
ཁ་བའི་ཁྲོད་ཀྱི་ཉིན་གཅིག་གི་འབྲོག་པ། ཞར་བཀོད་གཉིས་ཡོད།
འོ་ཟི། སྡེ་དགེ
ད་ནངས་ཞོགས་པའི་ཁ་བ་ད་དུང་མཚམས་མ་ཆེད་པར་དལ་བ་དལ་བུར་འབབ་ཀྱིན་འདུག ང་ཚོ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན། དགུན་གཞུང་རིང་མོ་ནི་སེམས་པ་འཁྱག་གིས་སྡོམ་པའི་དུས་ཤིག་ཅི་ལ་མིན། རི་བོ་ནི་ཁ་བས་གཡོགས་འདུག རྩྭ་ཐང་ནི་ཁ་བས་བཏུམས་སོང་། སྤྱིར་འབྲོག་པ་ནི་ཁ་བ་ལ་རྒྱུས་མེད་ནས་རྒྱུས་ཡོད་ཅིག་དང་རྒྱུས་ཡོད་ནས་འཚོ་དགོས་པ་ཞིག་མ་ཡིན་ནམ། ལྷག་ཏུ་ངའི་དྲིན་ཆེ་བའི་ཨ་མ་ནི་ཆུང་དུས་ནས་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ཤིང་། ད་དུང་ཡང་འབྲོག་པ་རྣལ་མ་རྟུལ་ཕོད་ཅན་ཞིག་ཏུ་ཆགས་ཡོད།
ཉིན་དེར་ཨ་མ་ལགས་དོན་ག་གེ་མོ་ཞིག་སྒྲུབ་སར་ཕྱིན་སོང་། དེའི་ཕྱིར་དེ་རིང་གི་ཉི་མ་ནི་ང་ལ་མཚོན་ན་ཚོར་སྣང་འཁྱག་སིབ་སིབ་ཅུག་སྟེར། ང་ཚོས་ཕ་ཡར་དང་མཉམ་དུ་ཕྱུགས་ཟོག་དག་རྩྭ་ས་རུ་གཏོང་། ཕ་ཡར་གྱིས་བཤད་ན། དེ་རིང་ཁ་བ་བབས་པས་ཟོག་རིགས་ལ་རྩྭ་ས་རྙེད་ཀྱིན་མི་འདུག་ཟེར། ངའི་ནུ་བོ་ཆེ་བ་དང་ཆུང་བ་གཉིས་ཕྱུགས་ཟོག་གཏོང་ས་རུ་སོང་། ང་དང་ཕ་ཡར་ནུ་མོ་ཆུང་བ་ངེད་ཅག་གིས་དྲོས་ཇ་ལ་གོ་རེ་འགའ་སྲེག་པ་ཡིན། སྐབས་དེར་ནུ་བོ་གཉིས་ཀྱང་སླེབ་བྱུང་། ང་ཚོས་དྲོས་ཇ་ལ་གོ་རེ་བསྲེགས་ཟིན་པ་དེ་དག་ཟོས་པ་ཡིན།
དེ་རྗེས། ང་དང་ནུ་བོ་ནུ་མོ་གཅིག་ངེད་ཚང་མ་ལྷས་ར་ནང་དུ་ཡོང་བ་ཡིན། ནུ་བོ་ཆེ་བས་ལྕི་བ་རྒུམ་གྱིན་འདུག ནུ་བོ་འབྲིང་བ་དང་ནུ་མོ་ཆུང་བ་གཉིས་ཀྱིས་བེའུ་དག་ལ་རྩྭ་ཟས་གཏོང་བཞིན་ལྷས་རའི་ནང་གི་བྱེའུ་ཆུང་ཆུང་དག་འཛིན་ཨེ་ཐུབ་ལྟ་ཞོར་པྲ་ཚག་བྱེད་ཀྱིན་འདུག ནུ་བོ་ཆེ་བས་ལྕི་བ་རྒུམ་བཞིན་ང་ལ་གནའ་གཏམ་འགའ་རེ་བཤད་བྱུང་། ཁ་བ་དང་མཉམ་དུ་དེ་དག་ཉན་ཞོར། སྐབས་དེར་རྒྱང་རིང་མ་ཡིན་པའི་རྒྱང་རིང་ཞིག་ལ་ངས་མིག་མདངས་ཀྱིས་ཅེ་བཞིན་ཨ་མ་ཨེ་ཡོང་བལྟས་ཀྱང་། རྒྱང་རིང་ན་ད་དུང་ཁ་བ་འབབ་ཀྱིན་འདུག གྲང་ངར་ཆེ་བའི་དགུན་ཀའི་ཁ་བ་ནི་ཅི་འདྲའི་སེམས་པ་སྡུག་ཏུ་གཏོང་བྱེད་ཅིག་རེད་འདུག་ཨང་།
ནམ་གུང་གི་དྲན་པ་རྐང་གཅིག
དུས་ཚོད་བཞི་དང་སྐར་མ་གཉིས་ཀྱི་སྟེང་དུ་གློ་བུར་ང་རང་གཉིད་ལས་སད་དེ་ཆུ་ཁོལ་ཇ་ཕོར་གང་གིས་མིད་པ་སིང་རྗེས་ཕྱིར་ཉལ་ཀྱོག་བརྒྱབ་མོད། སེམས་སུ་དྲན་པའི་གཤོག་པ་ཞིག་ཐོགས་ཤིང་། ནམ་གུང་གི་དུས་ཚོད་བཞི་དང་སྐར་མ་ཉེ་དྲུག་གི་སྟེང་ནས་ངས་གཤོག་པ་དེ་བསྐྱངས་ནས་རྒྱང་རིང་གི་ཕ་ཡུལ་དུ་ཐེངས་ཤིག་བསླེབ་ན་སྙམ་སོང་། ད་ནི་ཚོད་ཚོད་ལ་ཕ་ཡུལ་དྲན་གྱིན་ཡོད་པ་འདྲ། ཕ་ཡུལ་ན་རི་ཆུ་ནགས་གསུམ་ཡོད་ལ་ད་དུང་སྤང་ལྗོངས་སུ་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་ཆ་སྤྲས་ཏེ། ནགས་ཚལ་དང་རྩུ་ཤིང་དག་གིས་ཀྱང་སྔོ་ལྗང་ལྗང་གི་མཛེས་སྡུག་ཞིག་གྱོན་ཡོད་པའི་དུས་ཚོད་ལ་ཁེལ་ཡོད། འབྲོག་ཐང་གི་ལྷས་རའི་ནང་དུ་བེའུ་ཆུང་ཆུང་ཚོའི་ངུར་སྒྲ་དང་འབྲི་མོ་གཡང་འཁོར་མ་དག་གིས་ནུ་ཞོ་དྲོད་མོ་ལྡུད་བཞིན་པའི་དུས་ཚིགས་ཤིག་ཚེས་ཡོད། དེ་དག་མཐོང་ན་ང་ལ་མཚོན་ན་མཛེས་སྡུག་ལྷག་མ་ཞིག་སྟེར་ཡོང་། དེ་ནི་ངའི་ཆུང་དུས་ཀྱི་བརྩེ་ར་ལྟ་བུ་ཞིག་ཏུ་སེམས་སུ་འཁྲེང་བཞིན་བདོག་པས་ཡིན་སྙམ། ས་སྲོད་ཀྱི་རྟ་ཕོའི་འཚེར་སྐད་དང་ད་དུང་རྟ་མཆོག་གཡང་ལྷ་དེ་བཞོན་ནས་སྤང་ལྗོངས་ཀྱི་ཟིལ་པ་རེ་རེ་བཐུ་སྟེ་ཆར་ཆུས་བཀྲུས་པའི་མཛེས་སྡུག་གི་དབྱར་ཁ་ཞིག་ལ་མིག་ཟུང་གི་མུ་ཏིག་ཕབ་ཐེངས་རེ་རེར་ང་ཡི་སེམས་པ་དབང་མེད་དུ་འཕྲོག་འགྲོ་ལ་ཡིད་སེམས་ཀྱང་རབ་ཏུ་ཚིམས། ལྷག་ཏུ་ངས་བརྗོད་ན་འདོད་པ་ཞིག་ཡོད་པ་ནི་ཨ་མ་རེད། ཨ་མ་ལགས་ངས་ཁྱེད་རང་དྲན་གྱིན་འདུག