སྐུ་པར་དང་ཨ་ཕ།

    རྩོམ་པ་པོ། གྲྭ་ལྔ་ཚེ་རིང་།



སྐུ་པར་དང་ཨ་ཕ། 


           གྲྭ་ལྔ་ཚེ་རིང་། ཡུལ་ཤུལ།

ངེད་ཚང་ད་ལྟ་སྔོན་ཆད་ལྟར་འབྲོག་ས་རུ་མེད་མོད། ཡིན་ཡང་། ཨ་ཕ་སྔར་བཞིན་འབྲོག་ས་ལ་དགའ་བར་འདུག མི་ལོ་དུ་མའི་ཡར་སྔོན་དུ་ང་ཚོ་གྲོང་ཁྱེར་དུ་རུ་སྤོས་ནས་ད་ནི་ས་འདི་ཡང་འདྲེས་ནས་བསྡད་ཡོད་པའི་ཚོར་སྣང་ཞིག་སླེབས་ཡོང་། དང་ཐོག་གནས་སྤོས་རྗེས་ཨ་ཕ་གྲོང་ཁྱེར་དུ་ཉུལ་མི་ཤེས་ལ། ཚོང་ཁང་དང་ཟ་ཁང་། ཚོང་ར་སོགས་གང་དུ་ཡོད་པའང་མི་ཤེས་པར་མི་གཞན་ལ་དྲིས་ནས་འགྲོ་དགོས་ལ། དྲིས་ཀྱང་ཡག་པོ་ཞིག་འགྲོ་མི་ཤེས་པའི་ཚོད་དུ་ཡོད། དེ་ནི་ཨ་ཕ་ཁོ་ན་ཙམ་མ་ཡིན་པར་འབྲོག་ས་ནས་ཡོང་བའི་འབྲོག་མི་ཚང་མར་འཕྲད་ངེས་པའི་དོན་དག་ཅིག་ཡིན་པ་རེད། 
 
ཟླ་གཅིག་གཉིས་ལྷག་འགོར་རྗེས། ཨ་ཕས་ཚོང་ར་འགྲིམ་སྐབས་ཀྱང་གཞན་ལ་འདྲི་མི་དགོས་པར་འགྲོ་ཤེས་བཞིན་འདུག སྐབས་དེར་ཨ་ཕས་ངོ་ཤེས་ཚོང་བ་ཞིག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་པར་ཞིག་བླུས་འདུག ཨ་ཕ་སློབ་གྲྭར་འགྲོ་མ་མྱོང་ཡང་བོད་ཡིག་ཅུང་ཙམ་ཤེས་ལ། ལྷག་ཏུ་པཎ་ཆེན་རིན་པོ་ཆེ་ལ་དགའ་དད་རབ་ཏུ་ཆེ། ངས་ནམ་རྒྱུན་སློབ་ཆེན་ཡིན་ཟེར་བའི་རྩ་མི་ཚང་བ་དག་ལས་ཨ་ཕ་ནི་བརྟན་བརླིང་ཅན་གྱི་མི་ཞིག་ཏུ་འདོད་ཡོད། དེང་གི་ཆར་ཤེས་མི་ཤེས་ཚང་མས་རང་ཉིད་གྲགས་པའི་ཆེད་དུ་མི་རིགས་དང་རིག་གཞུང་ཞེས་འབོད་པར་འདུག་ཀྱང་། ཁ་ཕོར་ཙམ་ལས་དོན་གྱིས་མི་རིགས་ལ་དགའ་མཁན་ག་ཙམ་ཡོད་པ་བསམ་བློ་གཏང་དགོས་པའི་ཚོད་དུ་སླེབས་ཡོད་པ་འདྲ། 
 
ཨ་ཕས་སྐུ་པར་དེ་བླུས་རྗེས་ཁྱིམ་གྱི་གྱང་ངོས་སུ་བཀལ་ཏེ་ད་ནི་ཕལ་ཆེར་ལོ་ངོ་ལྔ་ཙམ་འགོར་གྱིན་འདུག མི་ཚོས་བཤད་ན་སྐུ་པར་བཤམས་ཡོད་པ་ཉེན་རྟོག་པས་མཐོང་ཚེ་སྒོར་ཉིས་སྟོང་གི་དངུལ་ཆད་འབབ་སྐད་མོད། ཨ་ཕས་ང་བརྒྱད་ལོ་ནི་མིན། བླ་མའི་སྐུ་པར་བཤམས་ལོས་ཆོག གལ་ཏེ་མ་ཆོག་ནའང་ཆད་པ་སྤྲད་ངེས་ཞེས་ཨུ་ཚུགས་ཀྱིས་སྨྲ་བཞིན་པ་ངས་ཐོས་མྱོང་། སྐབས་དེར་ངས་ཨ་ཕ་ནི་ང་ཚོ་ལྟར་གཡམ་རྒྱུག་ལ་དགའ་མཁན་ཞིག་མ་ཡིན་པར། བརྟན་བརླིང་དང་ཞི་འཇམ་ཅན་གྱི་མི་ཞིག་ཡིན་པ་གཞི་ནས་ངོ་ཤེས་པ་ཡིན། ཨ་ཕས་མཚམས་རེར་སྐུ་པར་ལ་བལྟས་ནས་ཅི་ཞིག་བཤད་འདོད་ཀྱི་འདུན་པ་དྲག་ཏུ་གཡོ་བཞིན་པ་འདྲ་མོད། སྐད་ཆ་དང་སེམས་གཏམ་དེ་དག་སུ་ཞིག་གི་རྣ་ལམ་དུ་བཤད་དགོས་པ་ད་དུང་ཡང་ཤེས་བཞིན་མེད་པ་འདྲ། 
 
ངས་ནམ་རྒྱུན་དྲྭ་ཐོག་དང་ཡང་ན་ཚོང་ཁང་དག་ཏུ་མཐོང་བའི་པཎ་ཆེན་རིན་པོ་ཆེའི་སྐུ་པར་དག་ནི། ན་བཟའ་སེར་བོ་དང་སྤྱན་ཤེལ་ནག་པོ་མནབས་ཡོད་པའི་འདྲ་པར་རྫིག་པོ་ཤ་སྟག་ཡིན་མོད། ཡིན་ཡང་། ཨ་ཕས་བླུས་པའི་སྐུ་པར་ནི་དེ་ལྟ་མ་ཡིན་པར་ན་བཟའ་ནག་པོའི་ནང་དུ་ཚི་ལེན་དཀར་པོ་མནབས་ཡོད་པ་ཞིག་རེད། ངས་དང་ཐོག་ཨ་ཕས་སྐུ་པར་འདེམས་མ་ཤེས་པར་སྙམ་ཞིང་། སེར་བོ་རྟེན་འབྲེལ་གྱི་རང་བཞིན་ཡང་ཆེ་བས་སྐུ་པར་དེ་གཞན་ཞིག་ཏུ་བརྗེ་དགོས་པའི་བསམ་འཆར་ཡང་བཏོན་པ་ཡིན། 
 
སྐབས་དེར་ཨ་ཕས་ང་ལ། ངས་སྐུ་པར་གཞན་པ་དེ་དག་འདི་ལས་བྱིན་ཆགས་ཤིང་། ན་བཟའ་སེར་བོ་ཡང་རྟེན་འབྲེལ་ཆེ་བར་ཤེས་ཀྱང་། སྐུ་པར་འདི་ཡུན་རིང་པོའི་བར་བསམ་བློ་བཏང་ནས་ཉོས་པ་ཡིན་ཟེར། ཨ་ཕས་ད་དུང་ཁོང་གི་མི་ཚེ་ནི་མུན་ནག་ཁྲོད་ནས་བསྐྱལ་བ་ཡིན་ལ། དེ་ནི་ཚི་ལེན་དཀར་བོའི་སྟེང་དུ་ལྭ་བ་ནག་པོ་མནབས་པ་ལྟ་བུ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པའི་དོན་དངོས་ཤིག་ཏུ་འཁུམས་མོད། དོན་དག་དེ་གསང་བ་ལྟ་བུ་ཞིག་ཏུ་གྱུར་ནས་ན་གཞོན་དག་གི་སེམས་ངོགས་སུ་ཆགས་ཐུབ་ཀྱི་མེད་པ་འདྲ་ཟེར། སྐད་ཆས་མཚོན་མི་ཐུབ་པ་དང་ཚིག་གིས་འགྲེལ་བཤད་དཀའ་བའི་དོན་དག་དེ་དག་གླེང་ཚེ། ཨ་ཕ་དང་ཨ་ཕ་ལྟ་བུ་དག་གི་སེམས་ནང་ལ་ཚེར་མ་ཟུག་པ་ལྟ་བུའི་ཟུག་གཟེར་ཞིག་ཡོད་པ་འདྲ། 
 
ངས་རླབས་ཆེ་བའི་ཁོང་གི་སྐུ་ཚེ་དང་འཚོ་བ་ལ་བསམ་བློ་ཡང་ཡང་བཏང་བ་ཡིན། དུས་ཆེན་མ་ཡིན་པར་ཁོང་ཉིད་རྗེས་སུ་དྲན་མཁན་ནི་ག་ཙམ་ཡོད་དམ། དེ་ནི་གལ་ཆེ་བའི་དྲི་བ་ཞིག་ཏུ་འདོད་སྟེ། དུས་རྒྱུན་ཅི་ཞིག་ཤེས་མདོག་གིས་ཁ་ཕོ་སྒྲོག་མཁན་ཚོའི་ཁྲོད་དུ་ཡང་ཤེས་མཁན་མང་ཡང་དྲན་མཁན་ཉུང་བའི་ཚོད་དུ་ཡོད་པ་འདྲ། དེ་ཡང་ཁག་མེད་དེ་ཁོང་གི་མི་ཚེ་གཞན་དོན་དང་མི་རིགས་ལ་ཕུལ་ཕྱིར། ཁོང་ཅག་ལ་དགོས་པ་ནི་རང་ཉིད་དང་དཔལ་འབྱོར་ལས་གཞན་དག་ནི་དེ་ཙམ་གལ་མི་ཆེ། མ་ཟད་དེ་ལས་བརྒལ་བའི་དོན་དག་ཅིག་ཀྱང་དྲན་པའི་སྤོབས་པ་དང་དུས་ཚོད་མེད་པ་འདྲ། ཡང་ན་ཆབ་སྲིད་དང་འཁྲབ་སྟོན་ལྟ་བུའི་འཚོ་བ་ལ་གོམས་དྲགས་པས། དྲང་བདེན་དང་གནས་ལུགས་ཀྱིས་སྐུ་ཚེ་རྫོགས་པའི་མི་ཕོ་ཞིག་གི་ངོ་ལ་ཅི་ཙམ་ལྟ་ཨང་། 
 
ངས་ཨ་ཕ་ལྟ་བུའི་སྐྱེ་བོ་མང་དག་ཅིག་གིས་རྟག་པར་ཁོང་ཉིད་དྲན་བཞིན་ཡོད་པ་ཡིད་ཚོད་ཐུབ་མོད། ཡིག་རྒྱུགས་ཀྱིས་མི་ཚེ་ཕུད་པའི་སློབ་མའམ་ན་གཞོན་དག་གི་སེམས་སུ་ཁོང་ཉིད་དྲན་པ་ཕར་ཞོག ཐ་ན་ངོ་ཤེས་མཁན་ཡང་ག་ཚོད་ཡོད་སྙམ་པའི་ཡིད་སྐྱོ་ཞིག་བརྟས་བྱུང་། དེ་ལྟར་བསམ་བློ་བཏང་བཏང་མཐར་ང་རང་ཁུ་སིམ་མེར་སྡོད་དགོས་བྱུང་།བོད་སྐད་ཀྱིས་གོ་བརྡ་འཕྲོད་མི་ཐུབ་པ་ནི་ཕྱི་རྒྱལ་པ་དག་མ་ཡིན་པར། སཱ་ལའི་སྨན་ལྗོངས་ཀྱི་གནས་སོ་སོ་ཡིན་པ་ཤེས་མཁན་ཡང་ང་གཅིག་པུ་མ་རེད། བལྟས་ཚོད་ཀྱིས་ད་ནི་ང་ཚོ་ས་འགུལ་ལ་ཡང་དེ་འདྲ་སྐྲག་དགོས་དོན་མི་འདུག ས་འགུལ་ལས་ཀྱང་ལྡབ་འགྱུར་གྱིས་ལྷག་པའི་གོད་ཆག་ཅིག་བྱུང་ཡོད་པའི་དུས་ཚོད་འདིར། ང་ལྟ་བུའི་ནུས་མེད་དག་ལ་རང་ཉིད་མ་གཏོགས་སྡུག་གཏམ་ཞིག་ཀྱང་བཤད་ས་མེད་པའི་ཚོད་དུ་ཡོད་པ་འདྲ། 
 
ངས་ཡུན་རིང་པོར་བསམ་བློ་བཏང་མཐར། རང་ཉིད་ཀྱང་ཨ་ཕ་དང་འདྲ་བར་སྐུ་པར་འདི་ལ་ཡིད་གཏིང་ནས་དགའ་སོང་། ད་དུང་ཁོང་ཉིད་འཛུམ་པའི་ཚུལ་དུ་ཡོད་པ་འདིས་ཅི་ཞིག་མཚོན་བཞིན་ཡོད་དམ། བལྟས་ཚོད་ཀྱིས་དེ་འདྲ་སྐུ་ན་ཆེ་བ་མི་མངོན་མོད། གནག་སྣུམ་གྱི་སྐྲ་ལོའི་གསེབ་ཏུ་ཡང་སེ་མདའ་བབས་ཡོད་པ་འདིས་གང་ཞིག་མཚོན་བཞིན་ཡོད་དམ། ངས་དེ་ལྟར་ཁོང་གི་སྐུ་པར་ལ་ཡང་ཡང་བལྟས་ཏེ་ཅི་ཞིག་བཤད་འདོད་ཀྱང་ད་ནི་ཤོད་ཀྱིན་མི་འདུག གདོང་གི་མིག་ཆུ་ཡང་སྐམ་སོང་བ་འདྲ། ཨེ། ད་དུང་ཁོང་གི་ཐུགས་དཀྱིལ་གྱི་ཐད་དུ་ཕོ་བྲང་པོ་ཏ་ལའི་པར་ཞིག་འདུག པོ་ཏ་ལའི་ནམ་མཁའ་རུ་སྤྲིན་པ་ལྡིང་གིན་འདུག རླུང་བུ་ལྡང་བཞིན་པ་འདྲ། དགུན་ཁ་འདིར་གྲང་ལྷགས་ཐུབ་པའི་མི་ག་ཚོད་ཡོད་དམ། དོ་ཚིགས་ཙག་རླུང་གི་ངར་ཁ་ཆེས་ཆེར་རྒོད་ན་སྐུ་པར་ཡང་གྲང་འདར་བྱེད་སྲིད་དམ། སྤུན་ཟླ། དེ་ལྟར་བསམ་གཞིག་བྱས་ཚེ། ཁོ་བོའི་འཁྱག་རེངས་སུ་གྱུར་པའི་སེམས་རྩར་ལར་ནས་དྲོ་ཐབས་མི་འདུག 
                   རྩོམ་སྒྲིག་པ། མྱི་གསར་བ།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease