེ་བ་ཅན་ཞིག་དང་། མི་རིང་བའི་ཁོང་གི་དེབ་གསར་འདིས་ཀྱང་མྱུ་གུ་གསར་དུ་འབུས་པ་ལྟ་བུའི་ཕ་ཡུལ་གྱི་གཞོན་སྐྱེས་སྟོང་ཕྲག་མང་པོའི་བློ་སྒོ་ཁད་ཀྱིས་འབྱེད་ཐུབ་པའི་སྨོན་ལན་བརྒྱར་འདེབས་པ་ལགས་སོ། །
            ཞེས་པའང་གསར་བརྗེ་བ་རུ་འབོད་པ་དེས་བྲིས་སོ། །