ངོ་གདོང་དང་གཤིས་ཀ་རེ་རེ་ནས་དྲན་ནའང་། དྲན་པ་ཡོད་ཚད་འདིར་བརྗོད་ཐབས་བྲལ་བས་དགོངས་ཡངས་གནང་རོགས་ཞུ། ད་ལོར་ང་ཕ་ཡུལ་ལ་ལོག་རྒྱུ་བྱུང་ན། ཁྱེད་ཀྱིས་ང་རང་ལུས་ཀྱི་གཞོན་ཤ་ཉམས་འདུག་ཟེར་ནས་སྡུག་དམོད་བྱེད་སྲིད་པ་དྲན་ཡོང་། ང་ད་དུང་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་གཅེས་སྐྱོང་མཛད་པ་ཡང་དྲན། འབྲི་མོ་བཞོས་རྗེས་ཀྱི་འོ་མ་དེ་ཕྱེད་ཀ་ཇ་ནང་བླུགས་ལ་ཕྱེད་ཀ་བསྐོལ་ཏེ་ཆེད་དུ་ང་ལ་འཐུང་དུ་བཅུག་པ་སོགས་དྲིན་གྱིས་སྐྱོང་བ་དག་དྲན་ན། ད་ལོར་ས་མཐའ་ནས་ཕྱིར་ང་རང་ཡོང་འདོད་མེད་པ་ཞིག་ཀྱང་རེད། རྒྱུ་མཚན་ཁྱེད་ཀྱིས་ང་ལ་གཅེས་ཆེ་བའི་ངས་ཁྱེད་རང་སྡུག་ལ་སྦྱར་འགྲོ་བས་སྙམ་པའི་ཡིན་ཨ་མ་ལགས། ཡིན་ཡང་དྲན་པ་ལ་གཤོག་པ་ཐོགས་པའི་དུས་སྐབས་འདིར་ང་མྱུར་མོར་ཁྱེད་ཀྱི་གམ་དུ་ལོག་ན་འདོད། དོ་ཞག་གི་ངའི་འཚོ་བའི་ཁྲོད་དུ་འདུན་པ་རབ་ཏུ་ཆེ་བ་དེ་ནི་ང་ཁྱེད་རང་དང་ཧ་ཅང་ཐུག་ན་འདོད་པ་དེའོ།།
རྩེད་འཇོ་ཀློང་གི་ཕྱིར་དྲན།
ཞོགས་པའི་མཚམས་སྤྲིན་དང་མཉམ་དུ་ང་རང་བྱིན་རླབས་ཀྱི་དྲོད་ཁོལ་འབར་བའི་ལྷ་ཁང་དུ་འཚོག་སར་སོང་། ལམ་བར་གྱི་ཤིང་སྡོང་དེ་དག་གནའ་རབ་ཀྱི་རྗེས་ཤུལ་ཞིག་དང་འདྲ་བར་སྐམ་ཞིང་ཐར་ཐོར་དུ་གྱུར། དགུན་གཞུང་རིང་མོ་འདིར། ང་ཡང་ཕྱི་རོལ་གྱི་ཤིང་སྡོང་བཞིན་གྲང་ངར་གྱིས་གདུང་བས་སྙན་ངག་ཀྱང་མེད་པར་ཆགས། འདུ་ཁང་གི་གདན་ཆ་གྲུ་བཞིའི་སྟེང་ནས་ངས་རྩེ་ར་ཆུང་ཆུང་ཞིག་སྒྲིག་སྟེ། མཁའ་དབྱིངས་ཀྱི་སྐར་མ་འཐུ་བའི་དག་གཙང་གི་བྱིས་བློ་རུམ་པའི་མཆེད་གྲོགས་དེ་དག་ང་ཡི་རྩེ་ར་རུ་ཕེབས་བསུ་བྱས། སྐད་གསེང་སྙན་མོའི་དབྱངས་རྟ་དང་འཆར་ཡན་ལྡན་པའི་རྩེད་རིགས་སྣ་ཚོགས་ཀྱིས་བདག་གི་འཚོ་བར་དབྱར་ཁ་ཚེས། རྩེད་ར་ཆུང་ཆུང་དེ་གཏོར་བརླག་མ་ཐེབས་པར་ནམ་ཡང་མཛའ་ཞིང་བརྩེ་བའི་སྒོ་ནས་ངོམས་མེད་དུ་སྤྱོད་ན་འདོད་ཨང་། འཛུམ་གྱི་ལེར་ཁེངས་པའི་མཆེད་གྲོགས་ཚོར་ངས་ཀྱང་སེམས་པ་དཀར་པོ་དེ་སྟོན་ཅིང་བརྩེ་བ་རྣལ་མ་དེའང་ཕུལ་བ་ཡིན། བརྩེ་དུང་རེ་རེའི་ཁུག་སོ་ནས་ང་ཡི་སེམས་པའི་དཀྱིལ་ལ་ཁོང་ཚོས་དྲོད་ཁོལ་མཐའ་མེད་ཅིག་གནང་མྱོང་ཡོད་ལ། ད་དུང་ཡང་དགུན་ཟླ་རིང་མོ་ཞིག་ལ་དབྱར་ཁའི་ཉི་མ་དང་འདྲ་བར་རྟག་ཏུ་འཚེར་ཡོང་བས། ངས་ཚོད་ཚོད་དུ་རང་ཉིད་ལ་ཡིད་སྨོན་རེའང་འཆོར།
ང་རང་བྱིས་དུས་སུ་ཡིད་འོང་གི་གཏམ་རྒྱུད་ཅིག་ཀྱང་ཡོད་སྲིད་དེ། ངས་ད་ལྟ་དྲན་སླ་བ་ནི། ཆུང་དུས་སུ་རྩེ་རྡོ་སྒྲིག་རོགས་ཀྱི་སྙིང་གྲོགས་དེ་དག་ཡིན་ལ། ད་ལྟ་བསམ་ན་ཁོང་ཚོ་ཡང་བདག་གི་མཆེད་པོ་ཚོ་དང་འདྲ་བར་ཕན་ཚུན་ལག་རྡང་སྦྲེལ་ནས་ལམ་ཁ་གཅིག་ནས་བགྲོད་མྱོང་། སྐབས་དེར་མདུན་ལམ་ཟེར་བ་ཞིག་འཚོལ་མ་ཤེས་ཀྱང་རང་སེམས་ཀྱི་ལྷག་བསམ་ཟོལ་མེད་དེ་པང་དུ་བཟུང་ནས་ང་དང་ཁྱོད་ཟེར་བཞིན་སློབ་གྲྭ་ཆུང་ཆུང་དེ་ནས་ཁོང་ཚོ་ངའི་ཚེ་གཅིག་གི་བློས་ཐུབ་ཏུ་གྱུར་སོང་བས། བདག་ལ་མཚོན་ན་འདི་དག་ནི་བསོད་ནམས་ཆེན་པོ་ཞིག་ཏུ་བརྩིས་ཡོད། དྲིན་ཆེ་བའི་དགེ་རྒན་གྱི་བྱམས་སྐྱོང་ཁྲོད་ནས་ནམ་རྒྱུན་ཁ་ཚ་དང་ཞོར་ཟས་ལ་དགའ་བའི་བྱིས་པ་སྣབས་ལུག་དེ་དག་ད་ལྟར་བདེ་བར་ལེགས་སམ་ཞེས་ངས་རྒྱང་རིང་ནས་འཚམ་འདྲི་ཞིག་ཀྱང་ཞུ་འདོད། ཁྱོད་རང་ཚོར་ད་ལྟ་ཕུགས་བསམ་དང་བསམ་གཞིགས་ལྷག་མ་རེའང་ཡོད་ངེས་ཏེ། ང་རང་ནི་སྔར་བཞིན་རྗེས་མེད་ཀྱི་ངང་ད་ལྟ་བགྲོད་ཀྱིན་པའི་ལམ་ཁ་འདི་ནས་བདེ་འཚམ་གྱིས་གནས་ན་སྙམ་པ་དེ་ནི་ངའི་ཕུགས་བསམ་ཞིག་ཏུ་བརྩི་ཆོག ང་ཚོ་སླར་ཡང་ཐུགས་འཕྲད་བྱུང་བའི་སྐབས་ཤིག་ཡོད་ཚེ། ཁྱོད་ཅག་གིས་ང་ལ་བཟོ་ལྟ་བཅོས་བཅོས་མ་ཡིན་པའི་ཆུང་དུས་ཀྱི་བརྗེད་ཐབས་མེད་པའི་འཛུམ་མདངས་དེ་སྟོན་རོགས།
ཕྱིར་དྲན་ནི་འདས་དོན་ཟབ་མོ་ཞིག་དང་ཧ་ཅང་གློ་ཐག་ཉེ་བའི་སྙན་ངག་གི་མཛེས་པ་སྟོན་ཚུལ་གཅིག་ཡིན་ནའང་། དེས་སེམས་ཀྱི་ཟབ་ས་རུ་ན་ཟུག་ལྕི་མོ་རེ་ཡང་བསླངས་ཡོང་། ཅི་ཙམ་དྲན་ན་དེ་བཞིན་སྐྱོ་བ་ཡང་རྫོགས་མེད་ཅིག་འདུག་པས། ངས་ན་ཟུག་མཐའ་དག་སེམས་སུ་སྦས་འདོད་ཀྱང་ནམ་ཡང་དྲན་པའི་བློ་ངོ་རུ་རྒྱུ་ཞིང་སྙན་ངག་གི་སྙུག་རྩེ་རུ་ལུད་ཡོང་། བསམ་ཞིང་བསམ་ན་རང་ཉིད་བྱིས་དུས་ཀྱི་འཚོ་བ་ལ་འཁྲེང་ཞེན་ཆེ་ནའང་། ང་ཚོ་འགྱུར་བག་རྒོད་པའི་རླུང་བུ་བཞིན་གང་སར་རྒྱུག་འགྲོ་བས། ང་རང་ད་ལྟ་ཕོ་ལོ་ཉི་ཤུ་ཡན་གྱི་ས་མཚམས་ཤིག་ཏུ་སླེབས་ཡོད། འཇིག་རྟེན་འདི་ཧ་ཅང་ཆེ་རུང་འཁོར་བ་དེ་ལས་ཆེ་བར་འདུག་པའི་ང་ཡི་ཚོར་བའི་ཀློང་ན། ཁྱོད་རང་ཚོ་དྲན་ཐེངས་གཅིག་གིས་གཏམ་རྒྱུད་ཀྱི་འཁོར་བ་གསོན་པོ་ཞིག་ཡོད་འདུག་ཀྱང་ངས་ཡོད་ཚད་ནས་ཡོད་ཚད་འདིར་མ་བྲིས་པར་ལུས། ད་ནི་ཅི་ཙམ་བཤད་ཀྱང་ཕྱིར་དྲན་གྱི་འདང་བརྩེ་ནི་བརྗེད་ཐབས་མེད་པའི་དྲན་ཤིང་དུ་གྱུར་ཡོད་པས་ངས་ཡང་ཡང་ཁྱོད་རང་ཚོ་དྲན་པའི་རྨི་ལམ་གྱི་འདབ་ཁ་ནས་བདེ་འཚམ་ཡིན་པའི་སྨོན་འདུན་རྣམ་དག་ཅིག་ཞུའོ།།
2025/ 2/ 1 ཉིན།/ 2/ 4 ཉིན་ཡང་བསྐྱར་བཅོས།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease