བརྩེ་ལྡན་གྱི་ཨ་མ།

    རྩོམ་པ་པོ། མྱི་གསར་བ།


           སྐྱེ་བ་འདིའི་ཨ་མ་ཚེ་རིང་དབང་མོ་སོགས་ཨ་མ་ཡོངས་ལ་ཕུལ།

ལྷུག་རྩོམ།
       བརྩེ་ལྡན་གྱི་ཨ་མ། 
                      མྱི་གསར་བ། མི་ཉག

       ཨ་མའི་གོ་དོན་ནི་བྱམས་བརྩེའི་གོ་དོན་ཡིན་ལ།  བདེ་སྐྱིད་དང་མཛེས་སྡུག་གི་གོ་དོན་ཡིན།   ཨ་མའི་གོ་དོན་ནི་ཁྱིམ་གཞིས་ཀྱི་གོ་དོན་ཡིན་ལ།   ཆ་མཐུན་དང་ཞི་བདེའི་གོ་དོན་ཡང་ཡིན།   འུ་ཅག་གི་མཐུན་སྣང་གི་འཇིག་རྟེན་ནི་ཨ་མས་བསྐྲུན་ཞིང་།   ཟག་བཅས་འཁོར་བའི་དོན་སྙིང་ཡང་ཨ་མས་བསྐྲུན་པ་རེད།   ཨ་མ་ནི་བརྗོད་པར་དཀའ་བའི་གནས་ལུགས་ཀྱི་བང་མཛོད་ཡིན་ལ།   ཨ་མ་ནི་བརྗོད་ཀྱང་རྫོགས་མཐའ་བྲལ་བའི་རང་བྱུང་གི་མཛེས་སྡུག་ཡིན།   

       འུ་ཅག་འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་ཐོག་མར་མཐོང་བའི་གཟུགས།  ཐོག་མར་ཐོས་པའི་སྒྲ།  ཐོག་མར་ཚོར་བའི་དྲི།   ཐོག་མར་མྱངས་བའི་རོ།  ཐོག་མར་འཕྲད་པའི་རེག་བྱ་མ་ལུས་པ་བརྩེ་ལྡན་ཨ་མའི་ལུས་སེམས་ཀྱི་ཁྲག་རྒྱུན་དང་འབྲེལ་བ་ཡོད་སྐད།   དེ་བཞིན་འུ་ཅག་གི་སྐད་བརྡ་ཨ་མ་ཞེས་པའི་ཐ་སྙད་ལས་བརྩམས་ཤིང་འུ་ཅག་གི་རྐང་བ་ཨ་མའི་པང་ནས་ས་ཆེན་གྱི་ངོས་སུ་ཐོག་མར་སྤོས་པ་རེད།   འུ་ཅག་གི་གཏམ་རྒྱུད་ཨ་མ་ནས་མགོ་བརྩམས་ཤིང་འུ་ཅག་གི་འཇིག་རྟེན་ཨ་མ་དང་འབྲལ་ཐབས་བྲལ་བའི་ཆོས་ཉིད་ཀྱི་བདེན་པ་ཞིག་ཏུ་གྱུར།   མ་ཟད་འུ་ཅག་གསོན་པའི་དུས་སྐབས་སུ་ཡང་ཨ་མའི་བྱམས་བརྩེ་དང་སྙིང་གཏམ།   སེམས་ཁུར་དང་བསླབ་བྱའི་འོག་ནས་འཚོས་པ་རེད་ལ།   གློ་བུར་དུ་འུ་ཅག་ན་བ་དང་འཆི་བའི་སྐབས་ཀྱང་ཨ་མའི་བཟོད་ཐབས་བྲལ་བའི་གདུང་སེམས་དང་།   བརྗོད་ཐབས་བྲལ་བའི་སྙིང་རྗེའི་འོག་ནས་དེ་ལྟར་མཇུག་རྫོགས་དགོས་བྱུང་བ་རེད།   ཨ་མས་དུས་ཚོད་དང་ཚེ་སྲོག་མཐའ་དག་སྤྱད་དེ་འུ་ཅག་གི་བདེ་སྐྱིད་དང་རེ་སྨོན་ལ་འོད་སྣང་བརྩལ་ཞིང་།   ཨ་མས་དྭངས་གཙང་གཞལ་མཐའ་བྲལ་བའི་སྙིང་ཆུང་ཕྱི་རུ་བཏོན་ནས་འུ་ཅག་ལ་ལེགས་སྐྱེས་སུ་ཕུལ།    ཨ་མ་ནམ་ཡང་ཁོམ་པ་མེད་པར་འཁོར་བའི་ཐབས་ཚང་དུ་འཇུག་པ་ནི་འུ་ཅག་གི་ཆེད་དུ་རེད་ལ།   ཨ་མ་འཁྱག་ལྟོག་སྐོམ་པའི་ཇི་ལྟར་གདུང་དགོས་བྱུང་ཡང་འུ་ཅག་གི་ཆེད་དུ་རྒྱུག་ཅིང་འདུར་བའི་གོམ་མཚམས་ཡེ་ནས་ལྷོད་མ་མྱོང་།    ཨ་མ་འཇིག་རྟེན་འདིར་འོང་བ་ལ་དམིགས་ཡུལ་གཉིས་ཡོད་དེ།   གཅིག་ནི་བདེ་ཞིང་སྐྱིད་པའི་ཁྱིམ་གཞིས་ལེགས་པར་བསྐྲུན་རྒྱུ་དང་།   གཅིག་ནི་མཛའ་ཞིང་བརྩེ་བའི་བུ་ཕྲུག་ནད་མེད་ཚེ་རིང་ངང་འཚར་ལོངས་བྱུང་བར་འཇུག་རྒྱུ་དེ་རེད།  དེ་ནི་ཨ་མའི་ཐོབ་ཐང་དང་འབྲེལ་བ་མེད་པར་ཨ་མའི་ལས་དབང་དང་བྱམས་བརྩེ་ལ་འབྲེལ་བ་ཡོད་པ་ཞིག་རེད་ལ།   རྣམ་དག་ལྷད་མེད་ཀྱི་ཨ་མའི་ནང་སེམས་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད།   

       ཁྱེད་ཀྱི་ཁྲག་རྒྱུན་ཨ་མའི་ཁྲག་རྒྱུན་ཡིན་པ་དང་ཁྱེད་ཀྱི་བྱམས་བརྩེ་ཨ་མས་གནང་བ་ལས་ལྡོག་སྟེ།    བརྩེ་ལྡན་གྱི་མ་ཡུམ་ནི་ཁྱེད་ཀྱི་འཇིག་རྟེན་ཤེས་རིག་གི་འབྱུང་ཁོང་དང་ལེགས་པའི་ཀུན་སྤྱོད་ཀྱི་རྩ་བ་ཡང་ཡིན།   ཨ་མའི་རྣམ་ཤེས་ཀྱི་བརྩེ་བའི་དྲོད་ཁོལ་ཁྱེད་ཀྱིས་མྱངས་ཞིང་རོལ་བ་བཞིན་དུ།   ཨ་མའི་རུས་པའི་གཏིང་ལ་ཟུག་པའི་རིག་གནས་དང་འདུ་ཤེས།   ཨ་མའི་ཕྲ་ཕུང་ཀུན་གཞིའི་སྟེང་ལ་གོམ་པའི་ཀུན་སྤྱོད་དང་སྙིང་རྗེ་སོགས་ཀྱིས།    ཧ་ཅང་ལྐོག་གྱུར་དང་ཞིབ་ཚགས་ངང་ཁྱེད་ཀྱི་འཚར་ལོངས་ལ་ཤུག་རྐྱེན་བླ་མེད་བཟོ་བཞིན་འདུག་ཅིང་ཁྱེད་ཀྱི་རང་གཤིས་ཀྱི་སྟེང་དུ་བག་ཆགས་ཚད་མེད་འཇོག་བཞིན་འདུག    དེ་ལ་བསམ་གཞིག་ནན་མོ་མ་བཏང་ཚེ་ཁྱེད་ཀྱིས་གནས་ཚུལ་དེ་ལ་ལས་དབང་གིས་འགྲེལ་བཤད་རྒྱག་སྲིད་ཅིང་།    ཡང་ན་འགྲེལ་བཤད་ཅི་ཡང་མ་ཕོག་པར་ཆོས་ཉིད་ཀྱི་རིགས་ཤིག་ལ་ངོས་འཛིན་བྱ་ཡང་སྲིད།    འོ་ན་ཡང་ཨ་མ་དང་ལྷན་དུ་འཚར་ལོངས་བྱུང་བའི་མི་དང་ཨ་མ་དང་ལྷན་དུ་འཚར་ལོངས་བྱུང་མ་ཐུབ་པའི་མི་གཉིས་ནི་ཨ་མའི་གཤིས་རྒྱུད་དང་ཤེས་ཚད་ལ་བསྡུར་ཚེ་གཏན་ནས་མི་འདྲ་བ་མ་ཡིན་ནམ།   ལེགས་པར་སོམས་དང་།   ཁྱོད་ཀྱི་རྣམ་འགྱུར་ནི་ཨ་མའི་རྣམ་འགྱུར་དང་འདྲ་ལ།    ཁྱོད་ཀྱི་ཀུན་སྤྱོད་དང་འཆར་རྟོག་ནི་ཨ་མའི་ཀུན་སྤྱོད་དང་འཆར་རྟོགས་གཞན་ཞིག་ཡིན།    