མི་ཚེ་ནི་རྨི་ལམ་ཐེངས་གཅིག

    རྩོམ་པ་པོ། ཁམས་འོད་གསལ།

མི་ཚེ་ནི་རྨི་ལམ་ཐེངས་གཅིག ཞར་བཀོད་གཉིས།

             ཁམས་འོད་གསལ། དཀར་མཛེས།

         ལོ་ཟླའི་སྨྲེང་ཞེན་ལས་ཅི་ཡང་འཆར་ཐབས་མེད་ནས་ད་བར་ལུས།  ཉེ་སྔོན་རང་ཉིད་ཀྱིས་ཨུ་ཚུགས་དང་གློ་རྡེག་ཏུ་ཡིག་འབྲུ་ཐར་ཐོར་རེ་བྲིས་ཤིང་འཚོ་སྟེ་བས་མཐའ་རུ་སྣང་བ་འཁྱམ་ནས་སྒུར།  ཐོག་དང་པོ་ས་མཐར་སླེབས་པ་ནི་མ་མེད་བུ་ཕྲུག་ཇི་བཞིན་ཁེར་རྐྱང་རང་ཡིན།  དེ་ནས་རྒྱུས་མེད་ཀྱི་ཡུལ་ལུང་དང་མི་བུ་དེ་དག་རྒྱུས་ཡོད་དུ་གྱུར་ནས་དང་ཐོག་གི་ཚོར་བ་དང་མི་གཅིག་པའི་ཚོར་འདུ་ཞིག་ངང་གིས་འབྱུང་།  མ་གཞིར་མི་སོ་སོར་བསམ་པ་སོ་སོར་ཡོད་པས་བདག་ཀྱང་ས་མཐར་ཉུལ་བའི་དབུ་ཁྱུད་ནི་རང་ཁྱིམ་ནས་བྲིས་ཤིང་རང་ཁྱིམ་ནས་མནོ་བསམ་གཏོང་སྟེ་ཡུལ་འདིར་འཚོ་ཞིང་གནས། 

ལས་སྐལ་གང་ཞིག་གིས་གནང་བ་མ་ཚོར་ཡང་རྨི་ལམ་ཞིག་གི་སླད་དུ་མདུན་རྒྱུགས་རྩོམ། སྨོན་ལམ་ཅི་ཞིག་གི་འབྲས་བུ་ཡིན་མིན་མ་རྟོགས་ཀྱང་མཐའ་མེད་པའི་ཡུལ་གྲུ་འདི་ལས་བརྒལ་དགོས་པའི་རྨི་ལམ་ཞིག་ཐོལ་བྱུང་དུ་རང་ཉིད་ཀྱིས་རྨིས་ཡོད།  འོན་ཏང་།  རྨི་ལམ་ནི་འཆར་ཡན་དང་བག་ཆགས་ཀྱིས་འཇོག་པའི་རྟོག་བཏགས་ཤིག་ཡིན་ཞེས་ངག་ནས་ཤོར། 
སྣང་བའི་ཁ་ཆད་ལས་ཉམས་འགྱུར་ཐན་ཐུན་ཞིག་དང་ལན་ཆགས་བརྒྱ་ཕྲག་ལས་སྒྱུ་འཕྲུལ་སྣ་ཚོགས་བཏགས་ནས་རྨི་ལམ་དེའི་འགོ་མཇུག་ནི་གང་འདྲ་ཡིན་མིན་ལ་མནོ་བསམ་གཏན་དུ་གཏོང་མྱོང་ངམ།  སླད་མར་གཏོང་སྲིད་དམ། ཡང་ན་མི་ཚེའི་འགྱུར་ལྡོག་ལས་རྨི་ལམ་ནི་རྨི་ལམ་རང་ཡིན་པའི་ངེས་ཤེས་གཏིང་ནས་སྐྱེས་ན་འདོད་པས་ཡིན་ནམ།
 
ཞེན་ཆགས་ཀྱིས་ཡུན་རིང་བཟུང་པའི་ད་ལྟ་བའི་འགྲུལ་བཞུད་ནི་སྣང་བ་ཡན་པོ་ཞིག་གིས་དམ་དུ་འཁྱུད་མཐར། འཛིན་སྟངས་སྣ་མང་གི་ལས་དབང་ལ་དགའ་ཕྱོགས་མི་འདྲ་བའི་སེམས་བྱུང་གྲངས་མེད་འདྲེན། དེ་ནས་ཡུན་གྱིས་གཅེས་པའི་འཚོ་བ་ནི་རྨི་ལམ་གྱི་སླད་དུ་ཡིན་ཡང་ཆོག་མོད། ད་ལྟའི་སེམས་ཁམས་ནི་མཐའ་མི་དཔོག་པའི་དགའ་སྐྱོ་ཇི་སྙེད་ཅིག་མྱོང་ཐུབ་པའི་ཉེར་བསྡོགས་ཞིག་ཏུ་འཁུམ།  འབྲེལ་འདྲིས་མེད་པའི་ཡུལ་ལུང་གཅིག་ཏུ་སྙིང་པོ་མྱོར་མིན་ཅི་རུང་རྟིང་མའི་མི་ཚེ་ལ་གསོན་ཤུགས་རྒྱས་ཐུབ་པར་རེ་ཞིང་བསྐུལ། 
 
ཏབ་ཏབ་པོའི་དུས་ཚོད་ལས་རྨི་ལམ་མཐའ་མེད་ལ་སྙེག་ཆོག་པ་བདེན་ཡང་། སེམས་ཀྱིས་འབྲལ་མི་ཐུབ་པའི་འཚོ་བ་ནི་རང་ཉིད་ལ་དབང་བ་ག་ཚོད་ཡོད་མིན་ཞིབ་འདང་རྒྱག སྔོན་ལས་ཀྱི་དབུ་ཁྱུད་འོག་ཏུ་ནར་སོན་པའི་རྒྱུན་རིམ་ཡོད་ཅིང་དགའ་སྐྱོ་མང་བའི་ཚོར་འདུ་ཡང་ཡོད། ཡིན་ནའང་། མི་ལོ་དེ་དག་གི་རྗེས་ནས་མི་ཚེ་ནི་རྨི་ལམ་ཐེངས་གཅིག་སྙམ་པའི་ངེས་ཤེས་རྙེད། མ་གཞི་ནས་འགྲུལ་བཞུད་ཀྱི་ལམ་ཁ་ནས་འཚར་དགོས་ཤིང་རྨི་ལམ་གྱི་གོམས་འདྲིས་ཀློང་ནས་གསོན་དགོས་བདག་གི་ལས་དབང་དུ་སེམས་ཡོད། 
བསམ་གཞིགས།

འཕོ་འགྱུར་ཀློང་གི་ཉིན་ཞག་རྒྱུད་དེ། ལས་རླུང་གི་ལྡང་ཕྱོགས་ལ་འདང་ཞིག་མ་རྒྱག་ཐབས་མེད་དུ་གྱུར། བསམ་བློའི་གཞུང་དང་སྙིང་གི་དབུས་ནས་བོར་སྟོང་ཤོར་བའི་མི་ཚེ་ལ་འགྱོད་སེམས་ཀྱིས་གདུང་། ད་ལྟའི་བློ་ཡུལ་གྱི་འཚོ་བ་ནི་ཐོབ་ཐང་མེད་པའི་དུས་ཚོད་ཁོ་ན་ལས་ཅི་ཡང་མ་དབང་། ནར་སོན་པའི་ལོ་ཟླ་ག་ཚོད་ཀྱི་རྗེས་ནས་ང་རང་དེ་ལྟར་འཚར་བ་དྲན་དུས་ཤིན་ཏུ་སྨྲེང་། ཡུན་རིང་མིན་པའི་ལོ་ཚོད་ལ་བསམ་ན་འགྲུལ་བཞུད་ཀྱི་ལམ་ཁ་ནས་བསམ་ཡུལ་དུ་ཤོངས་མི་ཐུབ་པའི་ལས་དབང་འདི་ང་གཅིག་པུར་མ་ངེས་རུང་། བཟོད་སེམས་ཀྱི་ཚོར་བ་བོར་བའི་ཉིན་ཞག་དང་འགྲོག་དུས་དཀའ་བའི་སྣང་བ་འགག་མེད་དུ་བྱུང་།
 
མ་གཞི་ནས་བསམ་གཞིགས་གང་མང་ཞིག་གིས་སྟ་གོན་བྱས་ཀྱང་ད་ལྟའི་འཚོ་བ་ནི་ལྷིང་འཇགས་ཡེ་ནས་བྲལ་བས་བྲེལ་ཟིང་གི་ངོ་བོ་རུ་ལྷུང་། ད་ལྟ་ནི་བསམ་ཡུལ་ཇི་བཞིན་གྱི་འཚོ་བ་ལ་ཡིད་སྨོན་བགྱིད་དེ་ངེས་གཏན་མེད་པའི་ཤག་ཆུང་ཞིག་ལ་དཔེ་ཀློག་ཐན་ཐུན་གྱིས་དུས་འདའ་བར་བྱེད། དེ་ནི་བསམ་གྱིན་པའི་འཚོ་བ་མ་ཡིན་རུང་ལས་དབང་ཞིག་གིས་དེ་ལྟར་བཀོད་སྒྲིག་བྱུང་། དུས་ཚོད་དང་ཉིན་ཞག་རྒྱུད་དེ་བསམ་བློའི་འགུལ་ཕྱོགས་ལ་འབད་བརྩོན་བྱེད་ནས་རང་རང་གི་དགའ་ཕྱོགས་ཀྱི་རྨི་ལམ་མངོན་འགྱུར་ཡོང་བར་རེ་སྒུག་བྱེད། ཕལ་བའི་མི་གཤིས་ལས་ཕལ་བའི་འཚོ་བ་དང་འགྲོག་པའི་ལས་སྐལ་བཙལ་བས་ཅིས་མི་ཆོག་སྟེ་ཤིན་ཏུ་རྨད་ཨང་སྙམ་ཡོད།
 
སྟོང་སང་སང་གི་མཚན་མོ་གྲངས་མེད་ཁྲོད་ནས་ཐུག་འཕྲད་མེད་པའི་བྱ་བཞག་ལ་སྣང་བ་འཁོར་བཞིན་ཁ་ཐག་ཉེ་བའི་བའི་སྨོན་ལམ་ངག་ཏུ་བླངས་དུས་བསམ་གཞིགས་ལས་བོར་མ་མྱོང་མི་ཚེ་དང་ལན་ཆགས་ཀྱིས་དམ་དུ་འཁྱུད་པའི་འཚོ་བ་ནི་མ་འོངས་པ་ཁོ་ནས་ཐག་བཅད་དགོས་སམ། ཡང་ན་བདེན་དོན་གྱི་ར་སྤྲོད་འོག་ནས་ཁུ་སིམ་མེའི་གནས་མལ་དང་གྱ་ནོམ་པའི་དཔེ་དེབ་དང་མཇལ་སྐལ་བྱུང་ན་ཅི་མ་རུང་སེམས། མ་འོངས་པའི་ཁྱེད་དེ་ད་ལྟ་བའི་འཆར་གཞི་དང་འགྲོག་ནས་གཟི་བརྗིད་ལྡན་པ་ཞིག་མ་ཡིན་ཡང་འགྱོད་པ་བྲལ་བའི་འཚོ་བ་དང་ཐུག་འཕྲད་ལ་ཡིད་རྟོན་ཡོད་པ་ཅིས་ཀྱང་གལ་ཆེ་བས་དེ་བཞིན་བསམ་ཐུབ་པར་བྱོས། དེ་ནི་རང་ཉིད་ལ་གདམས་པ་ལས་ཅི་ཡང་མིན། རང་ཉིད་ལགས།
 
བོར་སྟོང་ནང་གི་འདས་པ་དེ་དག་ཁྱེད་ཀྱིས་བཙལ་ཡང་རྙེད་དུས་དཀའ་བས་ལེགས་ཉེས་ཅི་བྱས་ཀྱང་མདང་གི་རྨི་ལམ་དང་མཚུངས་པ་ག་སོང་ཆ་མེད་དུ་གྱུར། འབྱུང་འགྱུར་གྱི་མ་འོངས་པ་ཡང་ལས་དབང་ཞིག་གི་འཆར་གཞི་ལས་གང་བྱུང་དུ་འབྱུང་ཆོག་པ་ག་ལ་ཡིན། དེ་བས་ད་ལྟ་བའི་འགྲུལ་བཞུད་ལས་ངལ་བའི་ཁུར་ཁྱེར་ནས་ད་ལྟ་བའི་རང་ཉིད་ལ་བསམ་གཞིགས་ཡང་ཡང་གྱིས། ལྟོས་བཅས་ཀྱི་འཇིག་རྟེན་ཞིག་ནས་ཁྱེད་ཀྱི་ཕུགས་འདུན་ཇི་བཞིན་འགྲུབ་པ་དང་རེ་སྨོན་མངོན་དུ་གྱུར་པའི་གདེང་ཚད་རང་ཉིད་ཀྱིས་འཚོལ་དགོས།  བསམ་གཞིགས་ཀྱི་འཚོ་བ་ལས་ཡིད་འོང་གི་ལོ་ཟླ་དང་བསམ་གཞིགས་ཀྱི་འཆར་བཀོད་ལས་རང་རང་གི་དགའ་ཕྱོགས་རྙེད་སྲིད་ཨང་། དེའི་ཕྱིར་རང་ཉིད་ཀྱི་རྟིང་མའི་མི་ཚེ་ལ་བསམ་གཞིགས་བགྱིད་པ་འོས་འགན་ཞིག་ཏུ་སེམས་སོ། །

ཐོབ་ཤོར་གྱི་རྨི་ལམ།
 
མཚན་མོ་རེའི་གཞུང་དུ་ཉར་བའི་རྨི་ལམ། ཐག་བཅད་དང་གདེང་འཇོག་བོར་བའི་རྨི་ལམ། ད་ལྟ་ང་རང་དང་ཆེས་ཉེ་བའི་རྨི་ལམ་འདི་ཅི་ཞིག་གིས་འགོ་རྩོམ་དགོས་ལ་གང་ཞིག་གིས་མཇུག་ཀྱང་གྲུབ་སྙམ་ནས་འཚར། དེ་ལྟར་བསམ་བཞིན་ང་ནི་ཐོབ་ཤོར་ཇི་སྙེད་ཀྱི་ཉེས་ཁའི་གསེང་གི་རྨི་ལམ་རྨིས་མཁན་ཞིག་ཏུ་གྱུར། རྨི་ལམ་ནི་རྟག་བརྟན་མེད་པ་བདེན་རུང་རྨི་ལམ་ནི་རྣམ་རྟོག་སློང་བྱེད་ཅིག་ཏུ་གྱུར་ཡོད་ཨང་།
 
ལོ་ཟླ་ལ་གྱེས་བྲལ་བགྱིད་པའི་དུས་ཀྱི་བར་གསེང་ནས་རྨི་ལམ་ནི་ཚོར་བ་འདྲེན་བྱེད་ཅིག་ཏུ་ཆོག་རུང་། ངེས་མེད་ཀྱི་འཚོ་བ་མཐའ་དག་ལ་རྨི་ལམ་གྱིས་ཅི་ཡང་མི་ནུས་པས་རྨི་ལམ་ནི་རྨི་ལམ་རང་ཡིན། ད་ལྟའི་ལས་སྐལ་དང་འཕྲད་པའི་དུས་ཀྱི་རྨི་ལམ་ཡང་ཐོབ་ཤོར་རྣལ་མ་སྟེ་ཚོར་བས་སྤུད་པའི་ཉིན་ཞག་དང་འཁྲེང་ཞེན་ནང་གི་དུས་ཚོད་ཀྱིས་རྨི་ལམ་ལ་འགྲེལ་ཕོག་པའི་རེ་སྒུག་བགྱིད་དེ་སྔར་བཞིན་ལུས། དེ་བས་རྨི་ལམ་ནི་བསམ་གཞིགས་ཀྱི་རབ་ཁ་ནས་དགའ་སྐྱོ་སྨིན་པའི་སེམས་ཀྱི་འཆར་ཡན་བྱེ་བྲག་ཅིག་ཡིན།
 
ཡུན་རིང་གི་འཚོ་བ་ལས་ཡང་ཡང་འཕྲད་པའི་ངལ་དུབ་ཀྱི་མུན་པ་དང་སྨྲེང་ཞེན་གྱི་ཁྲེས་པོ་དེ་དག བསམ་གྱིན་པའི་བློ་ཡུལ་དུ་ཤོངས་ཐབས་མེད་ཅིང་རེ་འདུན་བཞིན་མངོན་དུ་མ་གྱུར་པ་འདི་ཡང་ཐོབ་ཤོར་ལ་འབྲེལ་བ་ཅིས་ཀྱང་ཡོད་ངེས། སྐབས་རེར་སྨྲ་བ་འགག་བཞིན་རང་སྡུག་ཁོག་ཏུ་བསགས་ནས་སུ་ལ་གླེང་མི་བཟོད་པའི་ཚོར་བ་འདི་ཡང་དོན་དུ་རྨི་ལམ་ཞིག་དང་གཉིས་སུ་མེད། ལས་སྐལ་དང་མ་འཚམ་པའི་ལོ་ཟླ་ནི་རྨི་ལམ་ཞིག་ཏུ་བསམ་ཆོག་པ་བདེན་ཡང་བསམ་གྱིན་པའི་རྨི་ལམ་ནི་དོན་དུ་ཐོབ་ཤོར་གྱི་རྨི་ལམ་རང་གྱུར། དེ་བས་ང་ནི་མི་ཡུལ་གྱི་རྨི་ལམ་རྨིས་མཁན་ཞིག་ཡིན། 
 
དུས་ཚོད་ཀྱིས་གནང་བ་ཡོད་ཚད་ཡིད་འོང་དུ་བསམ་མི་དཔོག གློ་རྡེག་ཏུ་འབྱུང་འོང་བ་ཡང་བར་ཆད་ལ་ཅིས་ཀྱང་བསམ་མི་ཐུབ། ལས་དབང་ནི་བཀོད་སྒྲིག་ཅིག་གི་མཚམས་སུ་སླེབས་པ་ཤེས་ཚེ་སེམས་པ་ལྷོད་དུ་ཕབ་སྟེ་རང་ཉིད་ཀྱི་འདས་མ་ད་གསུམ་ལ་འདང་ཞིག་རྒྱག ཡོད་ཚད་སྐད་ཅིག་ངང་དུ་བཞུད་ཟིན་ཞིང་འབྱུང་འོང་བ་ངེས་ཤིང་རྟོགས།  དོན་དུ་རང་ཉིད་ཀྱི་འཚོ་བ་མཐའ་དག་རྨི་ལམ་བཞིན་དུ་ལན་རེར་མཛེས་པ་དང་སྐབས་རེར་མག་མོག་ཏུ་གྱུར་ཡོད་པའི་གདེང་ཚོད་སེམས་ཀྱིས་རྙེད། དེ་ལྟར་ན་རྨི་ལམ་ནི་ཐོབ་ཤོར་གྱི་ཁྲོད་དུ་རྨིས་དགོས་ལ་རྨི་ལམ་ནི་རྟོག་བཏགས་ཀྱི་ཀློང་ནས་རྨིས་ཡོད་པ་ངོས་འཛིན་དགོས། 

                                     རྩོམ་སྒྲིག་པ། འཕགས་མི།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease