མི་རྟག་པའི་སྒྲུང་།

    རྩོམ་པ་པོ། མྱི་གསར་བ།

མི་རྟག་པའི་སྒྲུང་། སྙན་ཚོམས།
                ཨ་ཞང་རྒྱེན་པ་ལ་ཕུལ།

                            མྱི་གསར་བ། མི་ཉག


ཨ་ཞང*
མཐོང་སྣང་གི་བྱེའུ་འཕུར་རྗེས
སླར་ཡང་ཁྱོད་ཀྱི་ཕྱོགས་སུ་རླུང་ལྡང་བྱུང
རྩུབ་མོའི་རླུང་གི་རེག་བྱའི་ནང་དུ
གཟུགས་མེད་ཀྱི་གཏམ་རྒྱུད་ཅི་ཙམ་སྦས་ཡོད
 
བཅུ་དྲུག་ལངས་ཚོ་རྒྱུས་པའི་ཉི་མ་དེ་ལ
ཁྱོད་ཀྱི་ཨ་མ་གང་ལ་སོང་བ་ཡིན་ནམ
ཁྱོད་ཀྱི་ཨ་ཕ་གང་ནས་འོང་བ་ཡིན་ནམ
བདེ་སྐྱིད་ནི་ཅི་ཞིག་གོ   རྨི་ལམ་ནི་ཅི་ཞིག་གོ   
ཨ་ཨ    འཇིག་རྟེན་སྨུག་ལོང་གིས་བཏུམ་པ་བཞིན
ཁྱོད་ཀྱི་གཞོན་དུས་ཀྱང་སྨུག་ལོང་གིས་བསྒྲིབ་འདུག་ཨང
 
ཁྱོད་ཀྱི་སྒེའུ་ཁུང་ནང་དུ་ཚེས་ཡོད་པ་ནི
རབ་རིབ་ཏུ་གྱུར་བའི་བྱིས་པའི་སེམས་ཀྱི་ཟླ་བ་རེད
སེམས་ཀྱིས་བཟོད་པར་དཀའ་བའི་ཐོ་རངས་ཞིག་ལ
ཁྱོད་ཀྱི་ལས་དབང་ཞེས་པའི་གཞས་ཤིག་ལེན་མགོ་བརྩམ


རོལ་རྩེད་ལ་གཡེང་བའི་ན་ཆུང་གི་དུས་ནི
ནམ་མཁའ་སྨུག་པས་བཏུམ་རྗེས་ཀྱི་ཞོགས་པ་ཞིག་རེད
 
སྐད་ཅིག་གཅིག་ལ
མི་རྟག་པའི་ཆོས་འཆད་པ་བཞིན་དུ
ཁྱོད་ཀྱི་ལས་དབང་གི་འཚོ་བར་གས་ཆགས་ཤོར་སོང
དེ་ནས་བཟུང་ཁྱོད་ཀྱི་མིག་ཟུང་ལོང་བར་གྱུར་ཞིང
ཁྱོད་ཀྱི་རྣ་བ་སངས་པོར་གྱུར་དགོས་བྱུང
 
སྐྱོ་གདུང་གིས་འཚོ་བས་རྒྱལ་སྲས་ལགས
ཟུར་ཟའི་དུས་རབས་འདི་ལ
ཁྱོད་ལ་གདམ་ག་ཞིག་ཡོད་པ་ནི
ངང་རྒྱུད་མ་ཡིན་པར་རྒྱང་རིང་ཡིན་པ་ཐག་གིས་ཆོད་སོང
 


བདུད་བྷེའི་ངག་གི་གླིང་བུ་ཐེངས་འགར་བུད་རྗེས
ཁྱོད་ནི་མུ་མེད་བྱང་ཐང་དུ་ལུས་པའི་རི་དྭགས་རྨས་མ་ཞིག
 
གཡུལ་འགྱེད་སྒྲུང་གི་དཔའ་གླུ་དལ་བུར་གྱེར་དུས
ཁྱོད་ནི་མགོན་མེད་མུན་ཐང་དུ་ལུས་པའི་བྱིས་པ་དྭ་ཕྲུག་ཅིག
 
ཨ་ཞང
ཁྱོད་ཀྱིས་བྱིས་པ་ཚོར
ནགས་ཚང་ཞི་ལུའི་སྐྱིད་སྡུག"ཡང་ཡང་བཤད་པ་དྲན་ནམ
 


ཕྱི་རོལ་དུ་ཁ་བ་ཡང་ཡང་བབས་རྗེས
ཁྱོད་ཀྱིས་དབུགས་རིང་ནར་ནར་དུ་གཏོང་བཞིན
འཇིག་རྟེན་ནི་ཅི་འདྲའི་གྲངས་ཞིང་འཁྱག་པ་ལ་ཨང་ཟེར
ཕྱི་རོལ་དུ་རླུང་བུ་ཡང་ཡང་ལྡང་རྗེས
ཁྱོད་ཀྱིས་མགོ་བོ་ཆལ་ཆིལ་དུ་གཡུག་བཞིན
འཇིག་རྟེན་ནི་ཅི་འདྲའི་གཡོ་ཞིང་མི་བརྟན་པ་ལའང་ཟེར
 
འཛིན་པ་མེད་པའི་སྒྲ་སྙན་གྱི་རྒྱུད་ཐག་ལས
འོན་ལྐུགས་སུ་གྱུར་བའི་ལས་དབང་གི་རེ་སྨོན་དཀྲོལ་ཐབས་བྲལ
མཐོང་བ་མེད་པའི་གཟུགས་མེད་ཀྱི་རི་མོ་ལས
ལིང་ཏོག་གིེས་བསྒྲུབས་པའི་མཛེས་སྡུག་གི་རེ་སྙེག་འཚོལ་བར་དཀའ
 
ཨ་ཞང
ད་ནི་ཉི་འོད་དང་མུན་པས་བསྒྲིབས་པའི་ངལ་གསོའི་གླིང་ཕྲན་དུ་ཕྱིར་ལ་ལོག་པར་ཞུ
 

༥ 
ཕ་ཡུལ
དུས་ཚོད་ཁོ་ནས་འགྲེལ་ཐུབ་པའི་ལས་ཀྱི་ཆུ་མོ
བརྩེ་བའི་མིག་ཟུང་སྙི་བའི་དབྱར་ཟླ་དྲུག་པ  
 
ཁྲག་རྒྱུན
རྣམ་ཤེས་ཀྱི་ནང་ལ་ཡང་ཡང་བཞུར་རྗེས
ཕྱི་ཐག་རིང་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཏུ་གྱུར

 
༦ 

དེ་ལྟ་ནའང
དཔྱིད་ཚུགས་དེར
ཁྱོད་རང་ཕྱིར་རང་ཡུལ་དུ་ལོག་པ་ནི
འུར་ཟིང་དང་ཚེར་མའི་ལམ་ཕྲན་དུ་ཕྱིར་ལོག་པ་རེད
 
ཁྱོད་ཀྱི་མགྲིན་པ་གཏམ་གྱིས་གང་ཡང
ཁྱོད་ཀྱི་སྨྲ་བ་ཡང་ཡང་བསྡམས་བྱུང
 


རྟེན་འབྲེལ་གྱི་ཕ་ཡུལ་དུ
བརྩེ་དུང་གི་རྨས་པའི་ཁྱོད་ཀྱི་གཏམ་རྒྱུད་སླར་ཡང་སྒྲོག
སྨྲ་བ་མེད་པའི་དུས་ཚོད་ཅི་བཞིན
ལས་དབང་གི་སྨྲ་ལྕེ་སྐམ་ཐན་གྱིས་བཟུང་འདུག
ཨ་་་ང་ཡི་ལས་དབང་གི་རྩོམ་པ་པོ་ལགས
 
ཉི་ནུབ་ཀྱི་གདུང་བ་འགོག་ཐབས་བྲལ་ཡང
རེ་སྨོན་མཛེས་སྡུག་གི་མི་ཚེ་ཡིད་དུ་འོང
མི་རྣམས་ཀྱིས་གྲང་ཞིང་འཁྱག་པའི་འཚོ་བ་རོལ་ཡང
ཁྱོད་ཀྱི་འཚོ་བའི་ནམ་མཁའ་དྲོ་ཞིང་འཇམ
དེ་ལྟར་བསམ་ན་ཁྱོད་ཀྱིས་སྔ་མོ་ནས་འཚོ་བའི་ཁ་ཕྱོགས་རྙེད་ཡོད་པ་འདྲ 
 
ལོ་དེར
ཁྱོད་ཀྱི་ཐེར་མའི་ཤན་ཐབས་དམར་ཞིང་སྨུག
ཁྱོད་ཀྱི་འཚོ་བའི་ཤ་ཐུད་རྒྱས་ཤིང་འཛོམས
ཁྱོད་ཉིད་བཞུགས་སའི་མལ་ཁྲི་དྲོ་ཞིང་འཇམ
གལ་ཏེ་ཁྱེད་ཀྱིས་ཆོག་ཤེས་ཀྱི་རོལ་མོ་དཀྲོལ་ཤེས་ན
ཅི་འདྲའི་མཛེས་ཤིང་སྡུག་པ་ལ   ཅི་འདྲའི་མཛེས་ཤིང་སྡུག་པ་ལ 
 


ད་ནི
མཚན་མོའི་ཟླ་སྐར་གྱི་ངོས་སུ
གྲང་ཞིང་འཁྱག་པའི་སེམས་ཀྱི་གསང་བ་གླན
བརྗེད་པ་མེད་པའི་དུས་ཚུགས་རེ་རེ
ཁྱོད་ཀྱིས་མཐོང་བར་དཀའ་བའི་འཇིག་རྟེན་གྱི་ལོགས་སུ་སྦས
རྐང་རྗེས་རྡོ་ལ་དཔར་བྱུང   ཉི་མས་ཞུ་ཐབས་ཨེ་འདུག
 
ཨ་ཞང
མཚོ་ནང་ཟླ་བ་ཤར་བའི་མཛེས་སྡུག་གི་ཚུལ་ལ
སེམས་ཁུང་ནས་ཁེར་རྐྱང་གི་གཞས་ཤིག་ལེན་པར་ཞུ
 


མིག་ཟུང་གཟི་མིག་གསུམ་པའི་འོད་ཟེར་དང་འདྲེས
འོད་ཟེར་དེ་ནི་འཁོར་བའི་སྙིང་པོ་ལེན་པའི་ཨ་མ་ཡིན
ཨ་མའི་ལག་པ་བྲང་ཁར་ཡང་ཡང་སྦྱར་ཏེ་གཞས་ཀྱང་ལེན
 
བཙའ་ཆགས་པའི་རལ་གྲི
རེ་སྨོན་གྱི་མིག་ལ་ཡང་ཡང་འཆར
མདངས་ཟད་མའི་མུ་ཏིག
ལག་པའི་ནང་གི་རི་མོ་བཞིན་གསལ
 
ཤེ་མོང་མངའ་ཐང་དར་བའི་ཉི་མ་ཞིག་ལ
ཁྱོད་ཀྱི་འཚོ་བའི་རོལ་རྩེད་ཡང་ནས་ཡང་དུ་བརྩིས་མཐར
མིག་ཟུང་ཉི་ནུབ་ལ་ཕྱོགས་ཏེ་སྙིང་ནས་ངུས་བྱུང
 

