མ་འོངས་པའི་རང་ཉིད་ལ་ཕུལ།

    རྩོམ་པ་པོ། མྱི་གསར་བ།

མ་འོངས་པའི་རང་ཉིད་ལ་ཕུལ། ལྷུག་རྩོམ།

                           མྱི་གསར་བ། མི་ཉག

 
         དུས་ཚིགས་འདི་ནི་དབྱར་གཞུང་གི་མཚན་མོ་ཞིག་ཡིན་ལ།   འཆར་ཡན་དང་བསམ་གཞིག་རྒོད་པའི་དུས་སྐབས་ཤིག་ཡིན།   ངས་དུས་ཚིགས་འདི་ལ་གཅེས་སྤྲས་བྱ་དགོས་པ་ཤེས་ཏེ།   དུས་ཚིགས་འདི་ཁོ་ནས་ང་ལ་མཛེས་སྡུག་དང་དོན་སྙིང་གནང་ངེས་པས་སོ།།    ད་ལྟ་ཕྱི་རོལ་དུ་ཡར་ངོའི་ཟླ་བའི་དཀར་འོད་ཕྱོགས་སུ་འཕྲོ་ན་ཡང་ངས་སྒེའུ་ཁུང་གི་ཡོལ་བ་མར་ལ་ཕབ་ཅིང་སྒྲ་སྒམ་གྱི་སྐད་གདངས་དམའ་ཙམ་བྱས་ཏེ་ནང་སེམས་སྐྱོམ་པར་བྱེད་པའི་རོལ་དབྱངས་ཤིག་ལ་ཉན་པར་བྱས།   སྔས་འགྲམ་ཇ་ཆས་སྟེང་གི་སྤོས་ཕོར་ནང་དུ"རྫོང་སར་བདུག་སྤོས"ཤིག་གི་ཕྱེད་ཀ་སྒྲོན་ཞིང་།   སྤོས་དུད་ཀྱིས་ཆུང་ཞིང་གུ་ཡངས་པའི་གྲྭ་ཤག་གི་བར་སྣང་ཡོངས་སུ་ཁྱབ།   དབྱིབས་གཟུགས་གྲུ་གསུམ་ཡིན་པས་ཕོར་དེམ་ནང་དུ་ཤོག་ཐིམ་ནང་གི་ཚིག་ཇ་ཕྱེད་ཙམ་བླུག་ཅིང་དེའི་ནང་དུ་བྱེ་མ་ཀ་ར་གསུམ་ཙམ་འཕངས།   དེ་ནི་མངར་བ་དང་ཁ་བའི་རོ།   དེ་ནི་མཚན་མོ་དང་འཚོ་བའི་རོ།   དེ་ནི་བརྗོད་ཐབས་བྲལ་བའི་མཛེས་སྡུག་གི་རོ་ཞེས་པའོ།།   ད་ལྟ་བདག་གི་སེམས་ངོར།   ཟླ་འོད་ནི་ཕྱི་རོལ་ཁོ་ནར་འཆར་ཐུབ་པའི་ཐོགས་རེག་ཅན་གྱི་ཆོས་ཉིད་ཅིག་ཡིན་པ་ཁས་ལེན་མ་ཐུབ་ལ།   མིག་ཟུང་ཁོ་ནས་མཐོང་ཐུབ་པའི་གཟུགས་ཅན་ཞིག་ཡིན་པའང་བརྗོད་དུ་མ་སྤོབས།   དེ་ལྟར་བཤད་དོན།   ཟླ་བའི་ནང་དུ་ཟླ་བ་གཞན་ཞིག་ཡོད་པས་ཡིན་ནམ།   མིག་ལམ་དུ་མངོན་པའི་ཟླུམ་གཟུགས་དེ་ཟླ་བ་མ་ཡིན་པས་ཡིན།   དེ་ནི་རང་གིས་ཀྱང་ད་ལྟ་ད་དུང་གསལ་བོ་ཞིག་གོ་མེད་པ་འདྲ་ལ།   ཡང་ན་གོ་ཡང་ངག་ཚིག་གིས་མཚོན་མ་འདོད་པ་འདྲ།  
 
         གློ་བུར་དུ་ཉིན་འདི་ཀའི་སློབ་ཚན་དག་ལ་སྡོམ་རྩིས་ཤིག་བྱ་འདོད་སྐྱེས་ཏེ།   ངའི་ཉིན་རེའི་སློབ་ཚན་དག་ནི་འཇིག་རྟེན་མཐོང་སྣང་ལས་བརྒལ་བའི་ས་ལམ་གྱི་རྣམ་བཞག་ཡིན་ལ།   འཇིག་རྟེན་འཚོ་གནས་ལ་མཁོ་བའི་ཕར་ཕྱིན་དྲུག་དང་བྱང་ཕྱོགས་སོ་བདུན་གྱི་རྣམ་བཞག་ཡིན།   དེ་ནི་མཚར་སྣང་དང་ཤེས་རབ་ལྡན་པའི་ནང་ཆོས་ཀྱི་ཡང་སྙིང་སྟེ།   ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཞེས་པ་དེ་ཡིན་ནོ།    སློབ་དཔོན་སེང་བཟང་གིས།   བརྩོན་འགྲུས་དང་ལྡན་པ་ནི་སེམས་ལུས་སུ་རུང་བ་ཉིད་དུ་བྱེད་པས།    ཞེས་གསུངས་པ་ལྟར་རང་ཚོད་ཀྱིས་བརྩོན་པའི་རྟ་མཆོག་ལ་ཆིབས་ཏེ།    མཐའ་ཡས་པའི་ཤེས་བྱའི་རྒྱལ་ཁམས་ལ་འགྲིམ་བཞིན་རང་སེམས་ཀྱི་སྐྱུག་མེར་བའི་འདུ་ཤེས་དང་ལོག་རྟོག་མཐའ་དག་དོར་བ་ལ་བརྩོན་བཞིན་ཡོད་དོ།།   དེ་ནི་ང་ལ་མཚོན་ན་ཆེས་དོན་སྙིང་དང་གཟི་བརྗིད་ཀྱིས་ཕྱུག་པའི་ལུས་ཤིག་ཅིས་ཀྱང་ཡིན་ངེས་ཤིང།    ངས་འདི་ལྟར་ཚེ་སྲོག་གི་རྒྱུན་མཐུད་ཐུབ་ཚེ་ངའི་མི་ཚེར་དོན་སྙིང་གིས་ཕྱུག་ངེས་ལ།    སྐྱེ་བ་འདིར་རང་གི་འདོད་པ་ལྟར་གྱི་མི་ཞིག་བཅའ་ཐུབ་སོང་བ་མ་ཡིན་ནམ།   དེ་ནི་ཡང་དག་པའི་ལས།   དགའ་བའི་ལས།   ཡིད་ཚིམ་པའི་ལས་སོ།།   སྐྱེ་བ་འདིར་ངས་ཆོས་ལུགས་རིག་པ་གཙོ་བོར་སློབ་ཅིང་མཆོག་ཏུ་འཛིན་སྲིད་ལ།   རང་ཉིད་དགའ་བའི་རིག་གཞུང་གཞན་ཡང་ཟུར་ལྟ་དང་རང་སྦྱོང་བྱ་སྲིད་དོ།།   དེ་ནི་ངའི་མི་ཚེའི་སློབ་སྦྱོང་གི་གཏན་ཚིགས་ཡིན་ལ།   རང་གིས་རང་ལ་སྙིང་ཐག་པ་ནས་བརྩི་བཀུར་བྱ་སྟངས་ཤིག་ཀྱང་ཡིན།    ངས་ལོ་ཟླ་འདིར་དཀར་ནག་རྩིས་རིག་དང་བྲིས་ཀྱང་ཞོར་སློབ་བྱ་བཞིན་ཡོད་ལ།    ངས་རྩོམ་རིག་སྒྱུ་རྩལ་གྱི་དཔེ་ཆ་མང་པོ་རང་ཀློག་བྱེད་ཀྱིན་ཡོད་པས།   རྩོམ་པ་དང་ཀློག་པ་ནི་ངའི་ཉེ་ལམ་འཚོ་བའི་ཁྲོད་ཀྱི་དོན་སྙིང་དང་མཛེས་སྡུག་ཅེས་པ་དེ་ཡིན་ནོ་ཨང་།    ངས་ད་ལྟ་སློབ་ཚན་གྱི་ཞོར་དུ"ནང་པ་ཡིན་ནམ་མིན"ཞེས་པའི་གསུངས་རྩོམ་དང"ཟིང་ལོང་རྡེའུ་འགྲེམ"ཞེས་པའི་རྩོམ་དཔྱད་དེ་བཀླགས་ཟིན་ཞིང་།   སོས་ཧྥེ་ཡི་འཇིག་རྟེན"ཞེས་པའི་མཚན་ཉིད་རིག་པའི་དཔེ་ཆ་ཞིག་དང"རྩོམ་རིག་རྣམ་བཤད"ཅེས་པའི་རྩོམ་རིག་མཉམ་ཞིབ་ཀྱི་དཔེ་ཆ་ཞིག་ཀློག་གིན་ཡོད།    ད་ལྟ་ངའི་འཚོ་བ་ནི་དཔེ་ཀློག་གི་འཚོ་བ་ཡིན་ལ།   དཔེ་ཀློག་གི་འཚོ་བ་ནི་བག་ཡོད་དང་བློ་སྦྱོང་གི་འཚོ་བ་རེད་དོ་སྙམ།   ངས་མཁས་པའི་མྱོང་བའི་ལེགས་བཤད་ལ་བརྟེན་ནས་མི་ཚེ་ལེགས་ལམ་དུ་སྐྱེལ་བར་འབད་བཞིན་ཡོད་ཅིང་།   མཁས་པའི་ལེགས་བཤད་ལ་བརྟེན་ཏེ་ཤེས་རྟོགས་གསར་དུ་རྙེད་ཅིང་འདུ་ཤེས་བརྟན་པོར་ཆགས་པར་སྙིང་ནས་བརྩོན་བཞིན་ཡོད།   ཤེས་སམ།   རིག་གནས་ཀྱི་སྐྱེས་བུ་རེ་རེ་སའི་གོ་ལ་དང་ཆེའི་བར་ཐག་ཉེ་བའི་སྐར་མ་བཞིན་གཟི་མདངས་དང་བཅས་འོད་སྣང་གིས་འཚེར་མྱོང་ཞིང་།   སའི་གོ་ལའི་སྨག་རུམ་མང་པོ་ཞིག་འོད་སྣང་གིས་ཡོངས་སུ་སེལ་མྱོང་།    དེ་ནི་མཛངས་ཤིང་དཔའ་བའི་ལས་སོ།།    ནམ་ཞིག་ཁོང་ཅག་གིས་རྣམ་ཤེས་འཇིག་རྟེན་དཀར་ངོགས་དང་འབྲལ་དགོས་བྱུང་ཡང་རྣམ་ཤེས་ཀྱི་གཟི་མདངས་སའི་གོ་ལའི་སྟེང་དུ་འོད་སྣང་དང་བཅས་ལུས་ཡོད་ངེས།    དེ་བས་རང་ཉིད་ཀྱང་མཁས་མཛངས་རླབས་ཆེ་བའི་སྐྱེས་བུ་རྣམས་ལ་གུས་ཤིང་ཁོང་ཅག་གི་རྣམ་ཐར་གྱི་ཆ་ཤས་ཙམ་སྐྱོང་ཐུབ་ལ་བརྩོན་བཞིན་མཆིས་པ་ཙམ་ལགས།    ཚེ་སྲོག་གི་ཁྲག་རྒྱུན་བཞུར་གྱིན་འདུག་ལ་དུས་ཚོད་ཀྱི་མདའ་རྩེ་འཁོར་གྱིན་འདུག    ང་ཡི་གཅེས་ཤིང་དྭངས་གཙང་གི་བྱིས་དུས་རྫོགས་ཟིན།   བདེ་སྐྱིད་དོན་སྙིང་ལྡན་པའི་རྒས་དུས་སླེབ་སྲིད་དམ།   ང་ཡི་རེ་བའི་ཁྲོད་ཀྱི་མི་རྟག་པའི་མ་འོངས་པ།   ང་ཡི་ལས་དབང་ཁྲོད་ཀྱི་མཛེས་སྡུག་གི་མ་འོངས་པ།  
 
         ད་ནི་ངས་ཁྱེད་ལ་འདི་ལྟར་བཤད་འདོད་དེ།   ད་ལྟ་ང་རང་ནང་སེམས་རེ་བའི་ཁེངས་པའི་གཞོན་ནུ་ཞིག་ཡིན་ལ།   ཤེས་བྱའི་རྒྱལ་ཁམས་འགྲིམ་པའི་སློབ་མ་ཞིག་ཡིན།    ད་ལྟ་ང་རང་མཛེས་རྟོགས་སྣང་ཚོར་རྐྱེན་པའི་སྙན་ངག་པ་ཞིག་ཡིན་ལ།   སྒྱུ་རྩལ་ཚད་སྒྲུབ་བྱེད་པའི་ནད་པ་ཞིག་ཡིན།    ད་ལྟ་ང་སྐྱེ་འགག་སྙིང་པོ་རྟོགས་པའི་བན་ཆུང་ཞིག་ཡིན་ལ།   གུ་ཡངས་རྒྱང་འབོད་བྱེད་པའི་བསམ་བློ་བ་ཞིག་ཡིན།   ད་ལྟ་ངའི་སེམས་ཁམས་དྭངས་གཙང་དང་མཛེས་སྡུག་གིས་གྲུབ་ཡོད་ལ།   ད་ལྟ་ངའི་འཚོ་བ་ཆོག་ཤེས་དང་སྤྲོ་སྣང་གིས་ཕྱུག་ཡོད།   འཆར་ཡན་དང་མཛེས་རྟོགས་ནི་ད་ལྟའི་ངའི་མ་རྩ་ཡིན་ལ།   དཔེ་ཀློག་དང་རྩོམ་པ་ནི་ད་ལྟའི་ངའི་དོན་སྙིང་ཡིན།    ད་ལྟ་ངའི་མཐོང་སྣང་གི་ཉི་ནུབ་མཛེས་ཤིང་སྡུག་ལ།    ངའི་དྲན་ངོར་གྱི་འཇིག་རྟེན་ཤིན་དུ་ཆུང་།   ད་ལྟ་ང་རང་དགའ་ཚེ་ཤུགས་ཀྱིས་དགོད་ཕོད་ཅིང་སྡུག་ཚེ་སྙིང་ནས་ངུ་སྲིད་པའི་བྱིས་པ་ཞིག་ཡིན།   འཁོར་བའི་བྱེ་ཐང་སྟོང་བ་འདི་རུ་སྤྲོ་སྣང་དང་བདེ་སྐྱིད་ཀྱི་སེམས་སྒྲ་ཤིན་ཏུ་དབུལ་ཡང་།    ད་ལྟའི་བདག་གི་སེམས་ཁམས་དང་འཚོ་བ།   སློབ་སྦྱོང་དང་ཤེས་རིག   དགའ་ཕྱོགས་དང་དད་མོས།   གདམ་ག་དང་ལས་དབང་སོགས་རང་ཉིད་དང་འབྲེལ་བའི་བྱ་དངོས་རེ་རེ་ནས་ཆེས་བཟང་བའི་བཀོད་སྒྲིག་རེད་ཨང་བསམ་གྱིན་ཡོད་ལ།   ཆེས་ལྷིང་འཇགས་བག་ཕེབས་ལྡན་པའི་འཚོ་བ་རེད་དོ་བསམ་གྱིན་ཡོད།    དེ་བས་སྙིང་ཉེ་བའི་མ་འོངས་པའི་རང་ཉིད་ལགས།    འདི་ནས་བརྩིས་པའི་ཡུན་ཐུང་དུས་ཚོད་ནང་དུ་ང་རང་གློ་བུར་ནད་ཀྱིས་ཤི་བའམ་རང་བྱུང་འཇིག་པས་ཤི་བ།   འགྲིམ་འགྲུལ་ཉེས་པས་ཤི་བའམ་ཇག་རྐུན་དགྲ་ཡིས་ཤི་བ།    སྔོན་བསགས་ལས་ཀྱི་ཤི་བ་སོགས་གློ་བུར་དུ་འཇིག་རྟེན་དཀར་ངོགས་དང་གྱེས་པའི་སྣང་ཚུལ་མ་བྱུང་ཚེ།   རང་གིས་རང་ལ་བྲིས་པ་ལྟ་བུའི་རྩོམ་འཕྲིན་འདིས།    འདས་པའི་ད་ལྟའི་ལོ་ངོ་སོ་གསུམ་དང་བཞི་བཅུ།    ང་བདུན་དང་རེ་དགུ་གང་ལ་བསླེབ་ཀྱང་རང་གི་མཛེས་སྡུག་ལྡན་པའི་དུས་ཚོད་ཀྱི་ནང་དུ་ཕྱིར་ལོག་ཆོག་ཅིང་།    གཏན་ཚིགས་དང་རང་གཤིས་སྲུང་བར་དགའ་བའི་ན་ཚོད་འདིར་ཕྱིར་ལོག་ཆོག་པས་ཅི་འདྲའི་མཛེས་སྡུག་ལྡན་ཞིང་འཆར་ཡན་གྱིས་ཕྱུག་པ་ཞིག་རེད་ཨང་།   

          ངས་སྔོན་ཆད་འདི་ལྟར་སྟོང་འདང་རྒྱག་མྱོང་དེ།   མ་འོངས་དུས་ཚོད་ཀྱི་ཆུ་རྒྱུན་ཁྲོད་དུ།    ང་ནི་ཡང་ན་ངོ་གདོང་བཅོས་མའི་ཁེངས་པའི་ཕྱུག་པོ་ཞིག་ཏུ་འགྱུར་ཡོད་སྲིད་ལ།   ལ་ལུང་རྒྱལ་ཁམས་འགྲིམ་པའི་ཤེས་ཡོན་པ་ཞིག་ཏུ་འགྱུར་ཡོད་སྲིད།   ཡང་ན་དབེན་པའི་གནས་མལ་བརྟེན་པའི་རྣལ་འབྱོར་བ་ཞིག་ཏུ་འགྱུར་ཡོད་སྲིད་ལ།   སློབ་ཚོགས་མཐའ་ནས་རྒྱས་པའི་སློབ་དཔོན་ཞིག་ཏུ་འགྱུར་ཡོད་སྲིད།   མིན་ཚེ་སྲང་མདའི་གད་སྙིགས་སྒུམ་པའི་སྨྱོན་པ་ཞིག་ཏུ་འགྱུར་ཡོད་སྲིད་ལ།    ཉིན་རེའི་འཚོ་བ་སྐྱེལ་བའི་སྤྲང་ཀོག་ཅིག་ཏུ་འགྱུར་ཡོད་སྲིད།   ཡང་ན་རབ་རིབ་མི་ཚེ་སྐྱེལ་བའི་གྲོང་ཆོག་པ་ཞིག་ཏུ་འགྱུར་ཡོད་སྲིད་ལ།   ཁ་ཕྱོགས་ཡེ་ནས་སྟོང་བའི་ཆང་སྐྱལ་ཞིག་ཏུ་འགྱུར་བར་སྲིད་ཨང་བསམ་སྟེ་མ་ངེས་པའི་སྟོང་འདང་སྣ་ཚོགས་བཏང་བ་ཡིན།   འོན་ཀྱང་དེ་ནི་ལོང་བ་ཐང་དཀྱིལ་དུ་ལུས་པའི་དཔེ།   རླུང་བུ་ཕྱོགས་མེད་དུ་རྒྱུ་བའི་དཔེའོ།།  ཤེས་རིག་གི་ཞིང་སར་རིམ་བཞིན་འཚར་ལོངས་བྱུང་བའི་གཞོན་ནུ་ཞིག་ལ་མཚོན་ན།   ཕུགས་བསམ་ནི་མཛེས་པའོ།།   འབད་བརྩོན་ནི་འོས་པའོ།།   གཏན་ཚིགས་ནི་མཁོ་བའོ།།   དེ་བས།   ཚེ་སྲོག་གི་བཞུར་རྒྱུན་ནི་དུས་ཚོད་ཀྱི་བཞུར་རྒྱུན་ཡིན་པ་ཤེས་འོས་ཤིང་།   མ་འོངས་ཁ་ཕྱོགས་ཀྱི་གཏན་ཚིགས་ཡོད་པ་ནི་ཆེས་བླ་ན་མཐོ་བའི་ཤེས་རིག་གི་གྲུབ་དོན་ཞིག་རེད་དོ་བསམ།   རྟག་བརྟན་ཐེར་ཟུག་མེད་པའི་འཇིག་རྟེན་འདི་ནས།    འགྱུར་ལྡོག་བརྗོད་པར་དཀའ་བའི་མི་ཚེ་འདི་ལ།    མ་འོངས་འཚོ་བའི་དར་རྒུད་དེ་ལ་ཆ་འཇོག་བྱེད་པར་དཀའ་ན་ཡང་།    ང་ལ་མི་ཚེ་ནི་རྩོམ་པ་དང་ཀློག་པར་ཕུལ་བའི་གྲ་སྒྲིག་ཡོད་ལ།    རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབ"པ་ལ་འབད་པར་བྱ་བའི་བག་ཡོད་ཀྱི་བསམ་ཕྱོགས་ཡོད་དོ།།    ང་ཡི་མ་འོངས་པ་ནི་གཡོ་དང་རྒྱུ་ལ་བག་ཚ་མེད་པར་གཉེར་གཉེར་བྱེད་པའི་ངོ་གདོང་ཅན་དེ་ཡིན་མི་འོས་ལ།   ཐོབ་དང་མིང་ལ་དུང་དུང་བྱེད་པའི་བསམ་བློ་བ་རྫུན་མ་དེ་ཡིན་མི་འོས།    དེ་བཞིན་གནས་ལུགས་ལྡོག་པས་ཡིན་ཡིན་དུ་རྫུ་བའི་བླུན་པོ་དེ་ཡིན་མི་འོས་ལ།    དབུལ་པོ་གཉོམ་ཆུང་ཐུབ་ཐུབ་དུ་གནོན་པའི་ཁྲམ་པ་དེ་ཡིན་མི་འོས།    ང་ནི་ཡིན་འོས་པ་ཞིག་ལ།   ད་ལྟའི་ངའི་སྙན་ངག་ནང་གི་དྭངས་གཙང་དེ་ཡིན་འོས་ལ།    བསམ་བློའི་ཁྲོད་ཀྱི་ཕུགས་བསམ་དེ་ཡིན་འོས།   ཡང་ན་བརྩེ་དུང་ཁྲོད་ཀྱི་དྲན་གདུང་དེ་ཡིན་འོས་ལ།  རེ་བའི་ཁྲོད་ཀྱི་ཕ་ཡུལ་དེ་ཡིན་འོས།   དེ་ལྟར་ན།   རང་ཉིད་རང་གིས་བསྲུངས་ཏེ་སྐྱེ་བ་གཅིག་གི་དབུགས་རྒྱུན་ནམ་ཞིག་རང་བྱུང་དུ་ཐིམ་དགོས་བྱུང་བའི་ཚེ་ན་ཡང་།   ངས་མཐའ་མཇུག་གི་སྙན་ངག་ལྟ་བུའི་དབུགས་གི་རྒྱུ་བ་དེ་ཉིད།    སའི་གོ་ལའི་མཐོ་སྒང་དུ་བསྐྱུར་ནས་མར་མེ་ཞིག་འོད་སྣང་དང་བཅས་ག་ལེར་གཟིམ་པ་བཞིན་མཐའ་མཇུག་མིག་ཟུང་བདེ་སྐྱིད་ཀྱིས་ངང་ག་ལེར་བཙུམ་པར་བྱ་ངེས་ལགས།
         2020  7  10 མཚན་མོར་འབྲི་མགོ་བརྩམས།
                
2020  10  14 ཉིན་མཇུག་ལེགས་པར་གྲུབ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease