དཔེ་འཕྲིན། ཚོར་བའི་དབྱངས།

    ཚོར་བའི་དབྱངས་དཔེ་སྐྲུན་ཁང་།


དཔེ་འཕྲིན། ཚོར་བའི་དབྱངས།

རྩོམ་པ་པོ་ངོ་སྤྲོད་མདོ་བསྡུས།
 
ན་གཞོན་སྙན་ངག་པ་ཁོང་ནི་ཡུལ་གསེར་རྟའི་འབྲོག་ཁྱིམ་དཀྱུས་མ་ཞིག་དུ་སྐྱེས་ཤིང་། ཆུང་དུས་ནས་རྒྱལ་ཁབ་རིམ་པའི་སློབ་ཆུང་དུ་ཞུགས་ནས་ཀ་ཁའི་སྦྱོར་ཀློག་ལ་ཐོས་པ་བགྱིས། དེ་ལྟར་སློབ་སྦྱོང་གི་སྡེ་ཁག་རིམ་གྱིས་འགྲིམས་ནས་དཀའ་སྡུག་གང་མང་ལ་གཡུལ་འཐབ་བྱས་མཐར། དམའ་འབྲིང་གི་དུས་སྐབས་ནས་བཟུང་རྩོམ་རིགས་ཕྱོགས་ལ་དགའ་བ་དང་སྤྲོ་བ་ཤུགས་ཆེར་བསྐྱེད། དེ་ལས་ཁོང་གིས་སྒེར་རྩོམ་དང་པོ༼རྡུལ་དམར་གྱི་མཆོད་པ་༽དཔར་དུ་བསྐྲུན། མ་ཟད་དུས་དེབ་དང་ཚགས་པར། དྲ་ལམ་སོགས་ཕྱོགས་སོ་སོ་རུ་རང་མོས་སྙན་ངག་དང་བཅད་རྩོམ། འབྱིན་རྩོམ་སོགས་མང་དུ་སྤེལ། ཁོ་བོ་བོད་སྐད་ཡིག་ལ་དུང་བ་དང་ཚོར་བ་ཟབ་མོ་ཡོད་སྟབས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ནས་ལོ་གསུམ་ལ་ཉེ་བའི་རིང་དུ་བོད་སྐད་ཡིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་དུ་བཀའ་དྲིན་ཅན་གྱི་བླ་མ་དང་སློབ་དཔོན་རྣམས་ཀྱིས་ལྷག་བསམ་དང་ཐུགས་ཁུར་འོག་ནས་ད་ཐེངས་ཡང་། སྙན་དེབ་གསར་བ་༼ཚོར་བའི་དབྱངས་༽ཞེས་པ་འདི་དཔར་དུ་བསྐྲུན་པ་ཡིན་ལགས། 

ཁ་བཏགས་ཤིག་གི་ཚབ་ཏུ།
 
    འདི་ན་རང་གི་སྐད་ཡིག་དང་རིག་གནས་ལ་དུང་བ་ཟབ་པའི་ན་གཞོན་རྩོམ་པ་པོ་གསེར་དུང་སྙུག་ལགས་ཀྱིས་དེབ་ཕྲེང་གཉིས་པ་<<ཚོར་བའི་དབྱངས།>>ཞེས་པའི་སྙན་རྩོམ་ཞིག་མི་རིང་བར་ང་ཚོའི་སེམས་ཀྱི་ལོངས་སྤྱོད་དུ་དགྲམ་ལ་ཉེ་དུས། བདག་གིས་ཀྱང་སེམས་ཀྱི་དགའ་སྤྲོའི་ཁ་བཏགས་ཤིག་དེར་ཕྱོགས་སུ་ངང་གིས་འཐེན་དགོས་བྱུང་། རྒྱུ་མཚན་ནི། ཁོང་གིས་བགྲང་བྱ་དུ་མའི་རིང་དུ་ཤེས་རིག་གི་གླིང་ག་ནས་རྙེད་པའི་མྱོང་ཚོར་དག་སྙན་ཚིག་གི་ཐ་སྙད་ལས་དྲངས་ཤིང་། སྤྱི་ཚོགས་ཀྱི་འགལ་འདུའི་སྣང་བརྙན་དག་སྡེབ་ལེགས་ཀྱི་ཚིག་ཕྲེང་ལ་བརྒྱུས་པ་འདི་ནི་ཤེས་ལྡན་པ་ཞིག་གི་ཁྱད་ཆོས་ཡིན་པས་ཁ་བཤད་དོན་ཐོག་ཏུ་འཁྱོལ་བའི་བྱ་བའི་གྲུབ་འབྲས་བཟང་པོ་འདི་འདྲ་བ་དག་ནི་བསྟོད་འོས་པ་ཉག་གཅིག་ཡིན་ལ། དེ་ལས་ཀྱང་རྩོམ་པ་པོ་ཁོང་ལ་མཚོན་ན་སློབ་མ་ཞིག་ཡིན་པའི་ཆ་ནས་ལྷག་ཏུ་བསྔགས་འོས་པ་ཉག་གཅིག་ཏུ་མཆིས།  
དམིགས་བསལ་དུ་ཀློག་པ་པོ་དག་ལ་ཞུ་དགོས་པ་ཞིག་ལ། ཁོང་གི་བརྩམས་ཆོས་འདིའི་ནང་དུ་ཚིག་དོན་གང་གི་ཐད་ནས་ཀྱང་ནོར་འཁྲུལ་མེད་པ་ཞིག་མི་སྲིད་མོད། འོན་ཀྱང་ཡོན་ཏན་ནི་ནོར་འཁྲུལ་དང་ལྷན་དུ་ལྟོས་གྲུབ་ཀྱི་སྒོ་ནས་རྙེད་དགོས་པས་ང་ཚོའི་ནམ་ཡང་ནོར་འཁྲུལ་དང་འགྲོགས་ཏེ་རིག་པའི་རྒྱལ་ཁ་ལེན་དགོས།
         ༢༠༡༨-༡༡-༢༥ཉིན་ཁ་བཏགས་ཤིག་གི་ཚབ་ཏུ་ཁམས_རིག་པའི་མེ་ཏོག་གིས། 
སྙན་ངག་ནི་མིའི་རིགས་ཀྱི་སྐད་ཆ་གློད་སྟངས་ཤིག་སྟེ། ཉེ་རིང་ཆགས་སྡང་གིས་སེམས་ཀྱི་གཟུངས་ཐག་ལ་བརྒྱུས་ནས་ཚོར་བའི་དབྱངས་འགྲོས་ལྟར་བཤད་དགོས་པ་ཞིག་ཡིན་པར་སྙམ། རེབ་འདིར་ནང་མྱི་སྨུག་པོ་གསེར་དུང་སྙུག་ལགས་ཀྱིས་ཚིག་དང་ཐ་སྙད་ཀྱི་ཡོ་ལང་ནང་སེམས་ཀྱི་མཁའ་དབྱིངས་སུ་བྱེར་ནས་མི་ཡུལ་གྱི་འདམ་མྱུགས་ལས་རོ་ལངས་ཐེངས་གཅིག་བརྩམས་པར་རྟེན་འབྲེལ་ཞུ། རྗེས་སོར་དཔེ་ཀློག་དང་བསམ་གཞིག་མི་ཚེའི་དོན་སྙིང་རུ་འགྱུར་བར་སྨོན། 
                                   མ་བྱན་གྱིས་སྦྱར། 

འཁོར་བའི་རྒྱ་མཚོ་སྐྱོམས་པའི་རྦ་ཀློང་གྱི།
རླབས་ཀྱི་གཉེར་མས་གང་སར་ཁུར་བ་ཡི།།
བརྗོད་དུ་མེད་པའི་གདངས་ཀྱི་ཆོས་ཉིད་ཡང་།།
༼ཚོར་བའི་དབྱངས་ཀྱིས་༽རི་མོའི་གཟུགས་སུ་བསྡུས།།
                        ཐོ་ཡོར་གྱིས།

སྒྱུ་རྩལ་མཛེས་མའི་ཕྱག་ཟུང་གི། སྙན་ངག་གངས་སེང་འོ་མ་མཆོད༎
                       ཨ་སྐྱབས་དར་རྒྱས་ཀྱིས།


                            སྒྲིག་སྦྱོར་བ། མྱི་གསར་བ།