༡༠
སེམས་ཁྲལ་གྱི་གཙང་བོའི་ཁ་རུ
མཛེས་སྡུག་བོར་བའི་རྣམ་ཤེས་ཀྱི་གཤོག་པ་ངལ་ཞིང་དུབ
འཇམ་པོ་རླུང་གིས་རེག་ཐབས་བྲལ་བའི་ནམ་མཁའ་སྟོང་བ
དུས་ཚོད་ཀྱི་ཟིན་ཐོའི་ནང་དུ་གསལ་བོར་བྲིས་འདུག
 
འཇིགས་ཤིང་ཡ་ང་བའི་དུས་ཚོད་ཀྱི་རེ་སྨོན་ཁྲོད་དུ
ངོ་མཚར་བའི་ཉི་ཟླའི་འཆར་ནུབ་ཇི་ལྟར་སྟོན
 
བརྗོད་པ་མཐའ་དག་སྐམ་པར་གྱུར་ཡང
ཕུགས་བསམ་མཐའ་དག་སྟོང་པར་གྱུར་ཡང
ཁྱོད་ནི་འཚོ་བའི་ཁྲོད་དུ་ཡར་ལ་འགྲེང་འདུག
 

༡༡  
ཨ་ཞང
ལས་དབང་ནད་ཀྱིས་ཟིན་རྗེས
དུས་ཚོད་ཕྱིར་ལ་ལོག་པའི་སྟོང་སེམས་མ་བཅིང
འཚོ་བའི་རྨོངས་པའི་ཉི་མ་ཞིག་ལ
ཁྱོད་ཀྱི་གྲིབ་གཟུགས་གཙང་པོའི་ནང་དུ་ལྷུང
སྐད་ཅིག་ཉིད་ལ་འཆི་བའི་སྒྲ་ནི་བསྟུན་མར་གྲགས
བག་ཕེབས་དགའ་བ་བསྐྱེད་པའི་གླུ་ནི་ལེན་ཐབས་བྲལ
 
གཏམ་རྒྱུད་ནང་གི་ཉམས་ཐག་པའི་དུས་ཚོད་ཉེར་བཞི
མི་ཚེ་གཅིག་ལ་འགྲེལ་ཐབས་དཀའ་བའི་ལས་དབང་ཞིག་གོ
 

༡༢
ལག་ངར་དང་སོར་མོ་ནང་ལ་གུག་དང
རང་བཙན་གྱི་འཚོ་བའི་ཁ་དོག་སྔོན་པོ་རེད་དམ
ཚོར་བ་དང་འདུ་ཤེས་གྲིམ་པོར་གནང་དང
གཅེས་པའི་ཚེ་སྲོག་གི་ཁྲག་རྒྱུན་དམར་པོ་རེད་དམ
 
མི་རྟག་པའི་སྒྲུང་འདི
ཁྱོད་ཀྱི་མི་ཚེས་གཏམ་རྒྱུད་དུ་རྩོམ་དགོས་པ་ག་རེ་ཡིན་ནམ
མི་རྟག་པའི་སྒྲུང་འདི
ང་ཡིས་སྙན་ངག་ཁོ་ནས་མཚོན་དགོས་པ་ག་རེ་ཡིན་ནམ
 
སྣང་ཞིང་སྲིད་པའི་མེ་ལོང་ཆག་རྗེས
གཡའ་དག་པའི་བདག་གི་ངག་ཀྱང་ལྐུག་པར་འགྱུར་སྲིད
དེ་བས་བདག་གི་མགྲིན་པ་གཟེངས་སུ་བཏེགས་ནས
འགྲེལ་ཐབས་བྲལ་བའི་དུས་ཚུགས་འདི་དག
རང་ཉིད་ཁང་སྟོང་དུ་ལོག་རྗེས་ཡང་ཡང་སེམས་ལ་བབས་འོང་བའི
རྨི་ལམ་ནང་གི་གྱེས་བྲལ་གྱི་གཏམ་རྒྱུད་ཙམ་རེད་ཅེས་ཞུ་སྙིང་འདོད

༡༣
ལོ་ངོ་ཞེ་བདུན་འདས་རྗེས
ཁྱོད་ཀྱི་ད་དུང་རྒྱང་རིང་ལ་བལྟས་འདུག
ཁྱོད་ཀྱི་མཐོང་སྣང་གི་རྒྱང་རིང་ནི་ཇི་འདྲའི་རྒྱང་རིང་ཞིག་རེད་ལ
ཁྱོད་ཀྱི་རེ་སྨོན་གྱི་འཁོར་བ་ནི་མི་རྟག་པའི་སྒྲུང་ཞིག་དང་ཡེ་ནས་མཚུངས
 
དུས་ཚོད་སླེབས་བྱུང
འཁྲུལ་སྣང་གི་ཉི་མ་རྟག་ཏུ་འཆར་ངེས
ཨ་ཞང“མགོ་བརྩམས་རྗེས་མཇུག་བསྡུ་དགོས་པ་ནི་ཆོས་ཉིད་རེད”
                                 2019   10  9 མགོ་བརྩམས།
                                 2020   3   15 མཇུག་གྲུབ།
                                 2020   5   2 སླར་ཡང་བཅོས།

* གྲོགས་པོ། བདག་གི་ཨ་ཞང་རྒྱེན་པ་ནི་ཁྱོད་ཀྱི་ཨ་ཞང་བཞིན་ཕོ་བ་ཕྱི་ལ་འབུར་ཞིང་ཀླད་སྤུ་ཡེ་ནས་མེད་པའི་མིག་མདང་ཡག་པོ་ཅན་ཞིག་ཡིན་ལ།  ཁྱོད་ཀྱི་ཨ་ཞང་བཞིན་གཟུགས་པོ་ཤིན་དུ་ཐུང་ཞིང་ཁ་སྤུ་ཕྲ་མོ་འཇོག་པའི་ངོ་མདང་དམར་ཁ་ཚ་བ་ཞིག་ཡིན།  བདག་གི་ཨ་ཞང་རྒྱེན་པ་ནི་ཁྱོད་ཀྱི་ཨ་ཞང་བཞིན་སྣ་རྩེ་ཨེན་ཙམ་འབུག་ཅིང་མ་ཁ་ཅུང་ཙམ་དྲུད་པའི་ཡ་ཐོད་གཉེར་མ་ལྷུང་བ་ཞིག་ཡིན་ལ།    ཁྱོད་ཀྱི་ཨ་ཞང་བཞིན་ངོ་དབྱིབས་ཟླུམ་པོ་ཡོད་ཅིང་སྐྲ་ལོ་ཅུང་ཙམ་སེ་བའི་མིག་ཤེལ་ཅན་ཞིག་ཡིན།  བདག་གི་ཨ་ཞང་རྒྱེན་པ་ནི་རྟོག་བཏགས་ཁྲོད་ཀྱི་བེམ་རོ་ཙམ་མ་ཡིན་པར་དངོས་ཡོད་ཁྲོད་ཀྱི་གཏམ་རྒྱུད་འབྱུངས་ཁུང་ཙམ་ལགས།   ཡིན་ནའང་འུ་ཅག་གི་ཨ་ཞང་ལ་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་འཚོ་བའི་རོལ་རྩེད་ཀྱི་བྱུང་བ་ཙམ་སྟེ།  མི་ཚེའི་ཕུགས་བསམ་དང་འཚོ་བའི་བརྩེ་འདུན་།  མི་ཚེའི་དར་རྒུད་དང་འཚོ་བའི་འཕོ་འགྱུར།  མི་ཚེའི་ལས་དབང་དང་འཚོ་བའི་སྐྱོ་གར་སོགས་ཟུར་དང་གྲུ་མི་འདྲ་བའི་མི་དང་མིའི་ལས་དབང་མཚོན་པའི་ཆོས་ཉིད་ཀྱི་ཆ་ཤས་ཙམ་མོ།།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease