རླུང་དང་རྒྱང་རིང་།

    རྩོམ་པ་པོ། མྱི་གསར་བ།

སྒྲུང་ཐུང་།
         རླུང་དང་རྒྱང་རིང་། 
                           མྱི་གསར་བ། མི་ཉག


དེ་རིང་ཞོགས་པར་ངས་གནམ་གྲུའི་གཤོག་སྣེ་ནས་བཟུང་སྟེ་སྟོང་བསམ་གྱི་བར་སྣང་ཆེན་པོ་ཉུལ་བའི་ཚེ་ན་ང་ནི་རླུང་བུ་སྣ་ཚོགས་དང་འཕྲད་ཅིང་དེ་མ་ཐག་དུ་ང་ཡང་རླུང་བུ་ཆུང་ཆུང་ཞིག་ཏུ་གྱུར།    རླུང་ནི་ཁ་ཕྱོགས་དང་དམིགས་ཡུལ་མེད་པའི་སྒོ་ནས་གང་དུའང་གཡུག་གིན་ཡོད་ལ་སྐབས་རེར་རླུང་ཆེན་དུ་གྱུར་ནས།  འགྲོ་བ་མི་དང་།  ཕག་དང་།  རྨ་བྱ་དང་།   མཛོ་དང་།   སྦྲུལ་དང་།  སྤྲེའུ་སོགས་སྲོག་ཆག་གང་མང་ཞིག་ལ་སུན་སྣང་དང་ང་རྒྱལ་སློང་བཞིན་ཡོད།   དུས་ཚོད་ཀྱི་ཐག་སྒྲ་རྣ་བར་ཧ་ཅང་གཟན་པའི་སྐབས་སུ་ད་གཟོད་ང་རང་ནི་རླུང་གི་ངོ་བོར་འགྱུར་བཞིན་འདུག་པ་ཚོར་གྱིན་ཡོད།    སྐབས་དེར་དྲན་ཤེས་ཀྱི་ལྕགས་སྒྲོག་དམ་དུ་བསྡམ་ནས་གསལ་ལ་མི་གསལ་བའི་ཞོགས་པའི་ཉི་ཟེར་ལ་བལྟས་ཤིང་རང་ཉིད་ཀྱི་ལུས་པོ་བསྲོ་ཅི་ཐུབ་བྱས་པ་ཡིན་མོད།    རང་ཉིད་ཀྱི་མིག་མདངས་ལས་གྱ་ཚོམ་ཤིན་ཏུ་ཆེ་བའི་བརྡ་ཆད་མི་འདྲ་བ་འགའ་འཆར་བཞིན་པ་ལས་གཞན་ནི་ཅི་ཡང་རྙེད་ཐབས་བྲལ།    ཡིན་ནའང་བདག་གིས་རླུང་ནི་ལྗིད་ཚད་ལྡན་པའི་དངོས་གཟུགས་ཕྲ་མོ་ཞིག་ཡིན་པ་དང་།   རླུང་ནི་རང་དབང་མཚོན་བྱེད་ཀྱི་འབྱུང་བ་ཡིན་པར་འདོད་མྱོང་།   ད་ལྟ་ང་རང་ཅུང་ཟད་རྒས་བཞིན་འདུག་པས།    ནམ་རྒྱུན་སང་ཉིན་སླེབ་རྗེས་རང་ཉིད་རྒྱང་རིང་ཞིག་ཏུ་འགྲོ་བར་བྱའོ་ཞེས་ཁེར་ལབ་བྱ་བཞིན་ཡོད་ལ།    རྒྱང་རིང་དུ་འགྲོ་བའི་ཕྱོགས་སུ་བསམ་བློའང་གཏོང་བཞིན་ཡོད།    མ་ཟད་བདག་གིས་སང་ཉིན་ནི་དཀར་ནག་གང་ཡིན་སོགས་ལ་ཞིབ་འཇུག་མ་བྱས་པར་ཕོ་ཚོད་དུ་དཀར་པོ་ཡིན་ངེས་ཞེས་ཀྱང་བཤད་མྱོང་ཡོད་པ་འདྲ།    སྤྱི་ཚོགས་འདིར་ང་རང་དང་འདྲ་བའི་སང་ཉིན་སླེབ་རྗེས་རྒྱང་རིང་ལ་འགྲོ་འདོད་སྐྱེ་མཁན་གྱིས་མི་སྣ་གྲངས་ཀྱིས་མི་ལངས་བ་འདུག     དཔེར་ན་ཆང་འཐུང་མཁན་གྱི་སྐོར་དང་།   གཅེར་བུར་རྒྱུག་ཕོད་པའི་སྐོར།    ད་དུང་སྙུག་གི་ཆག་རོ་འཛིན་པའི་ན་གཞོན་མཐའ་དག་ནི་སང་ཉིན་སླེབ་རྗེས་རྒྱང་རིང་དུ་འགྲོ་འདོད་སྐྱེ་མཁན་ཁོ་ན་རེད།    འོན་ཀྱང་བདག་གི་གྲོགས་པོ་སྟེ"གྲོལ"གྱི་སེམས་སུ་སང་ཉིན་ནི་རྒུག་མི་བཟོད་པའི་ཆར་ནག་དང་རྡུལ་རླུང་དྲག་དུ་སྡང་བའི་མཚན་མོ་ཞིག་ཡིན་སྣང་སྐྱེ་བཞིན་ཡོད་ཅིང་དོན་དམ་པར་དེ་འདྲ་ཞིག་མིན་པས་ངེས་པའང་མེད་པ་འདྲ།    གྲོགས་པོས།   བདག་ལ་སྙིང་ཉེ་བའི་ངང་ནས་ད་ལྟ་ཁྱོད་རླུང་རུ་འགྱུར་བཞིན་འདུག་ཅེས་ཡིད་ཆད་པའི་ཟོལ་དུ་ནན་དན་ངང་བཤད་ཅིང་།   རླུང་ནི་རང་གཤིས་དང་ཁ་ཕྱོགས་མེད་པའི་མི་རྟག་པ་ཞིག་ཡིན་པར་མ་ཟད་རླུང་ནི་འབྱུང་བ་བཞིའི་ནང་ནས་ཆེས་ལ་རྒྱ་དང་རང་ཚུགས་མེད་མཁན་ཏེ་ཡིན་ངེས་ཞེས་ཚིག་ཐག་གཅོད་བཞིན་ཡོོད།   

ད་ལྟ་ངེད་གཉིས་ནི་ཤེར་སྒོ་ཆེན་པོ་ཞིག་གི་སྟེང་དུ་བསྡད་ནས་སང་ཉིན་འཚོལ་བཞིན་ཡོད་མོད་ལོ་འདི་དག་གི་རིང་ལ་ཕ་ཡུལ་དུ་བཤད་ཡམ་མི་འདྲ་བ་གཉིས་དར་བ་བཞིན་དུ་ངེད་གཉིས་ཀྱི་བཤད་ཚུལ་ཡང་འདྲ་བཞིན་མི་འདུག    ངེད་གཉིས་ལ་མི་འདྲ་ས་གཞན་ཡང་ཡོད་དེ་ང་ནི་གསར་འགྱུར་ལ་བལྟ་བར་དགའ་མོད"གྲོལ"ནི་ལོ་རྒྱུས་བཀླག་པ་ལ་དགའ་བའི་མི་ཞིག་ཡིན།   དེ་བས་ང་ནི་རླུང་དང"གྲོལ"ནི་རྡོ་མཚོན་བྱེད་ཀྱི་སྙུག་གུ་མི་འདྲ་བ་གཉིས་བྱས་ཀྱང་ཆོག་ངེས།   ངས་ད་ལྟ་ཨམ་གཙིགས་བསྡམ་ནས་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་ལ་ཅི་ལྟར་བལྟས་ནའང་རང་ཉིད་ནི་རླུང་གི་ས་བོན་དང་རླུང་གི་ཡུ་བ་རུ་གྱུར་ཚར་བ་དངོས་ཤུག་གང་ནས་ཀྱང་མཐོང་འོང་།    དེ་བས་ང་རང་སྐྱོ་བས་ནོན་ཏེ་དགའ་ཕྱོགས་ལྟར་གསར་འགྱུར་ལ་ཅི་ལྟར་བལྟས་ནའང་རླུང་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཞིག་ཡེ་ནས་མི་འདུག     ཉེ་འཁོར་གྱི་རླུང་གཞན་དག་ལ་རླུང་གི་རྩ་དོན་དང་རླུང་གི་འབྱུང་ཁུང་དྲིས་ནའང་ཁོ་ཚོས་ནི་རླུང་ནི་ཅི་ཞིག་ཡིན་ཨང་ཞེས་གོ་བཞིན་མེད་པའི་ཟོལ་ཡང་ཡང་སྟོན།    དུས་ཚེ་ན་བདག་གི་གཟུགས་བརྙན་ཡང་ཤེར་སྒོའི་ནང་དུ་ཡོངས་སུ་འཐིམ་ཟིན་པས་མིག་ཟུང་ཅེ་ཆེར་བྱས་ཀྱང་ཤེར་སྒོ་ནི་དྭངས་ཤིང་གསལ་བ་ཞིག་ཡིན་པའི་སྣང་བ་ཙམ་ཡང་མ་བྱུང་།    ད་ནི་རང་ཉིད་ཀྱི་གཟུགས་བརྙན་ཡང་བོར་ཟིན་པས་རང་ཉིད་ནི་རླུང་དང་རླུང་ལ་ཁ་ཕྱོགས་དང་དམིགས་ཡུལ་སོགས་ཡོད་མེད་ཀྱང་ཤེས་ཐབས་བྲལ་སོང་སྙམ་དེ་སྐྱོ་གདུང་གི་ཚོར་བ་བརྗོད་ཐབས་མེད་པ་འགའ་བརྒྱུད་མར་སྐྱེས་བྱུང་།    ཐག་རིང་ཞིག་ནས"གྲོལ"གྱིས།   ཨེ་་་གྲོགས་པོ་ལགས་རླུང་ལ་ཁ་ཕྱོགས་དང་དམུགས་ཡུལ་མེད་ཚུལ་ནི་རང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དག་ལ་ཕྱིར་དྲན་བྱོས་དང་ཤེས་ངེས་པ་ཡིན་ཞེས་སྒྲ་ཆེན་པོ་ཞིག་གྲགས་བྱུང་།   ང་ནི་གསར་འགྱུར་དང་སང་ཉིན་ལ་དགའ་བ་ལས་ལོ་རྒྱུས་དང་ད་ལྟ་བཅས་ངོས་མི་ཟིན་ཞིང་དེ་དག་ངོས་ཟིན་འདོད་ཀྱང་མེད་མཁན་ཞིག་ཡིན་མོད།    ད་ལྟ་རང་གི་གཟུགས་བརྙན་ཡང་བོར་ཟིན་པས་ལོ་རྒྱུས་ལ་མ་བལྟས་ཚེ་རང་ཉིད་ནི་རླུང་ཡིན་མིན་ཙམ་ཡང་ཤེས་ཐབས་མི་འདུག་སྙམ་ཞིང་།   དེ་ནས་བཟུང་བདག་གིས་ཀྱང་གྲོགས་པོ"གྲོལ"དང་ལྷན་དུ་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ཡང་བཀླགས་ཤིང་སང་ཉིན་སླེབས་རྗེས་རྒྱང་རིང་ལ་འགྲོ་བར་བྱའོ་ཞེས་པའི་སྐད་ཆ་དེའང་ཅེ་ཉུང་དུ་བཏོང་བཞིན་ཡོད།    ད་ནི་ཏག་ཏག་ཟླ་དྲུག་པ་སླེབས་ལ་ཉེ་བས་ལོ་འཁོར་གཅིག་གི་དྲོ་གྲང་མཐའ་དག་མ་ཤེས་ཚེ་ཅི་ཡང་སྙིང་པོ་མེད་ངེས་ཡིན།   