ཁྱོད་ཀྱི་གུས་ལུགས་སམ་ཡང་ན་དེ་ལས་ཟློག་པའི་སྣང་བ་རྒྱ་ཡན་དང་ཆོབ་ཚ་ཞིང་ཉམས་སྣང་རྒོད་པའི་གོམ་གཤིས་ཀྱང་ཨ་མས་གསོ་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་ངེས་རེད།    ང་ཚོའི་ཚིག་མཛོད་ནང་དུ་བྱིན་རླབས་ཅེས་པའི་བརྡ་ཆད་ཅིག་ཡོད་ལ།   ང་ཚོ་ཐ་སྙད་དེར་ཤིན་ཏུ་འདྲེས་ཤིང་རང་ཚོད་ཀྱིས་ཐ་སྙད་དེར་གོ་བ་ཞིག་ཀྱང་ཆགས་ཡོད།   དེ་ནི་དཔེ་མཚོན་ཡག་ཤོས་ཤིག་ཡིན་དེ།    ཁྱེད་རང་ཨ་མས་གཉོར་སྐྱོང་གི་འོག་ནས་ཨ་མའི་གོམས་གཤིས་དང་རིག་གནས་ཀྱི་བྱིན་རླབས་ཁྱོད་ལ་ཞུགས་པ་ཡིན་ཞིང་།    ཨ་མའི་རྣམ་འགྱུར་དང་རྟོག་འཆར་གྱི་བྱིན་རླབས་ཁྱོད་ལ་འགོས་པ་རེད།    ཁྱོད་ནི་ཨ་མས་བརྩམས་ཆོས་ཀྱི་རིགས་ཤིག་ཡིན་པས་ཁྱེད་ཀྱི་ལུས་སེམས་ཀྱི་ཐོག་ཏུ་ཨ་མའི་གྲིབ་གཟུགས་གཏན་དུ་ཡལ་ཐབས་མེད་པར་སྨིན་ནས་འདུག་ཅིང་།    ཁྱོད་ནི་ཨ་མའི་ཀུན་སྤྱོད་ཀྱི་རིགས་ཤིགས་ཡིན་པས་ཨ་མའི་རིག་གནས་དང་སྙིང་སྟོབས་ཀྱི་ཆ་ཤས་ཡིན་ལ།    ཨ་མའི་བྱམས་བརྩེ་དང་གཤིས་རྒྱུད་ཀྱི་ཆ་ཤས་ཀྱང་ཡིན་ངེས།   ཁྱོད་ནི་ཨ་མའི་སྒྱུད་ལུགས་ཀྱི་ཆ་ཤས་ཡིན་ཆོག་ལ།   ཨ་མའི་རྨོངས་རྟུལ་དང་ཨུ་ཚུགས་ཀྱི་ཆ་ཤས་ཀྱང་ཡིན་ཆོག    དེ་བཞིན་ཁྱོད་ནི་ཨ་མའི་སེམས་ཆུང་གི་ཆ་ཤས་ཡིན་ཆོག་ལ།   ཨ་མའི་གཟབ་ནན་དང་ཞིབ་ཚགས་ཀྱི་ཆ་ཤས་ཀྱང་ཡིན་ཆོག   མདོར་ན་ཨ་མའི་བག་ཆགས་དང་གོམས་གཤིས་ནི་ཁྱོད་ཀྱི་འཚོ་བ་དང་མི་ཚེའི་ཆེས་རླབས་ཆེ་བའི་གདུང་གྲོགས་ཡིན་ངེས་ཨང་།   

       རང་གིས་བསམ་ཚུལ་ལྟར་ན་འཇིག་རྟེན་འདིར་སྙིང་ནས་ཡིད་རྟོན་རུང་བའི་རྒྱུ་ནོར་རླབས་ཆེན་མང་པོ་མེད་ནའང་།   སྙིང་ནས་དགའ་འོས་པ་ཞིག་ལ་འུ་ཅག་རེ་རེ་ནས་རླབས་ཆེན་བརྗོད་པར་དཀའ་བའི་ཡུམ་ཆེན་གྱིས་བརྩེ་བའི་གཏན་དུ་བསྐྱངས་པ་ནི་དངོས་པོས་གཞལ་མཐའ་བྲལ་བའི་གྱ་ནོམ་པའི་རྒྱུ་ནོར་རླབས་ཆེན་དེ་རེད་དོ་སྙམས།   དེ་བཞིན་སྐྱེ་བ་འདི་ལ་ཧ་ཅང་ཤེས་པར་འདོད་ཅིང་ཧ་ཅང་སྒྲུབ་པར་འདོད་པའི་རིག་ཚན་མང་པོ་ཡོད་ནའང་།   ཅེས་ཀྱང་ཤེས་ཤིང་སྒྲུབ་དགོས་པ་ནི་ཨ་མའི་བྱམས་བརྩེ་དང་དྲིན་ལན།   ཨ་མའི་རེ་འདུན་དང་ཞབས་ཕྱི་སོགས་རེད་ཨང་བསམ།    དེ་ལྟ་ནའང་འུ་ཅག་ཨ་མ་འཚོ་ཞིང་བཞུགས་པའི་སྐབས་སུ་སྙིང་ཐག་པ་ནས་ཨ་མར་ཞབས་ཏོག་སྒྲུབ་པར་ཉུང་ཞིང་།    གུས་བཀུར་དང་ཚིག་འཇམ་གྱིས་སྒོ་ནས"ཨ་མ་ལགས་ཁྱེད་རང་ངེད་ཅག་བུ་ཕྲུག་དག་གི་ཆེད་དུ་དཀའ་ལས་མྱང་སོང"ཞེས་ཐེངས་གཅིག་ཙམ་ཡང་བརྗོད་མྱོང་མེད་ཀྱང་སྲིད།   དེ་བཞིན་གོ་མེད་ཚོར་མེད་ཀྱི་ངང་དུ་ཨ་མའི་ཐོད་པའི་གཉེར་མ་དང་ཨ་མའི་སྐྲ་ལོའི་ཁ་དོག་ཀྱང་ཉིན་རེ་བཞིན་འགྱུར་བཞིན་ཡོད་པར་ཁྱོད་ཀྱིས་གཏན་ཏུ་དོ་སྣང་བྱས་མེད་སྲིད་ལ།   ཨ་མའི་རུས་ཚིག་དག་ན་ཚས་གདུང་ཞིང་རྐང་ལག་གི་རྩ་ཕྲན་མངོན་པར་གསལ་བོར་ཆགས་བཞིན་ཡོད་པ་ཁྱོད་ཀྱིས་ཡེ་ནས་ཤེས་མེད་ཀྱང་སྲིད།   ཨ་མའི་ལུས་ཕུང་ཉིན་རེ་ནས་ནང་ལ་ཅེ་སྒུར་ཏུ་འགྲོ་བཞིན་ཡོད་ཅིང་ཨ་མའི་ནུས་རྩལ་ཉིན་རེ་ནས་ཅེ་ཞན་དུ་འགྲོ་བཞིན་ཡོད་པ་ཁྱོད་ཀྱིས་ཤེས་མེད་ངེས་ལ།   ཨ་མའི་འགྲོ་འདུག་དང་ལངས་ཙོག་སོགས་ཀྱང་ཉིན་རེ་ནས་དཀའ་ཁག་ཅེ་ཆེ་རུ་འགྲོ་བཞིན་ཡོད་པའང་ཤེས་མེད་སྲིད།   དེ་ལྟར་ཀུན་སྤྱོད་ཀྱི་རྩ་བ་དང་བྲལ་བའི་གནས་ཚུལ་འདི་ནི་འུ་ཅག་རེ་རེའི་གྲིབ་གཟུགས་ཀྱི་ནང་དུ་སྐྱེ་ཞིང་འགག་པར་བྱེད།   འུ་ཅག་དུས་ཡུན་རིང་པོའི་ངང་རིག་གནས་ཀྱི་རྒྱལ་ཁབ་འགྲིམ་སྟེ་ཕྱིར་ལ་ལོག་ཀྱང་ཨ་མར་གཅེས་ཤིང་བྱམས་པའི་འཇིག་རྟེན་གྱི་བདེན་པ་རྟོགས་མེད་པ་འདྲ་ལ།   འུ་ཅག་སྤྱི་ཚོགས་ཀྱི་གྲུ་ཟུར་སྣ་ཚོགས་འགྲིམ་སྟེ་ཕྱིར་ལ་ལོག་ཀྱང་ཨ་མར་བཀུར་ཞིང་སྐྱོང་བའི་འཇིག་རྟེན་གྱི་ཀུན་སྤྱོད་ཡེ་ནས་ཆགས་མེད་པ་འདྲ།    སྐྱེ་བ་འདིར་ཁྱོད་རང་འཇིག་རྟེན་འདི་རུ་ཅི་ལྟར་ཡུན་རིང་འཚོ་ཞིང་བཞུགས་མོད་རྨོངས་འཐིབ་མུན་པ་སེལ་བའི་ཉི་མ་གཅིག་ལས་མཐོང་མི་སྲིད་ལ།   དུས་ཀུན་འོད་སྣང་གསལ་བའི་ཉི་འོད་གཅིག་ལས་རྙེད་མི་སྲིད།   དེ་བས་ཁྱོད་ཀྱིས་ད་ལྟ་ནས་ཉི་འོད་ཀྱི་རིན་ཐང་དང་མཛེས་པ་མཐའ་དག་ཤེས་འོས་སོ།།
 
       ཁྱེད་རང་རིག་གནས་དང་དཔལ་འབྱོར།    ཐོབ་ཐང་དང་སྙན་གྲགས་ཀྱི་དབུལ་པོ་ཡིན་ཡང་ཁྱེད་ལ་ཨ་མ་བྱམས་ཀྱིས་སྐྱོང་བའི་ནུས་རྩལ་ཡེ་ནས་མི་ཕྲ་སྟེ།    ཨ་མས་དགོངས་པ་དང་མཐུན་པའི་དོན་བྱ་མ་ལུས་འབད་བརྩོན་གྱིས་ངང་སྒྲུབ་པ་ནི་དྲིན་ལན་ཡིན་ལ།   ཨ་མས་བྱམས་བརྩེའི་ངང་བཀའ་སློབ་གནང་བ་དག་ཡིད་ལ་དམ་པོར་འཛིན་ཞིང་བརྗེད་པར་མི་བྱ་བ་ནི་དྲིན་ལན་ཡིན།   དེ་བཞིན་ཨ་མའི་སེམས་ལ་ན་ཟུག་མི་སློང་ཞིང་ཨ་མའི་སེམས་ལ་སྤྲོ་སྣང་སྟེར་བར་འབད་པར་བྱ་བ་ནི་འུ་ཅག་གིས་ཆེས་མ་མཐའི་སྒྲུབ་འོས་པའི་དོན་བྱ་ཞིག་ཡིན་ངེས་རེད།   གལ་ཏེ་ཁྱོད་ཀྱི་ཕུགས་བསམ་ཨ་མའི་དགོངས་པ་དང་ཡེ་ནས་མི་མཐུན་ཚེ་ཁྱོད་ཀྱིས་ཨུ་ཚིགས་དང་མཁྲེགས་འཛིན་ངང་རང་གི་འདོད་པ་ལྟར་གྱིས་ཕུགས་བསམ་མི་སྙེགས་པར་ཧ་ཅང་བརྩེ་ཞིང་ཞིབ་ཚགས་ལྡན་པའི་ངང་།   རེ་འདོད་ཀྱི་གནས་ལུགས་བརྩེ་ཞིང་དུང་བའི་ངང་དུ་ལྷོད་པོར་བརྗོད་དགོས་ཤིང་།   སེམས་ལ་རྨ་ཁ་བཟོ་བའི་སྐད་ཆ་དང་མིག་མདངས་ནམ་ཡང་སྟོན་མི་རུང་།    དེ་ལྟར་ན་ཨ་མའི་དགོངས་པ་དང་ཁྱེད་ཀྱི་ཕུགས་བསམ་བར་གྱི་རྙོག་འཛིང་ནི་ཞི་བདེའི་ངང་ཐག་གཅོད་བྱ་ཐུབ་ལ་དུས་ཚོད་ཀྱིས་བཞུར་རྒྱུན་ཁྲོད་ནས་ཨ་མས་ཀྱང་ཁྱོད་ཀྱི་ཕུགས་བསམ་ལ་རྒྱབ་སྐྱོར་དང་དགའ་མོས་བྱ་སྲིད།    མ་གཞི་དེ་ལྟར་བརྩེ་འཛུམ་དང་གུ་ཡངས་ངང་ཞིབ་ཚགས་ཀྱིས་ཁ་བརྡ་བྱས་པ་ལ་བརྟེན་ནས་རང་བདེ་གཞན་སྐྱིད་ཀྱི་དོན་དག་གང་མང་ཞིག་ཐག་གཅོད་བྱ་ཐུབ་པ་མ་ཡིན་ནམ།    གཞན་ཡང་།   ཁྱོད་རང་དུས་ཚོད་ཀྱི་འཁོར་བསྐྱོད་བར་ནས་ཕྱིར་ཨ་མའི་ཉེ་སར་ལོག་ཚེ་སྔ་ལངས་ཉལ་ཕྱི་དང་ཟས་གཡོག་ཐབ་ལས་དག་ཀྱང་ཁྱེད་ཀྱིས་ལས་ན་ཅི་འདྲའི་འོས་ཤིང་འཚམ་པ་ཞིག་ཡིན་ལ།     ངལ་རྩོལ་གྱི་སྐབས་སུ་ཁྱེད་ཀྱིས་ཨ་མའི་ལག་གི་ལས་ཀ་བླང་སྟེ་དེ་ཨ་མར་ངལ་གསོ་བྱ་རུ་འཇུག་ཆོག་པ་མ་ཡིན་ནམ།     ཁྱོད་ཀྱིས་རང་ཚོད་ཀྱི་སྒོར་མོ་ཨེན་ཙམ་སྤྱད་དེ་བརྩེ་ལྡན་གྱི་ཨ་མར་དྲོ་ཞིང་འཇམ་པའི་གྱོན་གོས་འཚེམ་ཆོག་ལ་བདེ་ཞིང་ཡང་བའི་རྐང་ལྷམ་གསར་བ་ཉོ་ཆོག    ཁྱོད་ཀྱིས་རང་ཚོད་ཀྱི་སྒོར་མོ་ཕུད་དེ་བརྩེ་ལྡན་གྱི་ཨ་མར་ལུས་ཕུང་གསོ་བའི་རྩི་བཅུད་ལྡན་པའི་ག་བུར་དང་གུར་གུམ་ཉོ་ཆོག་ལ་འཚོ་བཅུད་ལྡན་པའི་རང་བྱུང་གི་ཟས་རིགས་སྒྲིག་ཆོག    སྐབས་རེར་འཁོར་བའི་རེ་བཞག་གི་ལས་ཀ་བློས་བཏང་བྱས་ཏེ་བརྩེ་ལྡན་གྱི་ཨ་མ་ལགས་ཉི་མ་ལྷ་ས་དང་བླ་རུང་ཆོས་སྒར།    སེ་འབྲས་དགའ་གསུམ་དང་ཀ་དཔེ་རྫོགས་གསུམ་ལྟ་བུའི་གནས་ཡུལ་དང་ཆོས་དགོན་མི་འདྲ་བར་ཆོས་མཇལ་དུ་ཁྲིད་ཆོག་ཅིང་།    སྐབས་རེར་རྒྱ་གར་འཕགས་ཡུལ་དང་ལྷོ་བརྒྱུད་ཐེ་ལན།   རི་བོ་རྩེ་ལྔ་དང་པེ་ཅིན་ཚེམས་གདུང་སོགས་ལའང་ཆོས་མཇལ་དུ་འགྲོ་བའི་གོ་སྐབས་བཙལ་ཞིང་གྲ་སྒྲིག་བཟོ་ཆོག    མ་ཟད་རིང་གི་སློབ་སྦྱོང་དང་ལས་ཀའི་དུས་ཚོད་ལྷག་མ་ཕུད་དེ་ཨ་མ་དང་ལྷན་དུ་མང་ཙམ་འདུག་ཅིང་ཨ་མའི་མི་ཚེའི་གཏམ་རྒྱུད་དང་འཚོ་བའི་ཉམས་མྱོང་ལ་མང་ཙམ་ཉན་པ་ནི་ཅི་འདྲའི་མཛེས་ཤིང་སྡུག་ལ་བདེ་སྐྱིད་ལྡན་པ་ཞིག་རེད།    ཁྱོད་ཀྱི་མི་ཚེ་ཇི་ལྟར་ཐུང་ཡང་བརྩེ་ལྡན་གྱི་ཨ་མ་དགའ་བ་དང་འཛུམ་མདངས་ཀྱིས་སྲུང་དགོས་ལ།   ཁྱོད་ཀྱི་མི་ཚེ་ཇི་ལྟར་རིང་ཡང་བརྩེ་ལྡན་གྱི་ཨ་མ་བྱམས་པ་དང་བརྩེ་བའི་སྐྱོང་དགོས་ཨང་།
 
       གནའ་གཏམ་ཡང་ཡིན་ལ་དངོས་ཡོད་ཡང་ཡིན་པའི་གཏམ་རྒྱུད་འགའ་ཡོད་དེ།    ཀུན་སྤྱོད་དང་བརྩེ་བ་ལྡན་པའི་བུ་ཕྲུག་ནར་སོན་རྗེས་ཨ་མ་ལགས་ཀྱི་ལུས་ཟུང་གཉོམ་ཞིང་ཇི་ལྟར་ཐང་ཆད་པའི་ངང་ཚུལ་ཡིན་ཡང་ཨ་མ་ལགས་རྒྱབ་ལ་ཁུར་ནས་སྟོད་ཀྱི་ཉི་མ་ལྷ་སར་རྐང་ཐང་དུ་བསྐྱོད་པ་རེད་ལ།   ཨ་མ་ལགས་ཇི་ལྟར་རྒས་ཤིང་ཧོན་ཐོར་བར་གྱུར་ཡང་རང་གི་རྒྱབ་ལ་ཁུར་ཏེ་ལྷ་ཁང་དང་མཆོད་རྟེན་བརྒྱ་རྩ་ལའང་མཇལ་སྐོར་དུ་ཕེབས་པར་གྲགས།   དེ་ལས་ལྡོག་ཏེ་ཀུན་སྤྱོད་དང་བསམ་ཤེས་བྲལ་བའི་བུ་ཕྲུག་ནར་སོན་རྗེས་བརྩེ་ལྡན་གྱི་ཡུམ་ཆེན་དང་ཁྲག་རྒྱུན་གྱིས་འབྲེལ་བ་གཅོད་ཐབས་བྲལ་ཡང་ལུས་སེམས་འཚོ་གཞིས་ཀྱི་འབྲེལ་བ་གཏན་དུ་བཅད་ཅིང་།   རྒས་ཤིང་འཁོབ་པའི་བརྩེ་ལྡན་གྱི་མ་ཡུམ་དྲོད་ཁོལ་དང་འཇམ་མཉེན་ལྡན་པའི་གཡང་ཁྱིམ་ནས་ཕྱི་རོལ་དུ་ཕུད་པར་གྲགས།    གཞན་ཡང་ཀུན་སྤྱོད་དང་བརྩེ་བ་ལྡན་པའི་བུ་ཕྲུག་ནར་སོན་རྗེས་ཨ་མ་ལགས་རྒས་ཤིང་ནད་ཀྱིས་ཤིན་ཏུ་གདུང་བའི་སྐབས་སུ་ཉིན་མཚན་དང་སྔ་ཕྱི་མེད་པར་ནད་གཡོག་དང་ཞབས་ཕྱི་ལེགས་པར་བྱ་ཞིང་།   ནམ་ཞིག་ཨ་མ་ལགས་ཚེ་ཡི་ཕ་རོལ་དུ་ཕྱིན་ཚེ་དཀའ་ལས་དང་འབྱོར་བའི་འགྲོ་གྲོན་ལ་ཡེ་ནས་མི་བལྟ་བར་འཆི་ཆོས་ཡིད་ཚིམས་པ་ཞིག་སྒྲུབ་ངེས་ལེགས།   དེ་ལས་ལྡོག་ཏེ་ཀུན་སྤྱོད་དང་བསམ་ཤེས་བྲལ་བའི་བུ་ཕྲུག་ནར་སོན་རྗེས་བརྩེ་ལྡན་གྱི་ཨ་མ་རྒས་ཤིང་ནད་ཀྱིས་ཇི་ལྟར་གདུང་ཡང་དོ་སྣང་དང་གཅེས་སྐྱོང་ཡེ་ནས་མི་བྱ་ཞིང་།   གལ་ཏེ་དོ་སྣང་དང་གཅེས་སྐྱོང་ཨེན་ཙམ་བྱ་བ་ནི་སྙིང་ཐག་པ་ནས་འགན་ཁུར་མ་ཡིན་པར་གཞན་གྱི་མཐོང་སྣང་དུ་ངོ་ཚ་སྲུང་བའི་ཆེད་ཙམ་ཡིན་ངེས།   དེ་བཞིན་བརྩེ་ལྡན་གྱི་ཨ་མ་ལགས་ཚེ་འདིའི་འདུ་བྱེད་ཡེ་ནས་སྟོང་བར་གྱུར་ཚེ་གདུང་སེམས་ཀྱི་མིག་ཆུ་འབྱིན་མི་སྲིད་ལ་འགྲོ་གྲོན་ཨེན་ཙམ་བཏང་ནས་རྣམ་ཤེས་ཀྱི་ར་མདའ་ཙམ་ཡང་བྱ་མི་སྲིད།   ཐ་ན་བརྩེ་ལྡན་གྱི་ཨ་མའི་ཕུང་པོ་ཙམ་ལའང་བདག་པོ་མི་རྒྱག་པར་རང་གར་དུ་དོར་ཡོད་པ་གོ་ཐོས་སུ་བྱུང་ངོ་།།

       གྲོགས་པོ་ལགས།    གལ་ཏེ་འུ་ཅག་ལ་མི་གཞན་གྱིས"ཁྱེད་ཀྱི་བློ་ངོར་རླབས་ཆེ་བའི་མི་སྣ་ནི་ཅི་འདྲ་ཞིག་ཡིན་ནམ"དཔེར་ན་སུ་ལྟ་བུ་ཞིག་ཡིན"ཞེས་ཚ་འདྲི་བྱེད་སྐབས།    འུ་ཅག་གིས་ཚིག་ཐག་ཆོད་པོའི་སྒོ་ནས་འཇིག་རྟེན་ཆོས་སྲིད་གང་རུང་ལ་བྱས་རྗེས་བླ་མེད་མཛད་ཅིང་མི་ཚེ་གང་པོ་སྤྱི་ཕན་དང་བདེན་དོན་ལ་གཞོལ་བའི་མི་ནི་རླབས་ཆེན་ནོ་ཟེར་ཞིང་།    ཡང་ན་འདོད་བློ་དང་རིགས་ལམ་།    རྒྱུ་མཚན་གཞན་ལ་བརྟེན་ནས་རླབས་ཆེན་གྱི་མི་སྣ་ངོས་འཛིན་སྣ་ཚོགས་བྱ་ཡང་སྲིད།    དཔེར་མཚོན་ཡང་འཇོག་ཏེ"ཆོས་ལུགས་ཀྱི་སྟོན་པའམ་ཆོས་ལུགས་སྣེ་ཁྲིད་པ།   ཁྲིམས་ལུགས་གཙོ་སྐྱོང་བའམ་ཁྲིམས་ལུགས་དབང་སྒྱུར་མཁན།    ཆོས་དང་ཆོས་ཉིད་ཀྱི་ངོ་བོ་དང་བྱེད་ལས་རེ་རེ་ནས་རྩད་ཅིང་འཚོལ་བར་བྱ་ཞིང་འཇིག་རྗེན་ལེགས་པའི་དངོས་པོ་སྣ་ཚོགས་གསར་གཏོད་པ།    ཞི་བདེ་དང་རང་དབང་གི་དོན་སྙིང་རྩོད་ལེན་བྱ་ཞིང་ཐོབ་ཐང་དང་འགན་ཁུར་གྱི་རྩ་དོན་ཁྱབ་བསྡར་བྱ་མཁན།    མི་ཚེ་གཞན་ཕན་གྱི་ལས་རིགས་ལ་ཕུལ་ཞིང་འཇིག་རྟེན་ཤེས་རིག་གི་རྒྱལ་དར་གོ་ལའི་ཁྱོན་ལ་སྒྲེང་མཁན་སོགས་ནི་རླབས་ཆེན་གྱི་མི་སྣའོ་ཟེར་ངེས།   མཁས་མཛངས་རྟུལ་ཕོད་མངའ་བའི་སྐྱེས་བུ་དེ་དག་ནི་རླབས་ཆེན་གྱི་སྐྱེས་བུ་རེ་རེ་ཡིན་ངེས་ན་ཡང་།   ཁྱོད་ཀྱི་རང་གི་མ་ཡུམ་ནི་རླབས་ཆེ་བའི་སྐྱེས་བུ་ཞིག་ཡིན་མིན་ལ་བསམ་བློ་ཡེ་ནས་གཏོང་མ་མྱོང་བ་ནི་ཅི་འདྲའི་ཡ་མཚན་ཞིག་རེད་ཨང་སྙམས།    ཁྱོད་ཀྱི་རླབས་ཆེན་རིན་ཐང་གི་ལྟ་བ་ནི་ཆོས་སྲིད་རིག་གནས་ལས་ངེས་པར་དུ་བསྒལ་དགོས་ཤིང་ཚེ་སྲོག་འཚོ་གཞིས་ཀྱི་སྟེང་དུ་ངོས་འཛིན་བྱ་མི་ཆོག་པ་ག་རེ་ཡིན་ནམ་སྙམས།    ཁྱོད་ཀྱི་སྣང་ངོར་གྱིས་རླབས་ཆེན་མཛངས་པའི་མི་ནི་འཇིག་རྟེན་མཐུན་སྣང་དུ་གྲུབ་དགོས་པ་ཞིག་ཏུ་ག་རེ་འདོད་དགོས་སོང་།   བསམ་གཞིག་ལེགས་པར་བྱོས་དང་་་་་  ཁྱེད་ཀྱི་ཨ་མ་ནི་འཇིག་རྟེན་གྱི་ཆེས་རླབས་ཆེ་བའི་མི་སྣ་ཡིན་ངེས་ཏེ་ཁྱེད་ཀྱི་ཨ་མས་རེ་སྙེག་དང་དམིགས་ཡུལ་མེད་པར་བསམ་ཡང་བརྗོད་དུ་མེད་ལ།   བརྗོད་ཀྱང་མཚོན་དུ་མེད་པའི་རྣམ་དག་དྭངས་གཙང་གི་ནང་སེམས་དེ་ཉིད།   འཇིག་རྟེན་དུ་འཚར་ལོངས་བྱུང་བའི་བརྩེ་བའི་བུ་ཕྲུག་ཡོངས་ལ་སྙིང་ཐག་པ་ནས་ཕུལ་བ་རེད་ལ།   རེ་འབྲས་ཀྱི་ཚེ་སྲོག་གསར་བའི་དབུགས་རྒྱུན་ལེགས་པར་བསྐྱངས་ཤིང་གཅེས་པའི་རྣམ་ཤེས་ཕྲ་མོ་ལུས་སེམས་ཀྱིས་ཡང་ཡང་བསྲུངས་བ་རེད།   ཨ་མས་རིན་ཐང་གཞལ་ཐབས་བྲལ་བའི་ཚེ་སྲོག་གི་དུས་ཚོད་སྤྱད་དེ་བུ་ཕྲུག་གི་སློབ་སྦྱོང་དང་འཚོ་བ"མདུན་ལམ་དང་རེ་སྙེགས་སོགས་ལ་མཐུན་སྐྱེན་ལེགས་པར་སྦྱར།   ཨ་མའི་ཁྲག་རྒྱུན་ནི་དམར་པོ་ཡིན་ལ་ཨ་མའི་བརྩེ་བ་ནི་དྭངས་ཤིང་རླབས་ཆེ།   ཨ་མའི་མི་ཚེ་ནི་བུ་ཕྲུག་ཚེ་རིང་ནད་མེད་འོང་བའི་སྨོན་འདུན་གྱི་མི་ཚེ་ཡིན་ལ།    ཨ་མའི་ཚེ་སྲོག་ནི་བུ་ཕྲུག་བདེ་ཞིང་སྐྱིད་པའི་འཚོ་གཞིས་ཀྱི་གྲུབ་ཆ་ཡིན།   ཨ་མའི་ནང་སེམས་ནི་ལྷད་མེད་བརྩེ་བ་འཁྱིལ་བའི་བྱམས་སྐྱོང་གི་གཅེས་སེམས་ཡིན་ལ།   ཨ་མའི་དུས་ཚོད་ནི་བུ་ཕྲུག་དགའ་ཞིང་སྤྲོ་བའི་ཕུགས་བསམ་གྱི་ཉི་མ་ཡིན།   
 
       བརྩེ་ལྡན་གྱི་ཨ་མ་ལགས།   ཁྱེད་ཀྱི་དཔའ་མཛངས་ལྡན་པའི་བྱམས་བརྩེ་ནི*བླ་ན་མེད་པ།  གོང་ན་མེད་པ།   ལྷད་མེད་པ།   ཡང་དག་པ།   ཡོན་ཏན་མངའ་བ།  ཚིག་གིས་མཚོན་པར་དཀའ་བ།  མཐོང་ན་མི་མཐུན་པ་མེད་པ།   སྤོབས་པ་བསམ་གྱིས་མི་ཁྱབ་པ།  བརྩེ་བའི་བུ་ཕྲུག་རྣམས་ལ་མངོན་པར་དགའ་བའི་རང་བཞིན་ཅན་ཉིད་དུ་ལེགས་སོ།།   
                          2019  11

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease