ཚད་མའི་དཔྱད་རྩོམ་རང་སེམས་མུན་པ་སེལ་བའི་སྒྲོན་མེ།
བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ལམ་མྱི་གསར་བས་བརྩམས།
གློ་བུར་སྐྱེ་རྒ་ནད་ཀྱིས་འཆི་ཞིང་མི་འདོད་བློ་ཡིས་སེམས་ཁྲལ་སྣ་ཚོགས་སྡུག་བསྔལ་མཚོ་ལས་དྲག་ཏུ་འཕྱུར་ཡང་ཁྱེད་ནི་གཡོ་མེད་ཤེས་རབ་འབར།།
རྨོངས་འཐུམ་ནད་ཀྱི་ཡེ་ནས་གཟིར་ཞིང་ཚང་ཚིང་འཁོར་བའི་ནགས་ཚལ་སྟུག་པོར་བསིལ་རྒྱུན་ཆུ་གཏེར་ཐབས་ཀྱིས་འདྲེན་མཁས་ཁྱེད་ནི་དྭངས་གསལ་ཟླ་བའི་བཞིན།།
ཞེན་འཛིན་བློ་ཡིས་འཆིང་ཐག་བཅད་དེ་ཉོན་མོངས་ནད་ཀྱི་གདུང་བ་འགོག་ཅིང་མཉམ་ཉིད་ཕྱག་རྒྱ་གཏན་དུ་མཛད་མཁས་ཁྱེད་ནི་ཞི་བའི་སྟོན་མཆོག་ཉིད།།
ཐབས་ཤེས་ཉི་མའི་སྤྱན་མིག་ཟུང་ལ་འཁོར་འདས་དབྱེར་མེད་ལྟ་བའི་རྒྱན་ཞིང་མཉམ་རྗེས་ཆུ་བོ་གཅིག་ཏུ་འདྲེན་མཁས་ཁྱེད་ནི་ཡོངས་རྫོགས་རྒྱལ་བའོ།།
རིགས་ལམ་ཆུ་གཏེར་འདྲེན་མཁས་ཤེས་རབ་སྤྱན་ཟུང་ཉི་ཟླའི་དཀྱིལ་འཁོར་ཤར་བས་ན།།
སྣ་ཚོགས་ཆོས་ཉིད་སྐྱེ་འགག་སྐད་ཅིག་རྒྱུ་དང་སྐད་ཅིག་འབྲས་བུའི་གསང་གནད་བཀྲལ།།
སྡེ་བདུན་ཚད་མའི་ང་རོ་འཇིག་རྟེན་ཁྱོན་འདིར་འཁྲུལ་མེད་གསུངས་སྒྲོས་བསྒྲགས་མཁས་པའི།།
ཆོས་ཀྱི་གྲགས་པ་ཅེས་ཏེ་རིགས་ལམ་བྱེ་བའི་ལ་བ་ཅན་ཁྱོད་མཚན་སྙན་ས་ཆེན་གསུམ་ན་རྒྱས།།
རབ་གསལ་མེ་ལོང་ངོས་སུ་སྣ་ཚོགས་གཟུགས་བརྙན་གར་ལ་རྩེན་ཡང་ཤེས་རབ་དྲི་མེད་འོད་དུ་འཚེར།།
ཕྲ་མཐོང་བློ་མིག་གསང་ལ་སྣ་ཚོགས་ཆ་མེད་ཆུ་ཕྲན་ཡིབ་ཀྱང་ཤེས་རབ་མེ་ཡི་རལ་གྲི་རྣོ།།
གཡའ་དག་ནམ་མཁའི་མདངས་ལ་ཕྲ་བའི་བློ་དང་ཕྲ་བའི་ལས་ཀྱང་ཤེས་རབ་ཉི་མའི་དཔལ་དུ་འབར།།
བསླུ་མེད་ཤེས་རབ་རྣོན་པོ་གང་ལ་འཁྲུངས་ཡང་གང་ཉིད་གྲོལ་བའི་ཤེས་རབ་སྟོང་གསལ་སྙིང་རྗེ་མཛེས།།
རྣམ་དཔྱོད་བློ་ཡི་བུ་ག་ཕྲ་ན་ཡང་།།
རང་ནུས་ཐོས་བརྩོན་ལོ་ལེགས་ལྡེམ་ལྡེམ་གཡོ།།
སྣ་ཚོགས་ཚད་མས་རང་སེམས་རྙེད་པ་ན།།
བླང་དོར་ལེགས་ཉེས་འབྱེད་པའི་བློ་མིག་རྣོ།།
རྣམ་འགྲེལ་ཤེས་རབ་ཉི་འོད་བཀར་བ་ལས།།
རང་སེམས་རྨོངས་པའི་མུན་པ་དྭངས་བར་བྱས།།
རིགས་ལམ་བྱེ་བ་འབུམ་གྱིས་ཟས་གསོལ་དེ།།
གཟུར་གནས་དོན་གཉེར་དགྱེས་པའི་དོན་འདི་འཆད།།
༼དོན་ཡང་དག་པ་ལ་འཇུག་པའི་གླེང་སློང་བ།
ཤེས་རབ་ཀྱི་རྩལ་མེད་པ་དང་། གནས་ལུགས་ཀྱི་དོན་ལ་མི་གཉེར་བ་དང་། གཞུང་ལུགས་ལ་ཞིབ་ཚགས་མེད་པ་དང་། ཕྱོགས་རིས་ཀྱི་ཨུ་ཚུགས་རྒོད་པ་དང་། ང་རྒྱལ་དང་ཕྲག་དོག་གིས་མགོ་འཕང་ཤིན་དུ་མཐོ་བ་སོགས་ནི་ཚད་མ་རྣམ་འགྲེལ་ལྟ་བུའི་གཏིང་ཟབ་ཅིང་འཐུས་ཚང་བའི་གཞུང་ལུགས་ཀྱི་དོན་རྟོགས་པའི་མཐུན་རྐྱེན་ཡང་དག་པ་མ་ཚང་བ་ཁོ་ན་ཡིན་ཞིང་། ཚད་མ་རྣམ་འགྲེལ་ལྟ་བུའི་བསྟན་བཅོས་འདི་ནི་རང་གི་གནས་ཚུལ་ཚད་མས་མ་གྲུབ་པའམ་ཚད་མ་མིན་པའི་བློ་ཞིག་ཚད་མ་རུ་སྒྲུབ་པའི་ཆེད་དུ་བརྩམས་པ་མ་ཡིན་མོད། དེ་གང་ཞེ་ན་ཚད་མའི་གྲུབ་དོན་ལ་ངེས་ཤེས་རྙེད་ཅིང་ཚད་མའི་བློ་ཚད་མ་ཉིད་དུ་ངོས་ཟིན་པ་དང་ཚད་མིན་གྱི་བློ་ལ་ཚད་མར་སྒྲོ་འདོག་པའི་རྨོངས་པ་ཟློག་པའི་ཆེད་དུ་བརྩམས་པ་ནི་ཞིབ་མོ་བློ་ཡིས་བརྟགས་ན་རྟོགས་པར་ནུས། དེ་བས་ང་ཚོས་ཀྱང་ཚད་མ་རྣམ་འགྲེལ་བློར་འཛིན་པ་དང་ཚིག་གི་ཟེར་འཚམས་ཙམ་ལ་རྩོད་ཤེས་པ་དང་དེའི་འཆད་རྒྱུན་སྤེལ་བའམ་མི་ཉམས་པའི་ཆེད་དུ་སྦྱོང་བ་ཙམ་མ་ཡིན་པར། ཤིན་ཏུ་གཏིང་ཟབ་པའི་ཚད་མ་རྣམ་འགྲེལ་གྱི་ཚིག་དོན་རེ་རེ་ལ་མནོ་བསམ་གྱིས་ཕྱུགས་ཏེ་དོན་དང་དོན་མིན་གྱི་རྣམ་པར་འབྱེད་རྒྱུ་དེ་རེད་འདུག་གོ་སྙམ། དོན་དང་དོན་མིན་ཅི་ལྟར་འབྱེད་སྙམ་ན། མ་ཤེས་པའི་དོན་གསལ་བར་བྱེད་པའི་བློ་རིག་ལ་བརྟེན་ནས་འབྱེད་དགོས་ཤིང་། མ་ཤེས་པའི་དོན་གསལ་བར་བྱེད་ཅེས་པ་ནི། དོན་ལ་དེ་ལྟར་མི་བསླུ་བའི་ཚུལ་དུ་གནས་ཀྱང་མི་བསླུ་བའི་ཚུལ་དེ་ཉིད་མ་ཤེས་པ་ཤེས་པར་བྱེད་པའམ་གསལ་བར་བྱེད་པ་ལ་ཟེར། འོ་ན་ང་ཚོས་ཅི་ཞིག་ཤེས་མི་འདུག་ཅིང་ཤེས་དགོས་སོ་སྙམ་ན། ང་ཚོས་མ་མཐའ་ནས་ཀྱང་རང་ཉིད་གང་ནས་སླེབ་ཅིང་གང་དུ་འགྲོ་བ་ཤེས་དགོས་ཤིང་། དེ་ཤེས་དགོས་ཚེ་ཉམས་མྱོང་དང་ཞིབ་འཇུག་མཐར་ཕྱིན་པ་སྔོན་དུ་སོང་བའི་སྟོན་པ་དང་དེས་གསུངས་བས་ཡང་དག་པའི་རིག་ལམ་གྱི་རྣམ་བཞག་ལ་བརྟེན་ན་ལེགས་ཤིང་། གཞན་ཡང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་རང་ཉིད་ཀྱི་ཤེས་རབ་དང་བསོད་ནམས་ལ་བརྟེན་ནས་རྟོགས་དགོས། དེ་བས། རྣམ་འགྲེལ་ལས། མི་ཤེས་སྟོན་པར་བྱེད་པ་ལ།། འཁྲུལ་བའི་དོགས་པ་ཅན་རྣམས་ཀྱིས།། དེས་བཤད་ནན་ཏན་བྱ་བའི་ཕྱིར།། ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད།། ཅེས་པ་ལྟར། ང་ཚོས་འཁོར་བ་དང་ཐར་བ་གང་གི་དོན་སྒྲུབ་དགོས་ཀྱང་རང་རྒྱུད་ཤེས་ཡོན་གྱི་སྦྱང་བ་ཐོབ་ཅིང་སྣ་ཚོགས་ཉམས་མྱོང་གི་གོ་བ་ལྡན་པའི་སྐྱེས་བུ་ཐབས་མཁས་ཤིང་ཐུགས་རྗེ་མངའ་བའི་གང་ཟག་གིས་སློབ་སྟོན་ནམ་སྣེ་ཁྲིད་ལ་བརྟེན་ན་གྲུབ་འབྲས་གཡུར་དུ་ཟ་བ་ཡོད་པ་ནི་ཉམས་མྱོང་གིས་དཔོག་ཐུབ། ཡིན་ནའང་། གནའ་ནས་ད་ལྟའི་བར་དུ་ང་ཚོ་འཇིག་རྟེན་གཅིག་གི་སྟེང་དུ་འཚོ་ཞིང་གནས་མོད་ང་ཚོའི་ལྟ་གྲུབ་དང་བསམ་བློ་ནི་ནམ་ཡང་གཞི་གཅིག་གི་སྟེང་དུ་གནས་པར་མ་བྱུང་། དེ་ནི་འཇིག་རྟེན་འདིའི་ཆོས་ཉིད་དམ་གནས་ཚུལ་ལ་མི་འདྲ་བ་དུ་མ་ཡོད་པས་མ་ཡིན་པར། ང་ཚོའི་མ་རིག་པའི་བློ་སྒོ་གཏན་དུ་ཕྱེས་ཏེ་གནས་ཚུལ་ཡང་དག་པ་ལ་འཇུག་པའི་ཤེས་རབ་ཀློང་རྡོལ་གྱི་གནད་གསང་མ་གྲོལ་བས་འམ་གཟུར་གནས་བློ་གྲོས་ཉིད་གོང་དུ་འཕེལ་བར་བྱེད་མ་ཐུབ་པས་རེད། དེ་བས་ད་ཆ་མི་རྣམས་ཀྱིས་དྭངས་གཙང་གི་རྣམ་དཔྱོད་ལ་མུན་ནག་གི་ཁ་ཟས་བསྩལ་ཏེ་རྣམ་རྟོག་རྒྱ་ཡན་དུ་གཏོང་ཅི་ཐུབ་བྱ་བཞིན་ཡོད་ཅིང་འོལ་ཚོད་དང་ཧམ་པ་ཆེན་པོའི་སྒོ་ནས་ཅི་ཡང་སྨྲ་བར་བྱེད། མ་ཟད་མི་རྣམས་ཀྱིས་ཀྱང་ཚུལ་དེ་ལ་རྟོགས་སད་པ་སོགས་དོན་གྱིས་སྟོང་བའི་ཐ་སྙད་འདོག་བཞིན་ཡོད་པ་ཡིན་མོད། ངས་བསམ་ན་རྟོགས་སད་པ་ཅེས་པའི་རྟོགས་དེའི་ས་མཐའ་བཅད་དེ་ལོག་རྟོག་སད་པའམ་རྣམ་རྟོག་རྒྱ་ཡན་པ་ཞེས་བཏགས་ན་འོས་ཤིང་འཚམས་ལ། དེ་ནི་སྙིགས་དུས་འདིར་མི་རྣམས་ཀྱི་བསམ་བློ་རིམ་བཞིན་རྒུད་དེ་མུན་ནག་གི་ནང་ལ་ལྷུང་ཚུལ་ཡིན་པས་སེམས་ཀྱང་རབ་ཏུ་སྐྱོའོ། ། འོན་ཀྱང་རང་ཉིད་ནི་དེ་ལས་ཟློག་ཏེ་ཡང་དག་པའི་སྟོན་པ་དང་ཡང་དག་པའི་གཞུང་ལུགས་དང་ཡང་དག་པའི་སློབ་དཔོན་དང་ཡང་དག་པའི་ཤེས་རབ་དང་ཡང་དག་པའི་རིགས་ལམ་སོགས་ལ་བརྟེན་ནས་ཡང་དག་པའི་གནས་ལུགས་དང་ཡང་དག་པའི་ཐར་ལམ་གྱི་དོན་ལ་སྙེག་བཞིན་ཡོད་ཅིང་སྙེག་དགོས་པའང་ཡིན་ནོ། །
ད་ནི་སྐབས་དོན་སྦྲང་རྩིའི་མངར་བཅུད་ལ་འཇུག་ན། ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཞེས་མདོའི་མཆོད་བརྗོད་ཀྱི་སྐབས་སུ་ནང་བསྟན་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་སྲོལ་འབྱེད་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཁྱད་ཆོས་བཞིའི་སྒོ་ནས་ཚད་མའི་སྐྱེས་བུ་ཉིད་དུ་བསྟན་ཡོད་ཅིང་། དེས་གསུངས་པས་ཟབ་ཅིང་མི་བསླུ་བའི་བཀའ་ཆོས་རྣམས་ཀྱང་བླང་དོར་གྱི་གནད་གསང་འཁྲུལ་མེད་དུ་བསྟན་ཡོད་པའི་གསུངས་ཆོས་ཡིན་པ་བློ་ཚད་མ་གཉིས་ལ་བརྟེན་ནས་བསྒྲུབས་ཡོད་པའོ། ། དེ་བཞིན་དུ། རྣམ་འགྲེལ་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད།། ཅེས་པའི་སྒོ་ནས་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་བླང་དང་དོར་བྱའི་ཁྱད་པར་ལ་ཡང་དག་པར་མི་བསླུ་བར་འཇུག་པ་བསྟན། དེ་ལྟར་གང་ཟག་གི་སྒོ་ནས་བདེན་བཞིའི་གནས་ལུགས་མཐར་ཐུག་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྒོ་ནས་བསྟན་པས་ན་དེ་ནི་ཚད་མའི་བློ་ཡང་དག་པ་མཆོག་དང་ལྡན་པ་ཡིན་ཞིང་། ངོ་བོ་ཡེ་ཤེས་གསལ་བའི་སྒོ་ནས་ཀྱང་ཚད་མའི་ཚད་དམ་ཚད་མའི་ངོ་བོ་དང་ལྡན་པའི་ན་མི་བསླུ་བའི་བློ་ཡང་དག་མཐར་ཐུག་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ནོ། ། དེ་བས་ཐོག་མར་ང་ཚོས་མི་བསླུ་བའི་བློ་རིག་རྣམ་དག་ལ་བརྟེན་ནས་ཤེས་རབ་ཀྱི་བློ་སྒོ་འབྱེད་ཅི་ཐུབ་བྱས་ཏེ། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཡངས་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཉིད་ཅི་ལྟ་བུའི་སྒོ་ནས་ཚད་མའི་སྐྱེས་བུའམ་མི་བསླུ་བའི་སྟོན་པ་ཡིན་ཚུལ་གྲུབ་པ་ལ་རིག་ལམ་ཡང་དག་པའི་སྒོ་ནས་འཇུག་པར་བྱ་དགོས་ཤིང་། རིགས་ལམ་གྱི་གོ་རིམས་ནི། ཕན་བཞེད། སྟོན་པ། བདེ་གཤེགས། སྐྱོབ་པ"རྣམས་དང་བཅས་ལུགས་འབྱུང་ཟློག་གི་རིགས་པ་བརྒྱད་ལ་བརྟེན་ནས་འཇུག་པ་ཡིན་ནོ། །
གཞི། ཡང་དག་རིགས་པའི་ལམ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབས།
ལམ། རིགས་པའི་གྲུབ་དོན་ལས་འཕྲོས་འཆིང་དང་གྲོལ་བའི་རྣམ་བཞག་འཆད།
འབྲས་བུ། སྟོན་མཆོག་ཚད་མས་གྲུབ་ཅིང་བདེ་གཤེགས་འགྲོ་རྣམས་སྐྱོབས་པ་བསྟན།།
གཞི། ཡང་དག་རིགས་པའི་ལམ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབས་པ་ལ་གསུམ་ལས།
དང་པོ། མཐོང་དང་མ་མཐོང་རྒྱུ་མེད་སྨྲ་བ་ཡི།། རྣམ་ཤེས་དབང་པོ་སོགས་ལས་སྐྱེ་བ་དགག །
དེ་ཡང་། རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ།། ཞེས་པའི་ཚུལ་གྱིས་ཐོག་མར་བརྩེ་བ་སྙིང་རྗེ་ཆེན་པོ་དུས་ཡུན་རིང་པོར་གོམས་མ་གོམས་ཀྱི་ཚུལ་ལ་དཔྱད་དགོས་པས་སྐྱེ་བ་སྔ་ཕྱི་ཞེས་པ་ཞིག་གཏན་ནས་མེད་པའམ་ཡང་ན་སྐྱེ་བ་སྔ་མ་གང་ནས་འོང་ཞིང་སྐྱེ་བ་ཕྱི་མ་གང་དུ་འགྲོ་བ་སོགས་ལ་ལེགས་པར་དཔྱད་དགོས་སོ། ། རྒྱང་འཕེན་པ་སོགས་ཀྱིས་ནི་འདི་ལྟར་སྨྲ་སྟེ། སྐྱེ་བ་སྔ་མ་ནས་འདིར་འོང་བ་མེད་ཅིང་འདི་ནས་ཕྱི་མར་འགྲོ་བའང་མེད་པས་ན་སྔ་མའི་རྣམ་ཤེས་སོགས་ལ་བརྟེན་ནས་ཚེ་འདིའི་རྣམ་ཤེས་སོགས་འབྱུང་བ་མ་ཡིན་ཞིང་ཚེ་འདིའི་རྣམ་ཤེས་སོགས་ལ་བརྟེན་ནས་ཕྱི་མའི་རྣམ་ཤེས་སོགས་ཀྱང་སྐྱེ་བར་མི་འདོད། དེ་བས་སྐྱེ་བ་དུ་མར་བཟང་ཕྱོགས་དང་ངན་ཕྱོགས་ལ་གོམ་པའི་བློ་མི་འདོད་ཅིང་། ད་ལྟའི་བློ་འདི་ནི་རྒྱུ་ལས་གཏན་ནས་མ་སྐྱེས་པར་འདོད་པའམ་ཡང་ན་ད་ལྟའི་ལུས་འདི་ལ་བརྟེན་ནས་བྱུང་བ་ཙམ་དུ་སྨྲའོ། ། དང་པོ་ལ་ནི། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར།། རྟག་ཏུ་ཡོད་པའམ་མེད་པར་འགྱུར།། ཞེས་དང་། རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ།། ཞེས་པའི་རིག་པ་འདི་བཀོལ་ཤེས་པར་བྱ་སྟེ། སྒྱུ་མཚན་ནི་སེམས་འདི་ལན་རེར་སྐྱེ་ཞིང་ལན་རེར་འགག་པ་ཉམས་མྱོང་གིས་ར་སྤྲོད་ཐུབ་ཅིང་། འདི་ལྟ་བུའི་སེམས་འདི་སྐབས་རེ་ཡོད་མེད་བཟོ་བྱེད་དེ་ལ་དངོས་པོ་གཞན་མི་དགོས་ན། ཁྱོད་ཀྱིས་འདོད་པའི་རྒྱུ་ལས་མ་སྐྱེས་པའི་སེམས་དེ་ཉིད་ཀྱང་ཡོད་མེད་རྒྱུ་ལ་ལྟོས་མི་དགོས་པས་ཡང་ན་གཏན་དུ་ཡོད་དགོས་ཤིང་ཡང་ན་གཏན་དུ་མེད་དགོས་པ་རིག་པ་ཞིབ་མོས་བརྟགས་ན་ཤེས་སོ། །
འོ་ན་ད་ལྟའི་སེམས་འདི་ནི་ད་ལྟའི་ལུས་འདི་ལ་བརྟེན་ནས་འབྱུང་བར་འདོད་མོད། དེ་ལྟར་ན། ད་ནི་རྣམ་དཔྱོད་ཀྱི་སྒོ་ཡངས་པོར་ཕྱེས་ཏེ་རང་རང་གི་ལུས་ཀྱི་གྲུབ་ཆ་རེ་རེ་ལ་བསམ་གཞིག་གི་གསེར་སྒོ་འབྱེད་པའི་དུས་ལ་བབས་ཤིང་། རག་བཤད་བྱས་ན། གཟུགས་ཅན་གྱི་དབང་པོ་ལྔ་དང་གཟུགས་མེད་པའི་ཡིད་ཀྱི་ཤེས་པ་དང་བཅས་དྲུག ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག དེ་བཞིན་དུ་དོན་ལྔ་དང་སྣོད་དྲུག ལུས་ཀྱི་ཡན་ལག་དང་ཉིང་ལག་སོགས་གང་ཞིག་ནི་ད་ལྟའི་སེམས་འདི་སྐྱེ་བྱེད་ཡིན་པ་ལ་ཞིབ་མོ་བློ་ཡིས་འཚོལ་ཞིབ་བྱ་དགོས། དེའང་བདེན་མོད། དབང་པོའམ་དབུགས་འབྱུང་རྔུབ་བམ་ལུས་སེམས་ཕན་ཚུན་བརྟེན་པའི་སྒོ་ནས་སེམས་འདི་སྐྱེས་པར་འདོད་དོ་ཞེ་ན། ང་ཚོས་རྣམ་འགྲེལ་གྱི་རིག་ལམ་མ་བོར་བས་སྒོ་ནས་དཔྱད་འོང་ངེས་ཏེ། རིགས་འདྲ་བའི་ཆོས་སྔ་མ་ལ་བརྟེན་ནས་རིགས་འདྲ་བའི་ཆོས་ཕྱི་མ་འབྱུང་དགོས་ངེས་ཤིང་། དེ་ལྟར་མིན་ན་རིགས་མི་འདྲ་བའི་རྡོ་ཤིང་སོགས་ལས་ཀྱང་ཤེས་པ་མི་འབྱུང་བ་ལ་རྒྱུ་མཚན་མེད་ཅིང་། འབྱུང་བ་ཐམས་ཅད་ཀྱང་སྲོག་ཆགས་ཀྱི་ཉེར་རྒྱུ་སུ་ཐལ་བའི་སྐྱོན་ཡོད་ངེས། གལ་ཏེ་དབང་པོ་བློའི་དངོས་རྒྱུ་ཡིན་ན་དབང་པོ་རེ་རེ་རྒྱུ་ཡིན་ནམ་དབང་པོའི་ཚོགས་པ་རྒྱུ་ཡིན་ཞེས་འདྲི་ངེས་ཤིང་། དང་པོ་ལྟར་ན། མིག་དབང་དང་ལྕེ་དབང་སོགས་གང་བློ་དེའི་ཉེར་རྒྱུ་ཡིན། དཔེར་ན་མིག་དབང་ལྟ་བུ་དེ་བློའི་ཉེར་རྒྱུ་ཡིན་ན། མིག་ལ་གཟུགས་གསལ་བ་བཞིན་དུ་ཡིད་ཤེས་དང་ལྕེ་ཤེས་དང་སྣ་ཤེས་སོགས་ལའང་གཟུགས་གསལ་བར་འགྱུར་དགོས་མོད། རྒྱུ་མིག་དབང་གཅིག་ལས་སྐྱེས་པའི་ཉེར་འབྲས་ལ་གཟུགས་མཐོང་མི་མཐོང་གཉིས་འདོད་མི་རིགས་པ་ནི་དངོས་སྟོབས་དང་འཚོ་བའི་ཁྲོད་ཀྱི་རྒྱུ་འབྲས་ཀྱི་བྱུང་འཕེལ་ལ་བརྟེན་ན་ཤེས་ནུས་ཏེ། རྒྱུའི་རྗེས་སུ་མི་འགྲོ་བའི་འབྲས་བུ་ཞིག་ནི་མི་སྲིད་པས་སོ། ། ཕྱི་མ་ལྟར་དབང་པོ་ཚོགས་པ་རྒྱུ་ཡིན་ཞེ་ན། ལྕེ་ཡིས་རོ་ཤེས་ཤིང་སྒྲ་མི་ཐོས་པ་དང་། མིག་གིས་གཟུགས་མཐོང་བ་ལས་དྲི་མི་ཚོར་བ་སོགས་ཀྱི་གནད་ལ་བལྟས་ན་རྒྱུ་འབྲས་སམ་ཆོས་ཉིད་ཀྱིས་ང་ཚོར་གནས་ཚུལ་ཞིག་ར་སྤྲོད་པ་མ་ཡིན་ནམ་སྙམ། སླར་ཡང་དབང་པོ་ནི་སེམས་ཀྱི་ཉེར་རྒྱུ་ཡིན་པར་གྲུབ་ཏེ། རྒྱུ་ལ་གནོད་ན་འབྲས་བུ་ལ་གནོད་པ་ཆོས་ཉིད་དང་མངོན་སུམ་གྱིས་ར་སྤྲོད་ཅིང་། མིག་དང་རྣ་བ་དང་སྣ་སོགས་གང་རུང་ལ་སྐྱོན་བྱུང་བའམ་འཇིག་རྟེན་འདིར་ཐོག་མར་སྐྱེས་པ་ནས་བཟུང་། མིག་དབང་སོགས་གང་རུང་མེད་པའི་གང་ཟག་ལ་མིག་ཤེས་རྣ་ཤེས་སྣ་ཤེས་སོགས་སྐྱེ་མི་ཐུབ་པ་འདིས་དབང་པོ་ཤེས་པའི་རྒྱུ་ཡིན་པ་ར་སྤྲོད་བྱས་སོ་སྙམ་ན། འདི་ནི་བསམ་བློ་གཏོང་རིན་འདུག་པའི་གནད་ཅིག་ཡིན་མོད། ངས་ནི་འདི་ལྟར་བསམ་བཞིན་ཡོད་དེ་སྲོག་ཆགས་ཀྱི་རིགས་ལ་ཐོག་མར་སྐྱེས་པ་ནས་བཟུང་མིག་གི་དབང་པོ་ལ་སྐྱོན་ཡོད་པའི་རིགས་ཅན་ཡོད་པ་བདེན་ན་ཡང་། རྫས་དང་སྨན་སོགས་ལ་བརྟེན་ནས་ཆུང་དུས་ནས་མིག་སོགས་མི་གསལ་བའི་མི་ཡིས་ཀྱང་དེ་ནས་བཟུང་མཐོང་བའམ་གསལ་བར་བྱེད་ཐུབ་པས་ན་གནད་འདི་ལ་བལྟས་ན་དབང་པོ་ཙམ་ཤེས་པའི་ཉེར་རྒྱུ་མིན་པ་ཧ་གོ་འོང་། མདོར་ན་མིག་ཤེས་སོགས་ཀྱི་ཉེར་རྒྱུ་མིག་དབང་སོགས་མ་ཡིན་པ་གོ་སླ་མོད་ཡིད་ཤེས་ཀྱི་ཉེར་རྒྱུ་ཡིད་དབང་ལས་གཞན་མེད་ཅིང་ཡིད་དབང་ནི་ལུས་ཀྱི་ཆ་ཤས་སུ་གྱུར་བའི་བེམ་པོ་ཞིག་མ་ཡིན་པར་ཤེས་པ་ལས་ལོགས་སུ་མེད་པས་གནད་དེ་གོ་ན་རིགས་པ་འདི་དག་གི་ལྗིད་ཚད་དང་རིན་ཐང་རྟོགས་ཐུབ། ང་ཚོས་རྣམ་འགྲེལ་གྱི་རིག་ལམ་ལ་བརྟེན་ནས་བསམ་བློ་ཅི་ལྟར་ཞིབ་མོ་གཏོང་ཐུབ་པ་ཅི་སྲིད་དུ་གཏིང་ཟབ་པའི་གནས་ཚུལ་ལའང་དེ་སྲིད་དུ་ཁ་ཕྱོགས་ཐུབ་ངེས་འདུག་གོ ། ལུས་སེམས་གཉིས་རྒྱུ་འབྲས་མིན་ན་དུག་དང་མཚོན་ཆ་སོགས་ལ་བརྟེན་ནས་ལུས་འགྱུར་བ་ན་ཡིད་འགྱུར་བ་རྒྱུ་མཚན་མེད་མོད། དེ་ནི་མངོན་སུམ་དངོས་ཡོད་ཀྱིས་གྲུབ་པས་དེ་ཅིའོ་སྙམ་ན། རྣམ་འགྲེལ་ལས། ལུས་ནི་གནས་པ་ཉིད་ན་སེམས།། ལྡོག་པ་མེད་པར་ཐལ་བར་འགྱུར།། ཞེས་ཤིན་ཏུ་རྣོ་བའི་མགོ་མཚུངས་ཀྱི་རིགས་ལམ་འདི་བཀོལ་བར་བྱ་སྟེ། ལུས་གནས་ན་སེམས་གནས་པའི་ངེས་པ་མེད་པ་བཞིན་དུ་ལུས་ལྡོག་ན་སེམས་ལྡོག་པའི་ངེས་པའང་ག་ལ་ཡོད་དེ་མེད་ཅིང་། བརྒྱལ་བ་དང་ཤི་བའི་གནས་སྐབས་ཀྱི་ལུས་འདི་ནི་མྱོང་བའི་ཟིན་པའི་དཔེ་མཚོན་ཡག་ཤོས་ཤིག་རེད་འདུག ལུས་འགྱུར་ན་ཡིད་འགྱུར་བའི་གནས་ཚུལ་འདི་ནི་ལུས་དེ་ཉིད་ཡིད་ཀྱི་གཟུང་དོན་དུ་བྱས་པས་གནད་ལ་ཐུག་ཡོད་པ་གོ་བར་མཛོད་ཅིག གཞན་ཡང་རྟག་པར་གྱུར་བའི་ལུས་ལ་བརྟེན་པ་དང་དབང་པོ་ལས་གཞན་པའི་ལུས་ཀྱི་ཆ་ཤས་དང་དབུགས་འབྱིན་རྔུབ་ལ་བརྟེན་ནས་སེམས་འབྱུང་ངོ་ཞེས་པ་འདི་སོགས་ནི་དཔྱད་རིན་འདུག་པའི་དཀའ་གནད་ཅིག་ཏུ་ཅི་ཡང་མ་མཐོང་བས་འདིར་ཡང་མ་སྤྲོས་པ་ཡིན།
མི་སུ་ལའང་རྒྱུན་ལྡན་དུ་མངའ་བའི་ནང་སེམས་ཀྱི་དགའ་བ་སྐྱོ་བ་ཆགས་པ་སྡང་བ་བརྩེ་བ་ཤེས་རབ་སོགས་སེམས་བྱུང་མི་འདྲ་བ་བློ་ཡི་རིགས་དུ་མ་ཡོད་པ་འདི་ནི་མྱོང་བ་དང་དྲན་པ་ལ་བརྟེན་ན་གོ་ནུས་ཤིང་། མྱོང་བ་དང་དྲན་པ་ཞེས་པ་འདི་གསལ་ལེར་ཤེས་པའི་ཐབས་ལམ་གཙོ་བོ་ནི་རང་སེམས་ཀྱི་ཚོར་བ་རྣོན་པོ་དེ་ལས་ལྷག་ཅིག་གཞལ་ཡང་མེད་ཚོད་འདུག འདི་དག་སྐྱེ་བྱེད་རིགས་འདྲ་གསལ་རིག་སྔ་མ་སྔོན་སོང་མི་འདོད་པར་རླུང་ཁམས་འཁྲིས་པ་བད་ཀན་སོགས་ལ་བརྟེན་ནས་སྐྱེའོ་ཞེ་ན། ཁྱོད་ལྟར་ན་བད་ཀན་ཤས་ཆེ་བའི་གང་ཟག་ནི་འདོད་ཆགས་ཤས་ཆེ་བར་རིགས་ཅན་ཉིད་དུ་འདོད་རིག་མོད་དེ་ལྟར་ངེས་པ་མེད་པ་ནི་བད་ཀན་གྱི་དབང་གིས་ཡིད་གདུང་བས་ཆགས་པ་ཆུང་ཞིང། དེའི་དབང་གིས་ཞེ་སྡང་ཤས་ཆེ་བ་སྐྱེ་བའང་ཡོད་ལ། དེ་འདྲའི་རིགས་ལ་ཤེས་རབ་ཤས་ཆེ་བ་དང་བྱམས་པ་དང་སྙིང་རྗེ་ཤས་ཆེ་བའི་རིགས་ཀྱང་ཡོད་པར་གྲུབ་པ་ཡིན། དེ་བཞིན་རྣམ་དཔྱོད་དང་ལྡན་པའི་བློ་གསལ་དག་གིས་སེམས་བྱུང་གཞན་རྣམས་ལའང་རིགས་འདྲ་ཁ་སྤོ་བའི་སྒོ་ནས་གོ་བར་བྱ་འོས། རྣམ་འགྲེལ་ལས། འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན།། ཞེས་པའི་ཚུལ་གྱིས་གནད་དེ་ནི་ནང་གི་རེག་བྱ་གཟུང་དོན་དུ་བྱས་པའི་ཚོར་བ་བདེ་སྡུག་མི་འདྲ་བ་སྣ་ཚོགས་སྐྱེས་པ་ཡིན་པ་ལ་འགྲེལ་བ་ཡིན་ཞིང་། སྲོག་ཆགས་རྣམས་ལ་ཆགས་པ་ཆེ་ཆུང་དང་སྡང་བ་ཆེ་ཆུང་སོགས་ཡོད་པ་འདི་ལ་དཔག་ན་ཡང་ཤེས་པའི་རྒྱུ་འབྱུང་བ་ཙམ་མ་ཡིན་པར་གོ་ནུས་ཏེ། དེ་ལྟར་མིན་ན་རྒྱུ་འབྱུང་བ་ལ་ཁྱད་མེད་པ་བཞིན་དུ་འབྲས་བུ་ཆགས་པ་སོགས་ལའང་ཆེ་ཆུང་ཡོད་དོན་མི་འདུག་གོ ། ཡུལ་གཟུགས་མཛེས་མི་མཛེས་དང་སྒྲ་སྙན་མི་སྙན་སོགས་ལ་ཁྱད་མེད་པར་རང་གི་རྣམ་རྟོག་ལས་དེ་ལྟར་དུ་འཛིན་པ་ཙམ་ཡིན་པ་གོ་ན་བཤད་པ་ཙམ་མ་ཡིན་པར་གཞུང་ལུགས་ཆེན་པོའི་གནད་གསང་གྲོལ་ཞིང་གནས་ལུགས་ཟམ་མོར་སེམས་ངོ་འཕྲོད་པ་ཡིན་པས་དགའ་བ་སྐྱེད་ཅིག གཞན་རྣམ་འགྲེལ་ལས་འདོད་ཆགས་སོགས་ཅི་ལྟར་སྐྱེ་བའི་ཚུལ་དང་དེ་སྐྱེ་བྱེད་ཀྱི་རྒྱུ་སོགས་ལ་ཞིབ་མོ་རིགས་པས་དཔྱད་པ་བཏང་ཡོད་ནའང་རིགས་ལམ་དེ་དག་འདི་རུ་བསྟན་མེད་པས་ཤེས་འདོད་པ་དག་གིས་རྣམ་འགྲེལ་ལས་ཤེས་པར་མཛོད་ཅིག
གཉིས་པ། ཀླད་རྫས་ལས་གཞན་ཤེས་མེད་སྨྲ་བ་ལ།། དྲན་དང་མྱོང་བ་མགོ་མཚུངས་རིགས་པས་དགག །
རྣམ་འགྲེལ་ལས། སེམས་མེད་ཉིད་ཕྱིར་གཞན་ལས་མིན།། ཞེས་པའི་སྒོ་ནས་སྐྲ་སེན་སོགས་ལ་སེམས་མེད་པས་འམ་སྐྲ་སེན་སོགས་སེམས་མིན་པས་ན་དེ་དག་ལས་ཡིད་བློ་མི་སྐྱེ་བར་འདོད་དོ། ། ཡིན་ནའང་། ད་ལྟའི་ཆར་དངོས་ཁམས་ཚན་རིག་པ་དང་དབང་རྩའི་ཚན་རིག་པ་དང་འཕེལ་འགྱུར་སྨྲ་བ་སོགས་ཀྱིས་ནི་ང་ཚོས་ཤེས་པ་ཞེས་མིང་འདོག་སའི་གཞི་དེ་ནི་ཀླད་རྩའི་རྫས་ལས་གཞན་མེད་པར་བཤད་ཅིང་། རྩ་དེ་ནི་ང་ཚོས་བཤད་པའི་ཤེས་པའི་རྣམ་བཞག་ངོས་འཛིན་ཚུལ་དང་མི་འདྲ་བར་མ་ཟད་རྩ་དེ་སྐྱེ་བྱེད་ཀྱི་རིགས་འདྲ་རྒྱུན་སྔ་མ་གང་ཡང་མེད་པར་འདོད། མ་ཟད་ཀླད་པ་གཡས་གཡོན་གཉིས་ཀྱི་བྱེད་ལས་དང་ནུས་པ་མི་འདྲ་བ་ལ་བརྟེན་ནས་སྐད་བརྡ་འབྱིན་པ་དང་། རྗེས་དཔག་གི་བསམ་གཞིག་བྱེད་པ། བླང་དོར་ལེགས་ཉེས་འབྱེད་པ། རོལ་དབྱངས་སྒྱུ་རྩལ་མྱོང་བ། རྨི་ལམ་འཁྲུལ་བའི་ཉམས་སྣང་། བརྩེ་དུང་སྐྱོ་གདུང་གི་སྣང་ཚུལ་སོགས་དྲན་འཛིན་མྱོང་གསུམ་གྱི་རིགས་མཐའ་ཡས་པ་དེ་ཉིད་ཀླད་པ་གཡས་གཡོན་གྱིས་སྟངས་འཛིན་མི་འདྲ་བ་ལ་བརྟེན་ནས་མངོན་པར་འདོད་ཅིང་། ངོས་དེ་གཉིས་ལ་དཔྱོད་ཤེས་ཀླད་པ་དང་ཚོར་ཤེས་ཀླད་པ་ཞེས་མིང་མི་འདྲ་བ་ཡོད་པའང་གོ་མྱོང་། གཞན་ཡང་ང་ཚོས་ཤེས་པ་རུ་འདོད་པའི་འདོད་ཆགས། ཞེ་སྡང་། ཕྲག་དོག ཤེས་རབ། བྱམས་པ། སྙིང་རྗེ་སོགས་ནི་ཀླད་རྩ་མི་འདྲ་བ་སོ་སོ་ལ་བརྟེན་ནས་སྐྱེས་པར་འདོད་ཅིང་། ཀླད་རྩའི་ཕྲ་ཕུང་གི་འགུལ་སྐྱོད་ལ་བརྟེན་ནས་ཡིད་སོགས་དབང་པོ་སྒོ་ལྔ་ལ་སྣ་ཚོགས་མི་འདྲ་བའི་གཟུགས་དབྱིབས་ཁ་དོག་སོགས་དུ་མ་ཉིད་དུ་འཆར་བར་འདོད། མ་ཟད་མགོ་བོ་སོགས་ལ་རྨས་སྐྱོན་བྱུང་བའི་རྐྱེན་གྱིས་སྲོག་གི་དབང་པོ་འགག་པའི་ཚུལ་འདི་ལ་བལྟས་ནའང་ཀླད་རྩའི་རྫས་ལས་གཞན་པའི་ཤེས་པ་ཞིག་མེད་པ་གྲུབ་པོ་ཟེར། དཔེར་ན། སྙན་འཇེབ་རོལ་དབྱངས་ཀྱི་སྒྲ་ཐོས་པ་དང་མཛེས་སྡུག་ཡིད་འོང་གི་གཟུགས་མཐོང་བ་སོགས་ཀྱི་གནད་ནི་རྣ་བ་དང་མིག་དབང་སོགས་ཀྱི་ནང་དུ་ཀླད་པ་ནས་མར་ཟུག་པའི་རྩ་ཕྲན་དུ་མའི་སྣེ་མོ་དག་འཕྲོས་ཡོད་ཅིང་། དེ་དག་དབང་རྩའི་སྣེ་མོ་སོ་སོ་དང་འཕྲད་ཡོད་པས་ན་ཕན་ཚུན་འཕྲོད་སྦྱོར་བྱ་ཐུབ་ཅིང་ཕན་ཚུན་བརྡ་རྟགས་སྣ་ཚོགས་པ་གཏོང་ཐུབ་པར་འདོད་བཞིན་ཡོད། དེ་བས་དབང་རྩ་སྨྲ་བ་སོགས་ཀྱིས་མཚོན་དངོས་ཁམས་ཚན་རིག་པ་མང་དག་ཅིག་གིས་སྐྱེ་བ་སྔ་མའི་ཤེས་པ་ལ་བརྟེན་ནས་སྐྱེ་བ་འདིའི་ཤེས་པ་འབྱུང་བར་མི་འདོད་ཅིང་། ཤེས་པ་ནི་སེམས་གཙོ་སྨྲ་བ་དང་ལྷ་ཡོད་སྨྲ་བ་སོགས་ཀྱིས་འཆལ་གཏམ་འབའ་ཞིག་ཡིན་པ་བསྒྲགས་ཏེ་རང་བྱུང་ཁམས་ལས་འདས་པའི་དངོས་པོ་ཞིག་མེད་པར་སྨྲ། དེ་བས་གཟུགས་མེད་ཀླད་རྫས་ཀྱི་ནུས་པ་སོ་སོས་ཁྱད་པར་ལ་བརྟེན་ནས་སྲོག་ཆགས་དང་རང་བྱུང་རྡོ་ཤིང་སོགས་ཀྱི་མི་འདྲ་བའི་ཁྱད་པར་དེ་ལ་ངོས་འཛིན་བྱ་བཞིན་ཡོད། གུས་པ་རང་གི་བསམ་ཚེ་རྣམ་འགྲེལ་གྱི་རྣོ་ཞིང་ཞིབ་པའི་རིག་ལམ་གྱི་དངོས་ཤུགས་གང་ནས་ཀྱང་མཐོང་དུ་མེད་པ་ནི་ཤེས་པ་མི་འདོད་པའི་རྒོལ་བའི་ངོར་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པའི་ཚུལ་དེ་རེད་དོ་སྙམ། འོན་ཀྱང་ང་ཚོ་མཚན་ཉིད་སྨྲ་བའི་ཁྲོད་དུ་གནད་འདིའི་ཕྱོགས་ལ་མནོ་བསམ་གཏོང་མཁན་ཤིན་ཏུ་ཉུང་ཚོད་དུ་སྣང་ཞིང་། ལ་ལས་བཏངས་སྙོམ་བྱ་ཞིང་ལ་ལས"ལོག་པའི་ལམ་ནི་མཐའ་མེད་ཕྱིར"སོགས་ཟེར་བཞིན་འདུག་མོད། དེ་ནི་རྣོ་ཞིང་ཞིབ་པའི་རྣམ་འགྲེལ་གྱི་རིག་ལམ་བཀོལ་སྤྱོད་བྱས་ཏེ་ལོག་རྟོག་ངན་པ་སུན་འབྱིན་མ་ནུས་པས་རྟགས་སུ་འགྲོ་ཞིང་། ཡང་ན་ཟབ་མོ་ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཟབ་ཚད་ལ་སེམས་གཏིང་ནས་བསམ་བློ་འཁོར་མ་ཐུབ་པའམ་རྣམ་དཔྱོད་ཀྱི་རྩལ་འདོན་མ་ཐུབ་པའི་རྟགས་སུ་འགྲོའོ་སྙམ། ངས་ནི་གནད་དེ་སོགས་ལ་ཅི་ཁ་རོག་ཅེས་བཏང་སྙོམ་དུ་འཇོག་པར་མི་འདོད་ཅིང་ཞིབ་མོ་བློ་ཡིས་མྱོང་དཔྱོད་དྲན་གསུམ་ལ་བརྟེན་ནས་དཔྱད་པར་འདོད། འོ་ན་རྡུལ་རྫས་མཐའ་ཡས་པའི་ཁྲོད་དུ་སྲོག་ཆགས་ཀྱི་ཀླད་རྫས་ཁོ་ན་མ་གཏོགས་པའི་རྡུལ་རྫས་གཞན་གྱིས་ཡུལ་ལ་བླང་དོར་ལེགས་ཉེས་འབྱེད་མི་ཐུབ་པའི་རྒྱུ་མཚན་མེད་ཅིང་། ཡུལ་ལ་བླང་དོར་འབྱེད་པའི་ཆ་ནས་སྲོག་ཆགས་རྣམས་ཀྱི་ཀླད་རྫས་ལའང་ནུས་སྟོབས་གང་གིས་སྒོ་ནས་ཁྱད་པར་འབྱེད་པ་ཡིན། དེ་བཞིན་མི་རྣམས་སྐྱེས་པ་ནས་བཟུང་དྲན་ཤེས་རྒོད་ཞན་དང་རྣམ་རིག་གསལ་མིན་ལ་ཁྱད་པར་ཤིན་ཏུ་ཆེ་བ་མྱོང་བས་གྲུབ་པས་མི་རྣམས་ཀྱི་ཀླད་རྫས་ལ་ཁྱད་པར་ཡོད་པ་ཅི་ལྟར་སྨྲ། ཡུལ་དུས་རྒྱུ་རྐྱེན་གྱིས་དབང་གིས་མི་རྣམས་ཀྱི་བསམ་བློ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དངོས་ཡོད་ཀྱི་གྲུབ་ཅིང་། གནད་དེ་ནི་མི་རྣམས་ཀྱི་ཀླད་རྫས་ཇེ་མང་ངམ་གོང་འཕེལ་དུ་འགྲོ་བཞིན་ཡོད་པས་ཡིན་ནམ་དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་ཀླད་རྫས་ཀྱི་ནུས་པ་ཇེ་ཆེར་དུ་སོང་བ་ཡིན། དང་པོ་ལྟར་ན་མི་རྣམས་མཐུན་པའི་སྒོ་ནས་བསམ་བློ་གོང་འཕེལ་དུ་མི་འགྲོ་བ་ལ་རྒྱུ་མཚན་མེད་ཅིང་། ཕྱི་མ་ལྟར་ན་འདས་པའི་དུས་རབས་ཀྱི་ནང་དུ་ཉེ་ཆར་མཐོང་དུ་དཀོན་པའི་བསམ་བློ་ཕུལ་བྱུང་ཅན་དུ་མ་འཁྲུངས་མྱོང་བས་གནད་དེ་ལ་ཅི་ལྟར་ཡུལ་དུས་ཀྱི་ཁྱད་པར་འབྱེད་དུ་རུང་། གཞན་ཡང་ཕ་མ་དང་གྲོགས་པོའོ་སྙམས་པ་སོགས་ཡིད་ལ་དྲན་པ་འདི་དག་ཀླད་རྫས་མི་འདྲ་བའི་ནུས་པ་ལ་བརྟེན་ནས་སྐྱེས་པ་ཡིན་ན། ཁ་ནང་དུ་ཕྱོགས་དེ་བསམ་བློ་ཞིབ་མོ་ཐོངས་དང་འགྲོའོ་འདུག་གོ་བསམ་པའི་དྲན་པ་མི་འདྲ་བ་གཉིས་དུས་གཅིག་ལ་སྐྱེ་མི་སྲིད་པ་མྱོང་བས་ཐག་གཅོད་ནུས་ཤིང་། དཔེར་ན་དཔྱད་རྩོམ་འབྲིའོ་སྙམ་པའི་དུས་སུ་ཕ་ཡུལ་ལ་འགྲོའོ་སྙམ་པ་དྲན་མི་སྲིད་ཅིང་ཕ་ཡུལ་ལ་འགྲོའོ་སྙམ་པའི་ཚེ་ན་དཔྱད་རྩོམ་འབྲིའོ་སྙམ་མི་སྲིད་པ་བཞིན་ནོ། ། ཁྱོད་ལྟར་ན་དྲན་ཚོར་དེ་གཉིས་པོ་ཀླད་རྫས་གཅིག་ཁོ་ན་ལ་བརྟེན་ནས་སྐྱེ་བ་མ་ཡིན་པར་ཀླད་རྫས་སོ་སོ་ལ་བརྟེན་ནས་སྐྱེ་བ་ཡིན་པས་དུས་གཅིག་ལ་སྐྱེ་མི་རུང་བའི་རྒྱུ་མཚན་གཞར་ཡང་མེད་དོ། ། གཞན་ཡང་ཡུལ་གཟུགས་དང་སྒྲ་སོགས་འཛིན་པའི་ཐོས་མཐོང་གི་རྩ་ཕྲན་གཞན་དུ་ཡོད་ན་དེ་བཞིན་དངོས་པོ་སྣ་ཚོགས་པའི་དབྱིབས་དང་ཁ་དོག་རོ་དང་བྲོ་བ་ཆ་དང་ཆ་ཤས་སོགས་འཛིན་པའི་རྩ་ཕྲན་མི་འདྲ་བ་དུ་མའང་ཡོད་དགོས་ཤིང་། དེ་ལྟར་ན་དབྱིབས་དང་ཁ་དོག་སོགས་རེ་རེ་འཛིན་པའི་ཀླད་རྫས་ཀྱི་ཁྱད་པར་དག་ཀྱང་རིམ་བཞིན་སོ་སོར་ཉིད་དུ་འབྱེད་དགོས་མོད་དེ་ལྟར་ཞིབ་མོ་འབྱེད་ནུས་སམ། ད་ལྟའི་ཆར་འཚོལ་ཞིབ་བརྟགས་གསུམ་ལ་བརྟེན་ནས་བསམ་མི་ཁྱབ་པའི་རྡུལ་ཕྲན་གྱི་ནུས་པ་མི་འདྲ་བ་ལ་ངོས་འཛིན་ཐོབ་ཅིང་དེའི་འཕྲོད་སྦྱོར་སྣ་ཚོགས་བྱས་པ་ལ་བརྟེན་ནས་གསར་བྱུང་གི་དངོས་པོ་ཅི་ནུས་བཟོ་ཐུབ་ན། ཁྱེད་ཀྱིས་བཤད་པའི་ཀླད་རྩའི་རྫས་ཞེས་ཤེས་པ་ལས་གཞན་དུ་མེད་པ་དེ་ཉིད་རྫས་སྣ་ཚོགས་འཕྲོད་སྦྱོར་བྱས་ཏེ་རྟ་ནོར་ལུག་གསུམ་དང་ཁྱི་ཕག་ར་གསུམ་སོགས་སྲོག་ཆགས་ཀྱི་རིགས་ཀུན་གསར་བཟོ་བྱ་ནུས་འོས་མོད། ཚན་རྩལ་གྱི་ནུས་པ་བསམ་གྱི་མི་ཁྱབ་པའི་དུས་རབས་འདིར་ཀླད་རྩ་སྣ་ཚོགས་བཟོ་བྱེད་ཀྱིས་འཕྲུལ་ཆས་ཡོད་པར་མ་གྲགས་ཤིང་། རྟ་ནོར་ལུག་གསུམ་དང་འགྲོ་བ་མི་སོགས་ཆེད་ལས་ཀྱི་བཟོ་གྲྭ་ཁང་ནི་རི་བོང་གི་ར་དང་མོ་གཤམ་གྱི་བུ་བཞིན་དུ་གྱུར་འདུག་གོ ། མ་ཟད་དེང་དུས་འཕྲུལ་ཆས་འདྲ་མིན་ལ་བརྟེན་ནས་ཀླད་པའི་རྫས་གནས་སྣ་ཚོགས་མཐོང་ཐུབ་པས་ང་རྒྱལ་ཕྲག་དོག་སོགས་དྲན་ཚོར་རེ་རེ་རྩོམ་བྱེད་ཀྱི་ཀླད་རྩའི་རྫས་གནད་ཀྱང་མི་མཐོང་བའི་རྒྱུ་མཚན་མེད་ངེས། དེ་མཐོང་ན་རྫས་དེ་དང་དང་རིགས་མི་མཐུན་པའི་ཕྲག་དོག་རྩ་ཕྲན་དང་ཞེ་སྡང་རྩ་ཕྲན་སོགས་འགོག་ནུས་ཀྱི་རྫས་སྨན་བཟོ་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་དོ། ། མདོར་ན་ཀླད་རྩ་རེ་རེའི་གསང་གནད་དང་འཕེལ་འགྲུབ་སོགས་ཤེས་ན་འཕྲུལ་ཆས་ལ་བརྟེན་ནས་གཞན་སེམས་ཤེས་པའི་ཚན་རིག་པ་ཡོད་པར་ཁས་བླང་ཀྱང་སྐྱོན་མེད་པ་མ་ཡིན་ནམ། གཞན་ཡང་མངོན་སུམ་དང་ཡང་འགལ་དེ་ཀླད་པ་མེད་པའི་མི་སྣ་ཚོགས་པ་ཉེ་ཆར་ཞིབ་འཇུག་པ་དག་གིས་ར་སྤྲོད་བྱེད་ཀྱིན་ཡོད་པ་ཡིན་པས། ཀླད་པ་ལས་གཞན་དུ་གྱུར་བའི་ཤེས་པ་མེད་དོ་ཞེས་སྨྲ་བ་རྣམས་ཀྱི་རྫུན་གྱི་རང་མཚངས་དམར་རྗེན་བུད་པ་ཡིན་ཞིང་། འཇིག་རྟེན་ཁམས་ཀྱི་གནས་ཚུལ་གང་ཡིན་ཡང་རང་གིས་མ་མཐོང་བ་ཙམ་གྱིས་མེད་པར་སྨྲ་བ་ནི་བློ་མིག་ཧ་ཅང་དོག་པའི་རྣམ་འགྱུར་བསྟན་པ་ལས་གཞན་ཅི་ཡང་མེད་དོ། ། མ་ཟད་སྐྱེ་བོ་འབུམ་ཕྲག་དུ་མའི་ཉམས་མྱོང་དང་འགལ་དེ་འཛམ་གླིང་ཤར་ལྷོ་ནུབ་བྱང་གང་དུ་ཡང་སྔོན་གནས་རྗེས་སུ་དྲན་པའི་སྐྱེ་བོ་གང་མང་འབྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་ཡང་སྒྲུབ་བྱེད་རྒྱུ་མཚན་བདེན་དཔང་དང་བཅས་དེ་ཆོས་ལུགས་ཆེད་སྦྱོང་བ་དང་། ཆེད་གཉེར་ཞིབ་འཇུག་པ་དང་། སེམས་ཁམས་རིག་པ་བ་དང་། སྐྱེ་དངོས་རིག་པ་བ་དང་། རྩིས་རིག་རབ་འབྱམས་པ་དང་། གསོ་རིག་སྨན་རྩིས་བ་སོགས་མཁས་པ་གཞན་མང་པོས་ལོ་དུ་མའི་རིང་ལ་ཞིབ་འཇུག་དང་རྒྱས་ལོན་བྱས་པ་ལ་བསྟེན་ནས་སྐྱེ་བ་སྔ་ཕྱི་དྲན་པའི་མི་བརྒྱ་སྟོང་དུ་མ་ར་སྤྲོད་བྱེད་བཞིན་ཡོད་མོད་དེ་དག་གི་ཚུལ་ཞིབ་མོ་ཤེས་འདོད་ཡོད་ཚེ་དེ་འབྲེལ་གྱི་ཆེད་བྲིས་ཡིག་ཆ་ལ་བལྟས་དེ་ཤེས་པར་བྱོས་ཤིག གནས་ཚུལ་དེ་འདྲའི་འོག་ནས་གིས་རེ་འགའ་ནི་དམིགས་བསལ་ལོ་ཞེས་ངོ་ཚ་མེད་པའི་ཅོལ་ཆུང་གི་སྐད་བརྡ་རེ་འབྱིན་ནས་འདུག་རྒྱུ་ཡིན་ནམ་མམ། ང་ཡི་རིགས་ལམ་གྱི་སྲང་ལམ་ཆེན་པོ་ལས་ལྡོག་པར་མི་མི་མོས་ཤིང་སྣ་ཚོགས་ཆོས་ཉིད་ལ་ཚད་མ་གཉིས་ཀྱིས་བརྟགས་ཤིང་དཔྱད་ལ་དགའ་བའི་སྙིགས་དུས་ཀྱི་ལོག་རྟོག་གི་རྒྱུ་གཟེར་རབ་དུ་ན་བ་དག་ཨང་།
གསུམ་པ། སེམས་ལས་སེམས་སྐྱེས་ལུས་ལ་སེམས་བརྟེན་དགག ། བློ་གྲོས་རིམ་གོམས་སེམས་ངོ་སྙིང་རྗེ་མཛེས།།
ཡང་ནི་ལུས་སེམས་གཉིས་དུས་མཉམ་པར་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པས་འཕྲོད་པའམ་འདུ་བའི་ཚུལ་གྱིས་ཕན་འདོག་བྱ་འདོག་བྱེད་ཡིན་ནོ་ཞེ་ན། རྣམ་འགྲེལ་ལས། ཡོད་མེད་དག་ལ་རྟེན་མེད་ཕྱིར།། མ་ཡིན། ཞེས་ཤིན་ཏུ་རྣོ་ཞིང་ཞིབ་བའི་རིགས་ལམ་གྱིས་ལུས་ནི་སེམས་ཀྱི་དངོས་རྟེན་ཡིན་མིན་ལ་དཔྱད་ཡོད་དེ། དུས་མཉམ་པ་ཞེས་པའི་དོན་ནི་ད་ལྟ་དུས་གཅིག་ལ་གནས་པའི་ཀ་བུམ་ལྟར་ཕན་འདོག་བྱ་འདོག་བྱེད་ཡེ་ནས་མིན་པ་ལ་བཤད་ན་ཁྱོད་རང་དང་འགལ་བའི་རྩོད་པ་མེད་ཅིང་། ལུས་སེམས་དུས་མཉམ་པའི་ཚུལ་གྱིས་རྟེན་དང་བརྟེན་པ་མི་རུང་དེ། ཡོད་པར་གྲུབ་པའི་ཆོས་ལ་ཡོད་པའི་ཆོས་གཞན་གྱིས་རྟེན་བྱེད་དགོས་དོན་མེད་ཅིང་། དེ་གནས་པ་ཡིན་པས་ཕྱིར་ན་ཆོས་གཞན་གྱིས་དེ་གནས་པ་ལ་ཕན་འདོག་པ་སོགས་དགོས་དོན་མེད། སེམས་ནི་སེམས་དང་རྫས་གཅིག་ཁོ་ན་ཡིན་པ་ལས་ལུས་སོགས་དང་རྫས་གཅིག་མ་ཡིན་པས་ལུས་ཀྱིས་སེམས་གནས་པ་བསྐྱེད་པ་མ་ཡིན་ནོ། ། དོན་གཞན་དུ་གྱུར་བའི་ཆོས་ཀྱིས་དོན་གཞན་གནས་པ་ལ་ཕན་འདོག་པར་མི་བྱེད་དེ་དཔེར་ན་གླུ་བླངས་པས་མེ་འབར་བ་ལ་ཕན་འདོག་པ་མི་བྱེད་པ་བཞིན་ནོ། ། ལུས་ཀྱིས་སེམས་མི་འཇིག་པར་ཕན་མི་འདོག་ཚུལ་ལ་དེ་མ་ཐག་པའི་རྣམ་འགྲེལ་གྱི་རིགས་པ་དེ་བཀོལ་ཤེས་པར་བྱོས་ཤིག དེ་བས་སེམས་ནི་གྲུབ་ཙམ་ནས་འཇིག་ངེས་ཡིན་དེ། རྣམ་འགྲེལ་ལས། འཇིག་པ་དངོས་ཆོས་ཉིད།། ཡོད་པ་འདི་གནོད་མེད་ཕྱིར་དང་།། གནས་པའི་རྒྱུས་ནི་ཅི་ཞིག་བྱས།། ཞེས་དང་། དངོས་རྣམས་སྐད་ཅིག་རེ་རེ་ནི།། འཇིག་ན།། ཞེས་པའི་སྒོ་ནས་དངོས་པོའི་ཆོས་མཐའ་དག་གི་རང་བཞིན་ནམ་ཆོས་ཉིད་ནི་སྐྱེས་ཙམ་ནས་འགག་འགྲོ་བ་ཞིག་ཡིན་ཚུལ་བསྟན་ཞིང་གནས་ཆོས་གཞན་གྱིས་འཇིག་ཆོས་དེ་འགག་པ་སོགས་ལ་བར་ཆད་གང་ཡང་བྱེད་མི་ནུས་པ་བསྟན་པ་མ་ཡིན་ནམ། དེ་ལྟར་ལུས་སེམས་གཉིས་པོ་དངོས་ཀྱི་རྟེན་དང་བརྟེན་པ་བཀག་ནས་རང་ལ་ནི་རྒྱུན་གྱིས་སྒོ་ནས་ལུས་སྐད་ཅིག་དང་པོས་སེམས་སྐད་ཅིག་གཉིས་པས་ལྷན་ཅིག་བྱེད་པའི་རྟེན་ཙམ་བྱས་པ་འདོད་ཅིང་། དུས་མཉམ་པར་ཕན་འདོག་བྱ་འདོག་བྱེད་འདོད་པ་ལ་གོང་སྨྲོས་རིགས་པ་སོགས་ཀྱིས་གནོད་པ་གོ་ན་རྒྱུ་འབྲས་ཕྱིའི་གོ་བ་ལའང་ཕན་ཐོག་ཆེན་པོ་ཡོད་ངེས་སོ་སྙམ།
རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པ་ཕྱིར་ཡང་གྲུབ།། ཅེས་གསུངས། དེ་ལྟ་བུའི་རྣམ་འགྲེལ་གྱི་རྣོ་ཞིང་ཞིབ་པའི་རིགས་ལམ་སྣ་ཚོགས་ལ་བརྟེན་ནས་བློ་ནི་བློ་རིགས་མཐུན་པ་འབའ་ཞིག་ལ་བརྟེན་ནས་སྐྱེ་དགོས་པར་གྲུབ་ཅིང་། སླར་ཡང་། རྣམ་འགྲེལ་ལས། དེས་ན་རྒྱུ་དང་བྲལ་བའི་ཕྱིར།། ཐ་མ་ཡི་ནི་སེམས་རྣམས་ཀུན།། མཚམས་སྦྱོར་མེད་པ་མིན་དེའི་ཕྱིར།། དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད།། ཅེས་པའི་སྒོ་ནས་ལུས་ནི་ཤེས་པའི་དངོས་རྒྱུ་མིན་ཞིང་སེམས་རྒྱུན་སྔ་མ་ལ་བརྟེན་ནས་སེམས་རྒྱུན་ཕྱི་མ་རིམ་བཞིན་མཚམས་སྦྱོར་བར་བསྟན་པ་ཡིན་ནོ། ། མ་ཟད་བརྩེ་བ་དང་བྱམས་པ་སྙིང་རྗེ་དང་ཤེས་རབ་སོགས་ནི་སེམས་ཀྱི་ཡོན་ཏན་ཉག་གཅིག་ཡིན་ཞིང་། བློ་རིགས་དེ་དག་ཀྱང་བློ་རིམ་བཞིན་གོམ་པ་ལ་བརྟེན་ནས་གོང་འཕེལ་གྱི་ངང་དུ་སྐྱེ་བར་འདོད། འོན་ཀྱང་རང་རྒྱུད་ལ་ཞེ་སྡང་དང་ཁོང་ཁྲོ་སོགས་བརྩེ་བ་གོང་དུ་འཕེལ་བའི་གེགས་རྐྱེན་དུ་གྱུར་བའི་བློ་མི་མཐུན་པ་སྐྱེས་པ་ཅི་སྲིད་དུ་བརྩེ་བ་སྙིང་རྗེ་སོགས་ཀྱི་ས་བོན་སྐྱེ་བ་ཐོག་མ་མེད་པ་ནས་ཡོད་ནའང་བློ་རིགས་དེ་ཉིད་གོང་འཕེལ་དུ་འགྲོ་མི་ཐུབ་པ་ཡིན་ནོ། ། བློ་ཡུན་རིང་གོམས་པ་ལ་བརྟེན་ནས་གསལ་སྣང་དེ་དང་དེ་འདྲ་འབྱུང་རྒྱུ་ཡོད་པ་ནི་བློ་ཏིང་ངེ་འཛིན་ལ་ཡུན་རིང་མཉམ་པར་བཞག་པ་ལ་བརྟེན་ནས་གང་སྣང་ཐམས་ཅད་ས་དང་ཆུ་དང་མེ་དང་རླུང་དང་ཀེང་རུས་སོགས་སུ་འཆར་བ་ཡོད་ཅིང་། མ་ཟད་རང་སེམས་སྣ་ཚོགས་པའི་བློ་ལ་གོམས་པར་གྱུར་བས་ན་བློ་རིགས་དེ་གོང་འཕེལ་དང་རྒྱུན་འཇགས་སུ་འགྲོ་བ་སོགས་ནི་ཉམས་མྱོང་ལ་བརྟེན་ནའང་རྟོགས་ནུས། རྣམ་འགྲེལ་ལས། འདི་ལྟར་གོམས་པ་སྔ་མ་དང་།། སྔ་མའི་སེམས་ཆོས་བརྩེ་བ་དང་།། ཆགས་བྲལ་བློ་སོགས་གཞན་དག་གི།། གསལ་བ་ཡི་ནི་རྩ་བ་ཡིན།། གོམས་ལས་བརྩེ་བའི་བདག་ཉིད་དེ།། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན།། ཞེས་གསུངས་པའི་རིགས་ལམ་འདིའི་བསྟན་དོན་གོ་ན་རང་རྒྱུད་ལ་འགོག་མེད་དུ་འཆར་བའི་བློ་རིགས་སྣ་ཚོགས་ལ་བླང་དོར་ལེགས་ཉེས་འབྱེད་ཐུབ་པའི་གྲོགས་བྱེད་ངེས་ཏེ། བློ་ཡང་དག་པའམ་དགེ་བའི་ཕྱོགས་སུ་གོམས་ན་གང་སྣང་ཐམས་ཅད་ཡིད་དུ་འོང་བ་དང་དགེ་བ་ཉིད་དུ་སྣང་ཞིང་། བློ་ངན་པའི་ཕྱོགས་སུ་གོམས་ན་གང་མཐོང་ཐམས་ཅད་ཡིད་དུ་མི་འོང་ཞིང་མི་དགེ་བ་ཉིད་དུ་མཐོང་བ་ཡིན་པས་གནད་ཀྱང་གོ་ཐུབ། དེ་བས་རང་གིས་རང་རྒྱུད་དུ་སྐྱེ་བའི་བློ་རིགས་སྣ་ཚོགས་པར་བླང་དོར་ལེགས་ཉེས་འབྱེད་ཐུབ་ཚེ་རང་གིས"ཚད་མའི་གཞུང་ལུགས"སྦྱང་བ་ལ་དོན་གོ་ཆོད་པ་ཡིན་ཞིང་། བློ་ཡང་དག་པ་ལ་ངོས་འཛིན་ཐོབ་ཅིང་། དེས་སྟོབས་ཀྱིས་སེམས་ཀྱི་གནད་རྩ་ཤེས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ཉམས་རྟོགས་ཀྱང་རྒྱུད་ལ་སྐྱེ་ངེས་པ་ཡིན་ནོ། ། དེ་བས་གཞིའི་གནས་སྐབས་སུ་དོན་དང་ཐ་སྙད། དངོས་དང་དངོས་མེད། ཡུལ་དང་ཡུལ་ཅན། ཚད་མ་དང་ཚད་མིན། རྟོག་བཅས་དང་རྟོག་མེད། མངོན་སུམ་དང་རྗེས་དཔག སྣང་བ་དང་སེལ་བ། རྒྱུ་དང་འབྲས་བུ། བླང་བྱ་དང་དོར་བྱ་སོགས་ཀྱི་གནད་ཡང་དག་པར་ཕྱིན་ཅི་མ་ལོག་པར་ངོས་ཟིན་ན་ལམ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བའི་རྐྱེན་གྲོགས་ཡང་དག་པ་ཉིད་དུ་བྱེད་ངེས་པས་ན་ཆུང་བློ་གསལ་རྣམས་ཀྱིས་རྒྱུ་འབྲས་ཀྱི་གནད་དེ་གོ་བའི་དོན་ལ་བརྩོན་པར་རིགས་ལགས་སོ། །
ལམ། རིགས་པའི་གྲུབ་དོན་ལས་འཕྲོས་འཆིང་དང་གྲོལ་བའི་རྣམ་བཞག་འཆད་པ་ལ་གཉིས་ལས།
དང་པོ། སྲེད་ལས་སྲིད་འབྱུང་བདག་ལྟ་འཁོར་བའི་རྒྱུ།། སེམས་ཉིད་སྙིང་རྗེའི་ཞལ་ལས་འཁོར་བ་སྐྱོབ།།
དེ་ལྟར་རིགས་ལམ་སྣ་ཚོགས་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པར་གྲུབ་ནའང་འཁོར་བའི་གནས་འདི་ནས་འཆིང་གྲོལ་གྱི་རྣམ་བཞག་ཅི་ལྟར་ཕྱེའོ་སྙམ་ན། འཁོར་བ་ཞེས་པ་དེའང་རྟག་པ་མི་འགྱུར་བའི་རང་བཞིན་ཅན་དུ་མི་འདོད་ཅིང་། དེ་བཞིན་སེམས་ཅན་རྣམས་འཁོར་བ་རུ་འཆིང་བཞིན་པ་ཡིན་པས་ན་ཐར་བ་མི་འདོད་པའང་མ་ཡིན། འོ་ན་འཁོར་བའམ་འཁོར་བ་པ་ཞེས་པ་ནི་ཅི་ལྟ་བུ་ཞིག་ལ་ངོས་འཛིན་སྙམ་ན། རྣམ་འགྲེལ་ལས། ཆགས་བྲལ་མིན་དང་སྲེད་ལྡན་དང་།། རྩོམ་པ་ཀུན་ལ་བསྟེན་པ་དེ།། ཉོན་མོངས་ལས་ལས་གྲོལ་མ་ཡིན།། དེ་འདྲ་འཁོར་བ་པ་ཞེས་བྱ།། ཞེས་པའི་སྒོ་ནས་བདག་ལ་ཆགས་པ་མ་བྲལ་ཞིང་དེས་དབང་གིས་གཙང་བདེ་རྟག་བདག་དུ་ཞེན་པའི་བློ་ལོག་པ་འབྱུང་ཞིང་དེ་ལས་བླང་དོར་གྱིས་ཡུལ་སྣ་ཚོགས་ལ་རྩོམ་པར་འཇུག་པར་བྱེད་ཅིང་ལས་ཉོན་གྱི་རྒྱུན་མ་བཅད་པས་ན་འཁོར་བ་པ་ཞེས་བརྗོད་པ་ཡིན་ནོ། ། སླར་ཡང་། རྣམ་འགྲེལ་ལས། ཇི་སྲིད་བདག་ཆགས་མ་བཅོམ་ཞིང་།། དེ་ནི་ཡོངས་སུ་གདུང་བར་འགྱུར།། ཞེས་པའི་སྒོ་ནས་གཞི་བདག་མེད་པ་ལ་བདག་ཏུ་བཟུང་བའི་བདག་འཛིན་མ་རིགས་པའི་དབང་གིས་སེམས་ཅན་རྣམས་འཁོར་བའི་གནས་སུ་འཁྱམ་པར་བྱེད་ཅིང་འཁོར་བའི་གནས་ནས་ཀྱང་རྣམ་རྟོག་ངན་པའི་སྒྲོ་བཏགས་པ་ལ་བརྟེན་ནས་སྡུག་བསྔལ་གསུམ་གྱིས་ཡང་དང་ཡང་དུ་མནར་ཞིང་གདུང་བ་ཡིན། དེ་བས་གྲོལ་བ་པོར་གྱུར་བའི་ཕུང་པོ་དང་གཅིག་དང་ཐ་དད་དུ་གྱུར་བའི་བདག་མེད་ནའང་ཐ་སྙད་འཁྲུལ་བའི་བློ་ངོར་བདེ་སྡུག་གི་བདག་ཡོད་པར་འདོད་པའི་བློ་ཕྱིན་ཅི་ལོག་གི་སྒྲོ་འདོགས་ལྡོག་པའི་ཕྱིར་དུ་དེས་ཡུལ་སུན་ཕྱུང་བའི་སྒོ་ནས་བདག་འཛིན་སྤངས་བའི་ཐབས་ལ་བརྩོན་པ་ཡིན་ནོ། ། འོ་ན་དེ་ལྟ་བུའི་བདག་འཛིན་དེ་ཉིད་འཁོར་བའི་རྒྱུ་ཡིན་ན་བདག་འཛིན་དེ་ཟློག་པ་ཅི་སྲིད་དུ་འཁོར་བར་སྐད་ཅིག་ཙམ་ཡང་མི་གནས་སོ་སྙམ་ན། དེའང་མ་ཡིན་དེ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བའི་གནས་པ་ནི།། བརྩེ་འམ་ཡང་ནི་ལས་ཀྱིས་ཡིན།། ཞེས་པའི་སྒོ་ནས་སངས་རྒྱས་དང་བྱངས་སེམས་རྣམས་ནི་འགྲོ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་འཁོར་བ་ལ་གནས་པ་ཡོད་ཅིང་། དགྲ་བཅོམ་ལ་ནི་ལས་ཀྱིས་འཕེན་པས་སྒོ་ནས་ཉོན་མོངས་ཟད་ཀྱང་འཁོར་བར་ཡུན་རིང་དུ་གནས་པའང་ཡོད་དོ། ། དེ་བས་འཁོར་བའི་རྒྱུ་བདག་འཛིན་ལས་ཟློག་ཀྱང་འཁོར་བར་གནས་པ་མི་འགལ་བར་བསྟན་པ་ཡིན། ཆགས་པ་བྲལ་ཡང་བརྩེ་བའི་སྒོ་ནས་འཁོར་བ་རུ་གནས་ཞེས་པའི་དོན་ལ་བསམ་ནས་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སེམས་ཅན་དུ་ལྟ་བའི་བློ་རྣམ་རྟོག་མ་སྤངས་པའམ་གལ་ཏེ་སྤངས་ན་སེམས་ཅན་ལ་སྙིང་རྗེ་ཡང་སྐྱེ་བར་མི་རུང་ཞིང་། གང་སྙིང་རྗེའི་ཡུལ་དུ་གྱུར་བའི་སེམས་ཅན་ལ་གཞན་གྱིས་གནོད་པ་སོགས་བྱས་ཚེ་དེ་ལ་ཁོང་ཁྲོ་དང་ཞེ་སྡང་སྐྱེ་བར་འགྱུར་རོ་སྙམ་ན། སྐྱོན་མེད་དེ་སེམས་ཀྱི་རང་བཞིན་ནི་བརྩེ་བ་དང་སྙིང་རྗེའི་ངང་ལ་གནས་པ་ཡིན་ཞིང་བདག་གཞན་གང་དུའང་སྒྲོ་མ་བཏག་པའི་སྒོ་ནས་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་ཟློག་པའི་ཕྱིར་དུ་རྒྱུན་ཙམ་ལ་བརྩེ་བ་སྐྱེ་བར་འགྱུར་བ་ཡིན་པས་འགལ་བ་ཅི་ཡང་མེད་དེ། རྣམ་འགྲེལ་ལས། དངོས་ཆོས་བརྩེ་བ་སྐྱེ་བ་དེ།། སེམས་ཅན་རྗེས་འབྲེལ་ཅན་མ་ཡིན།། ཞེས་དང་། སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི།། བརྩེ་བ་སྐྱེ་བར་འགྱུར་བ་ཡིན།། ཞེས་པའི་སྒོ་ནས་སེམས་ཀྱི་རང་བཞིན་ནི་སྙིང་རྗེའི་ངང་ལ་གནས་ཤིང་སྡུག་བསྔལ་གྱི་རྟེན་ཅན་སེམས་ཅན་གྱི་རྒྱུན་ཙམ་ལ་བརྩེ་བ་སྐྱེས་པ་བསྟན་ཞིང་། དེ་བཞིན་བརྩེ་བ་དེ་ནི་ཆགས་སྡང་རྨོངས་གསུམ་གྱི་ཉེས་པ་ལས་ཡེ་ནས་གྲོལ་བ་ཞིག་ཀྱང་བསྟན། ཉན་རང་དགྲ་བཅོམ་པའི་རྒྱུད་ལ་སྙིང་རྗེ་ཆེན་པོ་མི་ལྡན་པས་ན་འཁོར་བར་ཡུན་རིང་དུ་མི་གནས་ཤིང་སངས་རྒྱས་དང་བྱང་སེམས་ནི་བརྩེ་བའི་དབང་གིས་སེམས་ཅན་གྱི་དོན་དུ་འཁོར་བར་ཇི་སྲིད་དུ་བཞུགས་པ་ཡིན་ནོ། ། ཉན་རང་སློབ་ལམ་དང་པོ་ལ་གནས་པ་རྣམས་ཀྱང་སླར་སྲིད་པ་རུ་སྐྱེ་བའང་མེད་དོ་སྙམ་ན་དེའང་མ་ཡིན་དེ། དེས་ཕུང་པོ་ལ་གཅིག་དང་ཐ་དད་གང་རུང་དུ་ལྟ་བའི་བདག་འཛིན་ཀུན་བཏགས་རྣམས་སྤངས་ཀྱང་ལྷན་སྐྱེས་ཀྱི་བདག་འཛིན་མ་སྤངས་བས་སྲིད་པར་སྐྱེ་བ་ལེན་པ་ཡོད་མོད། ལྷན་སྐྱེས་ཀྱི་བདག་འཛིན་སྤངས་ན་ནི་སྲིད་པ་ལས་གཏན་ནས་གྲོལ་ཞིང་དེ་བས་སྲེད་པས་དབང་གིས་སྲིད་པར་སྐྱེ་བ་ལེན་མི་དགོས་སོ། ། རྣམ་འགྲེལ་ལས། ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར།། སྤངས་ན་ཡང་སྲིད་ག་ལ་ཡོད།། ཅེས་པའི་སྒོ་ནས་ལམ་དང་པོར་གནས་པའི་གང་ཟག་ལ་ནི་ལྷན་ཅིག་སྐྱེས་པ་མ་སྤངས་པ་ཡོད་པར་བསྟན་ཞིང་གལ་ཏེ་དེ་སྤངས་ན་ཡང་སྲིད་ལེན་མི་དགོས་པར་གསལ་པོར་བསྟན། དེ་སོགས་བློ་མ་རུང་བའི་ཚོགས་དང་ལྷན་སྐྱེས་དང་ཀུན་བཏགས་ཀྱི་སྒོ་ནས་བདག་འཛིན་མི་འདྲ་བ་གཉིས་པོ་གང་ཟློག་དགོས་ཀྱང་དེའི་ཡུལ་སུན་ཕྱུང་དགོས་པ་ཡིན།
གཉིས་པ། བདག་ལྟ་འཆིང་བའི་མུན་པ་གཏན་བཅོམ་སྟེ།། ལྡོག་མེད་གྲོལ་ལམ་ཞི་བའི་ཐུགས་ལ་གནས།།
འཆིང་གྲོལ་གྱི་རྣམ་བཞག་འདི་ལས་འཕྲོས་ཏེ་རང་ཉིད་ཀྱང་བདག་ཡོད་མེད་ཀྱི་གནད་དེ་ལ་དོགས་པ་ཆེན་པོ་སྐྱེ་མྱོང་ཞིང་། མ་ཟད་སེམས་གསལ་རིག་ཙམ་ལ་བདག་ཏུ་ངོས་བཟུང་ནས་དེ་ནི་བདག་ཏུ་གྲུབ་པ་བདེན་པར་གྲུབ་པའོ་ཞེས་ཀྱང་སྨྲས་ཤིང་རྣམ་འགྲེལ་གྱི་དགོངས་པའང་དེ་རེད་དོ་སྙམ། འོན་ཀྱང་དེ་ནི་བདག་གི་བསམ་བློ་ཞིབ་པར་མ་བཏང་བའི་གནད་དམ་གཞུང་ལུགས་ལ་ཞིབ་མོར་མ་བརྟགས་པའི་སྐྱོན་ཡང་ཡིན་ངེས་འདུག དེ་བས་ངས་ནི་འཆིང་གྲོལ་གྱི་རྟེན་ཡོད་པར་ཁས་ལེན་ཞིང་རྟེན་དེ་ཡང་ཤེས་པ་གསལ་ཙམ་གྱི་ངོ་བོ་དེ་ལ་བཞེད་པ་ཡིན། དེ་བཞིན་རྣམ་འགྲེལ་ལ་ཞིབ་ཚག་གིས་སྒོ་ནས་འཇུག་དེ་བལྟས་ན་བདག་མེད་པ་ལ་འཆིང་གྲོལ་གྱི་རྣམ་བཞག་འཐད་པར་བསྟན་ཞིང་བདག་ཡོད་པ་ལ་བཅིང་ཐར་མི་འཐད་ཚུལ་ཡང་བསྟན་དེ། དེ་ཉིད་ལས། འཆིང་ཡིན་རྟག་ལ་དེ་གང་ལས།། ཞེས་དང་། ཐར་ཡིན་རྟག་ལ་དེ་གང་ལས།། ཞེས་པའི་སྒོ་ནས་རྟག་པའི་བདག་ལ་འཆིང་གྲོལ་གྱི་རྣམ་བཞག་དགག་ཅིང་། ཡང་དེ་ཉིད་ལས། བརྗོད་བྱ་མིན་པ་ལའང་བཅིང་དང་ཐར།། ཇི་ལྟ་བུར་ཡང་ཡོད་མ་ཡིན།། ཞེས་པའི་སྒོ་ནས་བརྗོད་དུ་མེད་པའི་བདག་ཡོད་པ་ལའང་བཅིང་ཐར་གྱི་རྣམ་བཞག་དགག་པ་ཡིན་ནོ། ། འདི་སོགས་རྣམ་འགྲེལ་གྱི་རིགས་པའི་འགྲོས་ལ་བལྟས་ན་འཆིང་གྲོལ་གྱི་རྣམ་བཞག་ནི་བདག་མེད་པའི་སྟེང་དུ་བྱ་ཡི་བདག་ཡོད་པའི་སྟེང་དུ་བྱ་བ་མ་ཡིན་པ་ཤེས་ནུས་ཤིང་། དེ་བས་ད་ནི་བདག་གིས་ཀྱང་རྣམ་རྟོག་ངན་པའི་སྒོ་གཏན་ཏེ་ཡང་དག་པའི་དོན་ལ་ཚུལ་བཞིན་དུ་ཞིབ་མོར་དཔྱོད་པར་ངེས། བསམ་བློ་ནི་ཚད་དང་རྒྱ་ཡི་འགོག་ཐབ་བྲལ་བའི་གཟུགས་མེད་ཀྱི་ནུས་སྟོབས་ཁྱད་པར་བ་ཞིག་ཡིན་པ་བདེན་ནའང་བསམ་བློ་ལ་ནོར་འཁྲུལ་དང་ཞན་ཆ་ནར་མ་སོན་པའི་ཆ་སོགས་ཡོད་པ་ནི་དངོས་ཡོད་ཉམས་མྱོང་གིས་ཤེས་ཐུབ་ན་རང་སེམས་དྲན་པ་དང་ཤེས་བཞིན་ལ་དེ་ལྟར་གནས་ཐུབ་པ་ཡིན་ནམ་སྙམ་པའི་དགའ་བའང་སྐྱེའོ། ། འཆིང་གྲོལ་གྱི་རྣམ་བཞག་ཁས་ལེན་པ་ཅི་སྲིད་དུ་འཆིང་བ་པོ་དང་གྲོལ་བ་པོ་ཡང་ཁས་ལེན་དགོས་ཤིང་དེ་ཁས་བླངས་ན་གཞུང་ལུགས་ཀྱི་རྣམ་བཞག་འབྱེད་བདེ་ཞིང་མཐར་ཐུག་གི་འབྲས་བུ་ལའང་སྤྲོ་བ་འཕེལ་བར་འགྱུར་ངེས། མ་ཟད་རྣམ་འགྲེལ་གྱི་དགོངས་དོན་མཐར་ཐུག་པའང་དེ་ཡིན་པས་གནད་དེ་གོ་བར་གྱིས་ཤིག འོ་ན་རྣམ་འགྲེལ་ལས། གྲོལ་བ་པོ་ནི་མེད་ན་ཡང་།། ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན།། ཞེས་པའི་སྒོ་ནས་གྲོལ་བ་པོ་མེད་པར་བསྟན་པ་མ་ཡིན་ནམ་སྙམ་ན་གཞུང་དེའི་དོན་དེ་ནི་མ་ཡིན་དེ། གཞུང་ཚིག་དེ་ཉིད་བདག་འཛིན་དང་དེའི་ཡུལ་འགོག་པའི་སྐབས་སུ་དྲངས་ཡོད་ཅིང་དེའི་དོན་ནི་བདག་བདེན་པར་གྱུར་བའི་གྲོལ་བ་པོ་ཞིག་མེད་པར་བསྟན་པ་ཙམ་ཡིན་གྱི་སྤྱིར་གྲོལ་བ་པོ་མེད་པར་བསྟན་པ་ནི་མ་ཡིན་ནོ། དེ་བས་གནད་འདི་ཤེས་ན་དོན་ཆེ་ཞིང་མ་ཤེས་ན་ཐབས་ཆག་པ་ཞིག་རེད་དོ་སྙམ། དེ་ལྟར་བདག་ཏུ་འཛིན་པའི་ལོག་རྟོག་ཀུན་བཅོམ་ཞིང་བདག་མེད་པའི་ལྟ་བ་ལ་རབ་ཏུ་གོམས་པར་གྱུར་བས་ན་སེམས་ངོ་གནས་གྱུར་བ་ཡིན་ལ། དེ་ལྟར་ཡིན་མོད་ཉེས་བཅས་ཀྱི་སེམས་ངོ་ཉེས་མེད་ཀྱི་སེམས་ངོར་གནས་གྱུར་བ་བཞིན་དུ་ཉེས་མེད་ཀྱི་སེམས་ངོའང་ཉེས་བཅས་ཀྱི་སེམས་ངོར་གྱུར་བ་ཡོད་རིག་པས་གཏན་དུ་གྲོལ་ལམ་མེད་དོ་སྙམ་ན། དེ་ལྟར་མི་འཐད་དེ་ཉེས་བཅས་ཀྱི་སེམས་ལ་གནོད་བྱེད་བདག་མེད་རྟོགས་པའི་ཤེས་རབ་སོགས་ལམ་གྱི་ངོ་བོར་གྱུར་བའི་གཉེན་པོ་ཡོད་ཀྱང་ཉེས་མེད་ཀྱི་སེམས་ལ་གནོད་པའི་གཉེན་པོ་མེད་པས་ན་མཐར་ཕྱིན་པའི་ལམ་དེ་ཉེས་བཅས་ཀྱི་ངོ་བོར་འགྱུར་བ་མི་སྲིད། དེ་བཞིན་ཡང་དག་པའི་ལམ་ལ་གནས་ཤིང་ཉེས་བཅས་ཀྱི་ལམ་ཐོབ་འདོད་ཀྱིས་སྒོ་ནས་དེ་ལ་འབད་བརྩོན་བྱ་མཁན་གྱི་གང་ཟག་ཀྱང་ཡོད་པ་མ་ཡིན་ནོ། ། དེ་ལྟ་བུའི་བདག་མེད་རྟོགས་པའི་ལམ་དེ་ལས་ཕྱིར་ལྡོག་པའང་མ་ཡིན་དེ། བློ་དེས་ནི་ཡུལ་གྱི་གནས་ཚུལ་ཕྱིན་ཅི་མ་ལོག་པ་འཛིན་ཞིང་མ་ཟད་གནས་ཚུལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་བདག་འཛིན་མ་རིག་པ་སྤངས་པའང་ཡིན། དེ་བས་བདག་འཛིན་ནི་བདག་མེད་པའི་ལམ་གྱི་ངོ་བོ་དང་འགལ་བ་ཡིན་པས་ན་བདག་འཛིན་འབྱུང་མི་ནུས་ཤིང་། བདག་འཛིན་འབྱུང་མ་ནུས་ན་གྲོལ་བ་ལས་ཕྱིར་ཟློག་པའང་མི་སྲིད་དོ། ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན།། རང་བཞིན་ལ་ནི་ཕྱིན་ལོག་གིས།། འབད་དུ་ཟིན་ཀྱང་མི་ཟློག་སྟེ།། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ།། ཞེས་གསུངས་པའི་སྒོ་ནས་གནས་གྱུར་བའི་སེམས་དེ་ལ་བློ་ཉོན་མོངས་པའི་ཕྱིར་ཟློག་པར་འབད་ཀྱང་ཕྱིར་ཟློག་པ་མ་ཡིན་ཏེ་གཏན་དུ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕྱོགས་འཛིན་པའི་བློ་ཡིན་པའི་ཕྱིར། ཆགས་སྡང་ལ་སོགས་པའི་བློ་བྱེ་བྲག་པ་དག་ནི་རྒྱུ་བདག་འཛིན་གཅིག་ལས་སྐྱེས་པའི་འབྲས་བུ་ཡིན་པས་ཉེས་པ་ཀུན་གྱི་རྩ་བར་གྱུར་བའི་བདག་དང་བདག་གིར་འཛིན་པ་དེ་ཉིད་སུན་བྱུང་ན་ཆགས་སོགས་ཀྱང་སྐྱེ་བར་མི་འགྱུར་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར།། དེ་ཡི་རང་བཞིན་ཉེས་ཀུན་དང་།། འགལ་བ་རབ་ཏུ་གྲུབ་པ་ཡིན།། ཞེས་པའི་སྒོ་ནས་བདག་གིས་སྟོང་བའི་སྟོང་ཉིད་རྟོགས་པའི་བློ་ནི་བདག་ལྟ་དང་འགལ་བའི་ཕྱིར་ན་ཉེས་ཀུན་འཇོམ་པའི་གཉེན་པོ་ཡིན་པར་བསྟན་པ་ཡིན། དེ་ཡང་གྲུབ་དེ་བདག་མེད་རྟོགས་པའི་ཤེས་རབ་ནི་བདག་ལྟ་དང་འཛིན་སྟངས་དངོས་སུ་འགལ་བའི་ཡུལ་གྱི་གནས་ཚུལ་རྟོགས་པའི་བློ་ཡིན་པས་ཕྱིར་རོ། ། དེ་ལྟར་བདག་ལྟ་དྲུང་ནས་སུན་བྱུང་དེ་བདག་མེད་རྟོགས་པའི་ལྟ་བ་ལ་གནས་པ་ན་གྲོལ་ལམ་ཐོབ་པ་ཡིན་ཞིང་དེ་འདྲ་བའི་བློ་རྒྱུད་ལྡན་ལ་ནི་ཆགས་བྲལ་ཞེས་ཀྱང་བྱའོ། ། མ་ཟད་ལྟ་བ་དེ་རྒྱུད་ལ་ལྡན་པ་ཅི་སྲིད་དུ་རང་ལ་ཕན་པའི་ཕྱིར་དུ་བླང་བྱ་དང་མི་ཕན་པའི་ཕྱིར་ན་དོར་བྱ་ཉིད་དུ་ལྟ་བའི་ལྟ་བ་ལའང་མི་གནས་པའི་སྒོ་ནས་བཏང་སྙོམས་ཀྱི་བློ་ཆེན་པོ་ལ་གནས་པ་ཡིན་ནོ། ། རྣམ་འགྲེལ་ལས། བླང་དང་དོར་བྱ་སྤངས་བའི་ཕྱིར།། ཐམས་ཅད་ལ་ནི་མཉམ་སྙོམས་ཅན།། ཙན་དན་སྟེའུ་མཚུངས་པ་ལ།། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན།། ཞེས་པའི་སྒོ་ནས་དེ་འདྲ་བའི་གང་ཟག་གིས་ནི་ལུས་ལ་ཙན་དན་གྱི་ལྡེ་གུས་བྱུག་པ་དང་སྟེའུས་གཅོད་པ་སོགས་ཡུལ་འདོད་མི་འདོད་གང་ལའང་མགོ་སྙོམས་དུ་ལྟ་བས་ན་ཆགས་པ་དང་བྲལ་བ་ཞེས་ཀྱང་བརྗོད་པར་བསྟན་པ་ཡིན། ང་ཚོ་ལ་ཉེ་བར་མཁོ་བའི་ལམ་ཡང་དག་པ་དེ་གང་ཡིན་ཞེ་ན་སྡུག་བསྔལ་ལས་གྲོལ་ཞིང་བླང་དོར་ལ་མཉམ་ཉིད་དུ་ལྟ་བའི་ལམ་དེ་ཡིན་ལ། སྡུག་བསྔལ་ལས་གྲོལ་བའི་ལམ་མཐར་ཕྱིན་པ་ནི་ཆགས་སོགས་བྲལ་བའི་གྲོལ་ལམ་ལས་གཞན་ཞིག་གཞལ་ཡང་མེད་དོ། ། རྣམ་འགྲེལ་ལས། དེ་བཞིན་གྲོལ་འདོད་ཐོག་མེད་པའི།། རྒྱུ་ཅན་རིགས་མཐུན་ས་བོན་ལས།། བྱུང་བའི་འཇིགས་ཚོགས་ལྟ་བ་དག ། རྩ་བ་ཉིད་ནས་དབྱུང་བར་གྱིས།། ཞེས་པའི་སྒོ་བདག་འཛིན་མ་རིག་པ་རྩ་བ་ནས་སུན་བྱུང་བའམ་སྤངས་ཐུབ་ན་གྲོལ་ལམ་ཡང་དག་པ་ཐོབ་ཐུབ་པར་བསྟན་པའོ། ། ང་ཚོས་ཀྱང་ལམ་དེ་ལ་འབད་བརྩོན་དྲག་པོ་བྱས་ན་ལམ་དེའང་མངོན་གྱུར་དུ་འོང་བ་ལ་ཐེ་མི་ཚོམ་པས། སྐལ་ལྡན་བློ་གསལ་རྣམས་ཀྱིས་ཐོབ་ན་དོན་ཆེ་བའི་འཇིག་རྟེན་ལས་འདས་པའི་ལམ་ཡང་དག་པའི་དོན་ལ་འབད་བརྩོན་ལྷོད་མེད་དུ་གནངས་ཐུབ་པར་སྨོན་ལམ་འདེབས་ཤིང་རང་ཉིད་ཀྱང་འཇིག་རྟེན་ཁམས་ཀྱི་འདུ་འཛི་ལང་ལོང་ལས་མྱུར་དུ་གཡོལ་ཐུབ་དེ་འཁྲུལ་མེད་ཡང་དག་པའི་གྲོལ་ལམ་འདི་ལ་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་འཇུག་ཐུབ་པར་ཤོག་ཅིག་ཅེས་གསོལ་བ་ཡང་ཡང་འདེབས་ལགས་སོ། །
འབྲས་བུ། སྟོན་མཆོག་ཚད་མས་གྲུབ་ཅིང་བདེ་གཤེགས་འགྲོ་རྣམས་སྐྱོབས་པ་བསྟན།།
དེ་ལྟར་སྐྱེ་བ་སྔ་མ་ནས་འདིར་འོང་བའི་སེམས་ཡོད་པར་གྲུབ་ཅིང་སེམས་ཀྱི་ངོ་བོར་གྱུར་བའི་སྙིང་རྗེ་ཆེན་པོ་ལ་གོམས་པ་སྔོན་དུ་འགྲོ་བ་ཡོད་པར་གྲུབ་པ་ཙམ་གྱིས་སྟོན་པ་སྐྱེས་བུ་ཚད་མ་ཡིན་པར་ཅི་ལྟར་གྲུབ་སྙམ་ན། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར།། ཐབས་རྣམས་ལ་ནི་མངོན་སྦྱོར་མཛད།། ཞེས་གསུངས་པའི་དོན་ཤེས་དགོས་ཏེ། སྟོན་པའི་སེམས་རྒྱུན་སྔ་མ་ལ་གནས་པའི་བྱང་སེམས་རྣམས་ཀྱིས་རང་རྒྱུད་སྡུག་བསྔལ་ལས་གྲོལ་བའི་ཐབས་མངོན་དུ་བྱས་ཤིང་། མ་ཟད་བརྩེ་བ་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་གཞོམ་པའམ་ཞུ་བའི་ཐབས་ལ་བརྩོན་པ་ཡིན་ནོ། ། གལ་ཏེ་རང་ཉིད་ཀྱིས་ལྐོག་གྱུར་གྱི་དོན་བདེན་གཞིའི་གནས་ཚུལ་ཡང་དག་པ་མི་ཤེས་ཚེ་བདེན་བཞིའི་དོན་གཞན་ལ་འཆད་པར་དཀའ་བས་ལུང་ཚད་མ་དང་དངོས་སྟོབས་ཀྱི་རིགས་པ་ལ་བརྟེན་ནས་དེའི་དོན་ལ་ཞིབ་མོར་དཔྱད་པར་འོས། གཞན་ལ་ཤེས་བྱ་གང་དང་གང་འཆད་པའམ་སྟོན་དགོས་ཀྱང་ཐོག་མར་ཤེས་བྱ་དེའི་དོན་ལ་སྦྱང་བ་ཕུན་སུམ་ཚོགས་པ་འགྲོ་དགོས་པ་ནི་ཆོས་ཉིད་ཉམས་མྱོང་གི་རིག་པས་གྲུབ་བོ། ། འགྲོ་བ་རྣམས་གཅིག་མཚུངས་ཀྱིས་སྡུག་བསྔལ་ལས་བྲལ་བར་འདོད་ན་ཡང་སྡུག་བསྔལ་གྱི་རྒྱུ་ཡང་དག་པ་ཞིག་ངོས་མ་ཟིན་པའམ་རྒྱུ་མ་ཟློག་པའི་འབྲས་བུ་ཟློག་པར་མི་སྲིད་པའི་གནད་མ་ཤེས་པས་སླར་ཡང་སྡུག་བསྔལ་གྱི་ངང་དུ་གནས། འོ་ན་སྡུག་བསྔལ་གྱི་རྒྱུ་གང་ཞེ་ན་འཁོར་བའི་རྩ་བར་གྱུར་བའི་བདག་སྲེད་མ་རིགས་པའི་བློ་དེ་ཡིན་ཞིང་དེ་ལས་ཆགས་སྡང་གི་རྣམ་རྟོག་ངན་པ་སྣ་ཚོགས་བསླང་མོད། དེ་འགོག་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ན་སྡུག་བསྔལ་གྱི་འཆིང་བ་ལས་གྲོལ་ཐུབ་པའི་ཚུལ་ནི་གོང་ནས་རྒྱས་པར་བཤད་ཟིན། དེ་ཙམ་གྱིས་ཐམས་ཅད་མཁྱེན་མི་ནུས་ཤིང་ཐམས་ཅད་གཞན་ལ་སྟོན་མི་ནུས་མོད་རྒྱུའི་གནས་སྐབས་སུ་ཡང་དག་པར་རྫོགས་པའི་ལམ་ཐོབ་ཕྱིར་ཐབས་སྣ་ཚོགས་ལ་ཡུན་རིང་གོམས་པས་འབྲས་བུ་ཡང་ཐམས་ཅད་མཁྱེན་པའི་གོ་འཕངས་མངོན་དུ་བྱེད་ཐུབ་བོ། ། དེ་བས། རྣམ་འགྲེལ་ལས། དེ་ལ་སྐྱོན་དང་ཡོན་ཏན་དག ། རབ་ཏུ་གསལ་བ་ཉིད་དུ་འགྱུར།། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར།། རྒྱུ་ཡི་བག་ཆགས་སྤངས་པ་ཡིན།། ཞེས་པའི་སྒོ་ནས་ལམ་དེ་ཐོབ་པའི་གེགས་སྐྱོན་མཐའ་དག་སྤངས་ཤིང་ཡོན་ཏན་མ་ལུས་པ་རྫོགས་པས་ན་བློ་ཡི་ངོ་བོ་ཡང་རབ་དུ་གསལ་བའི་ངང་ལ་གནས་ཐུབ་པ་ཡིན་ཞིང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་མི་རྟོགས་པའི་ངང་ལ་གནས་ཤིང་གཟུངས་འཛིན་གྱི་རྣམ་རྟོག་ཀུན་བཅད་ནས་སེམས་ཉིད་འོད་གསལ་ཆེན་པོའི་ངང་ལ་གནས་པ་ཡིན་ནོ། ། དེ་བས་མཐར་ཐུག་གི་འབྲས་བུ་ཡེ་ཤེས་ཀྱི་ངོ་བོ་གསལ་བར་གནས་པ་བསྟན་དུ་ཡོད་པས་ན་ངས་ནི་རྣམ་འགྲེལ་གྱི་དགོངས་པ་སེམས་ཙམ་པའི་ལྟ་བ་ལ་གནས་པ་གོ་བྱུང་། གཞན་ཡང་རྣམ་འགྲེལ་གྱི་དགོངས་པ་མཐར་ཐུག་པ་སེམས་ཙམ་པར་གནས་ཡོད་པ་ནི་རྣམ་འགྲེལ་རང་ལས་འོག་ཚད་འབྲས་སོགས་བཤད་པའི་སྐབས་སུ་གསལ་བར་གོ་ནུས་ཏེ། རྣམ་འགྲེལ་ལེའུ་གསུམ་པ་ལས། གང་གི་དངོས་པོ་རྣམ་དཔྱད་ན།། དེ་ཉིད་དུ་ན་དེ་དངོས་མེད།། གང་གི་ཕྱིར་ན་དེ་དག་ལ།། གཅིག་དང་དུ་མའི་རང་བཞིན་མེད།། ཅེས་པས་སྒོ་ནས་རགས་པ་དང་རྒྱུན་སོགས་ཀྱིས་བསྡུས་པའི་ཆོས་རྣམས་གཅིག་དུ་བྲལ་གྱིས་རིགས་པས་དཔྱད་པ་ལ་བརྟེན་ནས་བདེན་མེད་དུ་བསྒྲུབས་ཡོད་ཅིང་ཤེས་པ་གསལ་བའི་ཆ་ནི་དུས་གཏན་དུ་བདེན་མེད་དུ་བསྒྲུབ་མེད་པ་དེའོ། ། དེ་བཞིན་དུ་རྣམ་འགྲེལ་གྱི་དགོངས་འགྲེལ་མཁས་པས་མགྲིན་གཅིག་དབྱངས་གཅིག་གིས་དེ་ལྟར་གསུངས་པའི་ཚུལ་ལས་ཀྱང་གོ་བར་ནུས། སླར་ཡང་། རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས།། ཉིད་ཡིན།། ཞེས་པའི་སྒོ་ནས་སྟོན་པ་དེ་ནི་ལེགས་པར་གཤེགས་པ། སླར་མི་ལྡོག་པར་གཤེགས་པ། མ་ལུས་པར་གཤེགས་པ། ཞེས་ཁྱད་ཆོས་གསུམ་དང་ལྡན་པའི་སྒོ་ནས་བསྟན་ཞིང་། དང་པོས་ནི་འབྲས་བུ་དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་རྟེན་མ་ཡིན་ཞིང་རྒྱུ་མཐོང་ལམ་གྱི་གནས་སྐབས་སུ་སྔར་མ་མཐོང་བའི་ཡང་དག་པའི་དོན་གསར་དུ་རྟོགས་པར་བྱས་ཤིང་སྒོམ་ལམ་གྱི་གནས་སྐབས་སུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱས་པའི་ཚུལ་གྱིས་ཕྱི་རོལ་བའི་སྤངས་བ་ལས་མཆོག་ཏུ་གྱུར་བར་བསྟན་པ་ཡིན་ནོ། ། གཉིས་པས་ནི་འཁོར་བར་སླར་ཡང་སྐྱེ་བྱེད་ཀྱི་རྒྱུ་སྟེ་བདག་ཏུ་ལྟ་བའི་སྲེད་པ་ཀུན་འབྱུང་མཐའ་དག་སྤངས་པ་ཡིན་ཞིང་དེ་བས་ན་འཁོར་བར་དབང་མེད་དུ་ལྡོག་པ་མི་སྲིད་པས་ན་ཉན་རང་སློབ་པ་ལས་ཁྱད་དུ་འཕགས་པར་བསྟན་པ་ཡིན་ནོ། ། གསུམ་པས་ནི་སྟོན་པ་མཆོག་ནི་བདག་མེད་པའི་དོན་ལ་བློ་ཤིན་དུ་ཡུན་རིང་གོམས་པས་ན་བདག་ཏུ་ལྟ་བའི་བག་ཆགས་ཕྲ་མོ་སྟེ་ལུས་ངག་སེམས་ཀྱི་གནས་ངན་ལེན་མཐའ་དག་ཀྱང་སྤངས་བར་བྱས་པས་ན་ཉན་རང་དགྲ་བཅོམ་ལས་ཁྱད་དུ་འཕགས་པར་བསྟན་པ་ཡིན་ཏེ། རྣམ་འགྲེལ་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང་།། མ་ལུས་ཁྱད་པར་མཁྱེན་པར་གྲུབ།། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ།། དེ་ཕྱིར་ཕྱི་རོལ་པ་དང་སློབ།། མི་སློབ་ལས་ལྷག ། ཅེས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་ལུས་པ་མཁྱེན་ཞིང་ཁྱད་ཆོས་གསུམ་ལྡན་གྱི་སྒོ་ནས་ཕྱི་རོལ་པ་དང་འཕགས་པ་སློབ་པ་དང་ཉན་རང་མི་སློབ་པའི་དགྲ་བཅོམ་པ་དག་ལས་ཁྱད་དུ་འཕགས་པར་བསྟན་པ་ཡིན་ནོ། ། སླར་ཡང་། རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ།། འབྲས་མེད་ཕྱིར་ན་རྫུན་མི་གསུང་།། ཞེས་དེ་ལྟར་བདེ་བར་གཤེགས་པའི་ཁྱད་ཆོས་དང་ལྡན་པས་ན་སྟོན་པ་མཆོག་གིས་ཡང་དག་པའི་དོན་ཡུན་རིང་དུ་ཉམས་ལེན་བྱས་པ་ལ་བརྟེན་ནས་རང་གིས་གནས་ལུགས་ཀྱི་དོན་ཡང་དག་པར་གཟིགས་ཤིང་། དེ་ལྟ་བུའི་ཆོས་རྣམས་ཀྱི་གནས་ལུགས་སམ་ཡིན་ཚུལ་ལམ་རྟེན་འབྲེལ་གྱི་གནད་གསང་མཐའ་དག་ཀྱང་རང་གིས་ཉམས་མྱོང་ཡང་དག་ལ་བརྟེན་ནས་གཞན་ལ་བསྟན་ཞིང་གཞན་གྱིས་ཀྱང་ལམ་དེ་ཉམས་སུ་བླང་པ་ལ་བརྟེན་ནས་འབྲས་བུ་དེ་ཉིད་མངོན་དུ་བྱེད་པ་ཡིན། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་མཁྱེན་པའི་ཆོས་རྣམས་ཀྱི་གནས་ལུགས་དེ་ཉིན་གཞན་ལ་མ་བསྟན་ན་གཞན་རྣམས་སྐྱོབ་པར་མི་འགྱུར་ཞིང་གཞན་ཡང་ཡང་དག་པའི་དོན་གཞན་ལ་མི་སྟོན་པར་གཞན་བསླུ་བའི་རྫུན་ཚིག་སྨྲ་ན་སྐྱོབ་མི་ནུས་མོད། སངས་རྒྱས་ལ་ནི་དེ་ལྟ་བུའི་མཛད་སྤྱོད་མི་མངའ་བས་ན་གཞན་ལ་ཡང་དག་པའི་དོན་སྟོན་པ་ཡིན་ཞིང་། མི་ཤེས་པའི་དབང་གིས་གཞན་ལ་ལོག་པའི་དོན་སྟོན་པར་ག་ལ་སྲིད་དེ་མི་སྲིད་དོ། ། དེ་བས་ན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་ཐར་འདོད་རྣམས་ལ་མི་བསླུ་བའི་ཕྱིར་ན་ཚད་མའི་སྐྱེས་བུ་ཡིན་པ་གྲུབ་པ་ཡིན་ཞིང་། རང་གཞན་གྱི་དོན་གཉིས་རྫོགས་པའི་སྒོ་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་ཁྲིད་པར་བྱེད་པ་ཡིན་ནོ། ། དེ་ཡང་རྣམ་འགྲེལ་ལས། དེ་ལྟའི་དངོས་སྟོན་བསྟོད་པ་ནི།། དེ་ཡི་བསྟན་པ་ཉིད་ལས་ནི།། ཚད་མའི་དེ་ཉིད་གྲུབ་དོན་དེ།། ཞེས་པའི་སྒོ་ནས་སྤྱིར་ན་སངས་རྒྱས་ལ་ཡོན་ཏན་མཐའ་ཡས་པ་ཡོད་ཀྱང་ཚད་མའི་སྒོ་ནས་བསྟོད་ཅིང་བསྔགས་པ་ནི་བླང་དོར་ལེགས་ཉེས་འབྱེད་པའི་རིགས་ལམ་དང་ལྡན་ཞིང་ཤེས་རབ་ཀྱི་དབལ་ཚ་བའི་བློ་གསལ་ན་ཆུང་གིས་ལུགས་ཡིན་པར་མ་ཟད། དོན་གཉེར་ཆེ་ཞིང་བློ་གྲོས་ལྡན་པ་དག་གིས་ཚད་མའི་སྐྱེས་བུས་བསྟན་པའི་གསུངས་རབ་དག་ལས་ཀྱང་དངོས་པོ་གནས་ཚུལ་ཕྱིན་ཅི་མ་ལོག་པ་ཉིད་དུ་བསྟན་ཡོད་པའི་གནས་ཚུལ་གོ་བ་ལ་ཕན་པ་རྒྱ་ཆེན་པོ་ཡོད་པས་ཡིན་ལགས་སོ། །
སླར་སྨྲས་པ།
མཁས་པ་དགྱེས་ཤིང་རྨོངས་པ་གྲོལ་བའི་གནས་ལུགས་ཚད་མའི་བུ་ཆུང་ནི།།
ཡང་ཡང་མཇལ་ཡང་ཚིམ་པ་མེད་དོ་གསེར་ཞལ་ཉི་མའི་མདངས་དང་ལྡན།།
ཨ་ཧོ་མི་རྣམས་རྨོངས་པའི་ཐང་ན་དུག་གི་ཆུ་འཁྱག་འཐུང་ཡང་མོད།།
ངས་ནི་རང་སེམས་མུན་པ་བསལ་ཞིང་ཤེས་རབ་སྒྲོན་མེ་བཀར་བ་ཡིན།།
གང་ནས་འོང་ཞིང་གང་དུ་འགྲོ་བའི་སེམས་ཉིད་འོད་གསལ་རོལ་བ་ལས།
སྣ་ཚོགས་རྩོམ་པའི་རྒྱུ་འཕྲུལ་རྩེན་ཡང་ཟབ་དོན་དེ་ཉིད་འཇལ་བར་དཀའ།།
རིགས་ལམ་བྱེ་བའི་བདུད་རྩི་འཐུང་ཞིང་སྣ་ཚོགས་ཆོས་ཉིད་དཔོག་པས་ན།།
དགའ་བ་འབུམ་གྱིས་ཡིད་སེམས་མྱོས་ཏེ་ཚད་མས་ང་རོ་བསྒྲགས་པ་ལགས།།
གཟུགས་མེད་ཆོས་ཀྱི་བྱིིན་རླབས་ཆེན་པོ་སྙིགས་དུས་འགྲོ་བས་དཔོག་དཀའ་ཡང་།།
འདི་བརྩམས་དགེ་བ་རང་གཞན་མཉམ་པའི་བདག་འཛིན་རྨོངས་པ་ཟློག་ཕྱིར་དུ།།
ཕྲ་བའི་ལས་དང་ཕྲ་བའི་བག་ཆགས་སེམས་ཉིད་ཀུན་གཞིའི་དབྱིངས་ལ་བསྔོ།།
མི་རྣམས་སྐྱིད་ཅིང་ལྷ་རྣམས་དགའ་བའི་མཉམ་ཉིད་རྒྱལ་ས་ཐོབ་པར་ཤོག །
ཚད་མའི་དཔྱད་རྩོམ་རང་སེམས་མུན་པ་སེལ་བའི་སྒྲོན་མེ་ཞེས་པ་འདི་ནི་ཡུལ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། མདོ་དབུས་ཁམས་གསུམ་གྱི་ཆར་གཏོགས་པའི་ཁམས། མཁས་གྲུབ་བྱེ་བ་འབྱུང་བའི་སྟེ་གནས། ལུང་རིགས་ཀྱི་དབལ་ཤིན་དུ་ཚ་བའི་ཡུལ། འཆད་རྩོད་རྩོམ་ལ་མངའ་བརྙེས་པའི་ཚལ། ཁམས་རྫོང་སར་ནང་བསྟན་སློབ་གླིང་ནས་བསྟན་བཅོས་ཀུན་གྱི་མིག་གཅིག་པ་ལྟ་བུའི་ཟབ་ཅིང་ཉེ་བར་མཁོ་བའི་གཞུང་ཆེན་པོ་ཚད་མ་རྣམ་འགྲེལ་ཁོ་ན་ལ་ཚད་མ་ཉིད་དུ་ཕུག་བཅོལ་ཏེ་བརྩམས་ཤིང་། རང་སེམས་ཀྱི་རྨོངས་མུན་མཐུག་པོ་ཡེ་ནས་ཞི་ཞིང་དོན་གྱི་གནས་ཚུལ་ཤེས་པའི་སླད་དུ། ཚིག་གི་སྡེབ་ལེགས་དང་། ཚིག་གི་མཛེས་རྒྱན་དང་། ཚིག་གི་འཆར་ཡན་དང་། ཚིག་གི་དག་ཆ་སོགས་ལ་ཡང་དག་པར་བརྟེན་ཏེ། དོན་གྱི་ཟབ་ཚད་དང་། དོན་གྱི་གསང་གནད་དང་། དོན་གྱི་དགོས་པ་དང་། དོན་གྱི་གཉེར་བྱ་སོགས་ལེགས་པར་ཤེས་པའི་ཆེད་དུ་ཤཱཀྱའི་དགེ་ཚུལ"བསྟན་འཛིན་འཕྲིན་ལས་རྣམ་རྒྱལ"ལམ"མྱི་གསར་བ"རུ་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་མོ་བྱ་ཡི་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པར་རང་ཤག་རིག་པའི་ལྡིང་ཁང་ནས་དཔྱད་རྩོམ་གྱི་ཟོལ་དུ་བྲིས་པ་འདིས་ཀྱང་དགེ་ཞིང་བཀྲིས་པར་གྱུར་ཅིག