ད་ལྟ་ངས་རང་ཉིད་ཀྱི་བྱད་གཟུགས་ཀྱང་ཤེར་སྒོའི་སྟེང་ནས་བོར་ཟིན་པས་རང་ཉིད་ནི་རླུང་ཞིག་ཡིན་ཚུལ་ཤེས་ཁོང་མེད་ནའང"གྲོལ"ནི་བདག་ལ་ཆེས་བློ་དཀར་མཁན་གྱི་གྲོགས་པོ་དེ་ཡིན་པས་ང་ལ་རླུང་དང་འབྲེལ་ཡོད་ཀྱི་སྒྲུང་སྣ་ཚོགས་བཤད་བཞིན་ཡོད་ཅིང་སང་ཉིན་ནི་སྒུག་མི་བཟོད་པའི་ཆར་ནག་དང་རྡུལ་རླུང་དྲག་ཏུ་ལྡང་བའི་མཚན་མོ་ཞིག་ཡིན་ངེས་ཞེས་ཡང་ཡང་བཤད་བཞིན་ཡོད།    དེ་ནས་བཟུང་བདག་གིས་འཆར་སྒོ་རེ་རེའི་སྟེང་དུ་ངག་མི་སྨྲ་བའི་ཚུལ་དུ་་་་་་་་་་་་་་་
                                       2016   11   1
                                            
   རྩོམ་སྒྲིག་པ། འཕགས་མི།