
མི་ཡུལ་གྱི་ང་།
ཆར།
ཉི་འོད་ཟ་ཟི་ངང་འཕྲོས་པའི་ཞོགས་པ་ཞིག སྐྱོ་གདུང་དང་བྲལ་བའི་ཉི་འོད་ཀྱི་འོག་ཏུ་ང་དང་གྲོགས་པོ་འགས་རང་ཉིད་ཀྱི་ད་ལྟ་དང་མ་འོངས་པ་གླེང་། ཡིན་ནའང་། གདོང་ལ་གཉེར་མའི་ཐམ་ག་རྒྱག་ཕོད་པའི་ལོ་ཟླ་གླེང་མ་ཕོད། སྡུག་བསྔལ་གྱི་ལག་པའི་ནང་གི་རལ་གྲི་ཟད་པོ། དགུན་ཁའི་ས་གཞི་ནི་སྟོང་བ་ཡིན་ནའང་ཕྱི་ལོར་མཛེས་སྡུག་གི་མེ་ཏོག་གང་སར་དུ་སྐྱེ་སྲིད།
ནམ་ཞིག་ཁྱོད་ཀྱི་མིག་ལམ་དུ། སྐར་ཚོགས་ནི་ཟླ་བའི་མིག་ཆུ་བཞིན་འཐོར་རྗེས། འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ནི་སྐད་ཅིག་མའི་འཇའ་ཡི་འོད་སྣང་དང་མཚུངས། ནམ་མཁའ་སྔོན་པོ་ལས་ཁ་བ་བབས། ཁུ་སིམ་པའི་དུས་ཚོད་ཀྱི་དབུས་སུ་ཁེར་རྐྱང་བ་དག་གི་སེམས་ཀྱི་མཛེས་སྡུག་ནི་འཇིག་རྟེན་འདིའི་ངོ་གདོང་གཞན་ཞིག་གོ
ས་རུབ་རྗེས། ཟླ་འོད་ཀྱི་ཕྱེད་ཀ་ཤར་བྱུང་། ནམ་རྒྱུན་རྨི་ལམ་དུ་འཕྲད་པའི་མི་དེ་ད་ལོའི་དབྱར་ཟླ་དྲུག་པའི་ནང་ཡང་བསྐྱར་ཐེངས་གཅིག་འཕྲད་ཚེ་ངས་རང་ཉིད་ལ་སྐྲ་ལོ་རིང་བོ་ཞིག་འཇོག་སྲིད། ལྷིང་ཞིང་འཇགས་པའི་མཚན་གཞུང་རིང་མོ་ཞིག་ལ་ང་ཡིས་རང་གིས་གྲིབ་མ་སྒུལ། ཉམ་ཆུང་གི་མིག་ཟུང་གཉིས་ཀྱིས་ཕྱི་རོལ་གྱི་རླུང་བུའི་སྒྲ་ལས་ཅི་ཡང་མཐོང་རྒྱུ་མི་འདུག མཚན་གང་བོར་ལམ་འགྲམ་ནས་སྤྱི་སྤྱོད་རླངས་འཁོར་ལ་སྒུག་པ་ནང་བཞིན་རྨི་ལམ་ཞིག་ལ་རེ་སྒུག་བྱས།
ད་ལྟ། ང་ནི་འཁོར་བའི་འཐབ་ར་སྐྱ་བོ་འདིའི་ནང་གི་འཐབ་མོ་བ་ཞིག་ཡིན། དགུན་གཞུང་གི་གྲང་རླུང་རྩུབ་མོའི་ཁྲོད། དུངས་སེམས་ཀྱི་མེ་ལྕེ་རྦ་རབས་བཞིན་འཕྱོ་ནའང་། ང་ཚོས་མུ་མཐུད་དུ་ལོ་ཟླའི་སྒྲུང་རིང་འབྲི་དགོས། མི་རྟག་པའི་ཟློས་གར་འཁྲབ་དགོས། མིག་གི་མཐོང་ཡུལ་དུ་སྐད་ཅིག་ལ་ཡལ་འགྲོ་བའི་འཇའ་ཚོན་ལྟ་བུའི་མི་ཚེ་འདི་མ་རྫོགས་བར་དུ་ང་ཚོ་གྲོག་མ་བཞིན་དུ་འཚོ་དགོས་ཨང་།
མི་ཚེ་ཡི་ལས་དབང་ཕྲེང་ཐག་ལྟར་བརྒྱུས་ཡོད་པའི་ང་ཡི་རིགས་མཐུན་སྤུན་ཟླ། མཁའ་དབྱིངས་ཀྱི་ཉི་ཟེར་འོད་ལམ་ལམ་དུ་འཚེར་བའི་ཞོགས་པ་རེ་རེ། ལས་སྐལ་གྱི་འཕྲད་པའི་མི་མང་པོ་ཞིག་ང་དང་རྒྱང་ཐག་རིང་ཡང་གློ་བུར་དུ་འཕྲད་དུས་ང་ཚོ་རང་རང་སར་ལོ་ན་ཅུང་རྒས་པར་གྱུར་ནས་འཚོ་གཞེས་གནང་བ་དང་སེམས་སུ་བརྩེ་དུང་གི་གློག་དམར་ཐེངས་གཅིག་འཁྱུག་པ་དྲན་ནམ།
དུས་ཚིགས་ཤིག་གི་དབང་གིས་ཡིན་སོང་ངམ། རེ་སྒུག་གི་ལོ་མར་སེར་ཐིག་ལྷུང་ཞིང་། ཡུན་རིང་དུ་བསྐྱངས་བའི་ས་ཞིང་དེ་བདག་པོ་དབང་མ་སོང་ངོ་།།
༢༠༢༣.༡༢. ༢༧མཚན་མོ།
ན་ནིང་།
དགུན་ཁ་འདིའི་རྗེས་སུ། འུ་གཉིས་ལ་འཇའ་འོད་ལྟར་མཛེས་པའི་དབྱར་ཁ་ཞིག་ཡོད་སྲིད། ཉི་མ་ནུབ་རྗེས་སུ་མི་མང་པོས་རྨི་ལམ་དུ་ས་བོན་བཏབ། བར་ཐག་གི་དགུན་ཁའི་ཆབ་རོམ་ཞུ་རྗེས། འུ་གཉིས་ནམ་རྒྱུན་དང་མི་འདྲ་བར་དབྱར་ཁ་ཞིག་གི་ཡུལ་ལྗོངས་ལ་སོང་ཆོག་ཨང་།
ད་ནི་དགུན་ཁའི་དུས་ཚིགས་ཚར་ལ་ཉེ། ས་སྲོད་ཀྱི་ཉི་ནུབ་ནང་དུའང་ངའི་རང་ཉིད་ཀྱི་གྲིབ་མ་མཐོང་ཐུབ། སྲོད་ཁའི་ཉི་འོད་ལ་ངོ་གདོང་གཏད་དེ་མི་རྟག་པའི་འཇིག་རྟེན་དུ་རླུང་བུའི་སྒྲ་ལ་ཉན་ཞོར། སེམས་ཀྱི་སྡུག་བསྔལ་དག་འགྲོ་ཞོར་གྱི་རླུང་བུ་ཞིག་གིས་ཁུར་འགྲོ་བའི་སྨོན་ལམ་བཏབ།
ས་རུབ་རྗེས་ཁྱོད་རང་སྔངས་མི་དགོས། ཞེ་སྡང་གི་བཙོན་ལས་མ་ཐར་བའི་རྨི་ལམ་གྱི་གྲིབ་མ། ཚེར་མའི་སྡོང་བོ་དང་ལག་པའི་ནང་གི་རལ་གྲི་ཟད་པོ། དྲན་གདུང་གི་སྨུག་པའི་ནང་དུ་ཡུན་རིང་ལ་རྣག་པའི་ལུས་ཀྱི་རྨ་ཁ། ད་ལྟའི་ཉི་ནུབ་ཀྱི་གྲིབ་མ་འཁྱག་པོ་དེ་སྡུག་བསྔལ་གྱི་དགུན་ཁའི་རྨི་ལམ་དུ་ཁ་བ་བབས། སྡུག་བསྔལ་གྱི་ཁྲག་གི་གཙང་བོ་ལུས་ཀྱི་ཕྱེད་ཀ་ནས་བཞུར། ཁེར་རྐྱང་གི་སྒེའུ་ཁུང་ལས་ཉི་མ་དང་ཟླ་བའི་འོད་མདངས་མཐོང་མི་ཐུབ།
ད་ལྟ་རྨི་ལམ་གྱི་རྐང་རྗེས་སུ་མེ་ཏོག་སྣ་ཚོགས་སྐྱེས། ཡིན་ནའང་། གྲང་རག་གི་ལག་པས་མུན་པའི་སྒོ་མོ་བརྡུང་མི་ཕོད། མིག་གིས་མི་ཆོད་པའི་མ་འོངས་པའི་རྒྱང་རིང་གི་སྐར་མ་སྣ་ཚོགས། མ་འོངས་པའི་དུས་ཚོད་ལ་རང་གི་ངོ་གདོང་གིས་གཞན་གྱི་མིག་མདངས་ལ་བལྟ་མི་འདོད།
ཉི་ནུབ་ཀྱི་ནང་དུ་ཤོང་དཀའ་བ་ནི་རང་ཉིད་ཀྱི་གྲིབ་མ་རེད། རླུང་གིས་ཁྱེར་སོང་བ་ནི་རྡོ་བ་དང་རྩྭ་སྐྱའི་བར་ཐག་མ་རེད། དྲན་གདུང་གི་རྩི་ཤིང་ཡངས་མོ་དུས་ཚོད་ཀྱི་མུན་པའི་ནང་དུ་བཅོམ་ཚར། དུས་ཚོད་ཀྱི་རྗེས་མ་ཆོད་པའི་རྨི་ལམ་ནང་གི་རྩྭ་ཐང་གི་རྒྱལ་སྲས་ཕྱི་རོལ་གྱི་རླུང་བུའི་ཧྲག་བར་དུ་མིག་ཀོང་ལ་འཁྱིལ་བའི་ཉི་མའི་འོད་ཟེར་མཛེས་སམ།
2023.1.22བྲིས། 2024.3.5བཅོས།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease