ཉི་མ་ནུབ་ཁའི་གྲོང་སྡེ།

    རྩོམ་པ་པོ། ཆར།


དགུ་ཆུའི་འགྲམ་ནས་ཕ་ཡུལ་དྲན་པ།
 ཞར་བཀོད་གཉིས
       
                       ཆར།
     དགུ་ཆུའི་འགྲམ་ངོགས་ནས་མིག་གི་རྒྱང་རིང་གི་ནུབ་ཕྱོགས་སུ་གནས་པའི་ཕ་ཡུལ་གྱི་སྤྲིན་པ་ལ་ལྟ་ཞོར། ཕ་ཡུལ་གྱི་པུ་ཧ་ཆུ་བོའི་བཞུར་སྒྲ་ཐོས་ཨེ་ཐུབ་བལྟས། དུས་ཚོད་ཀྱི་སྐར་མ་རེ་རེར་སྡོང་མགོའི་ལོ་མ་དག་མིག་ལམ་དུ་གཡོས། དགུ་ཆུའི་བཞུར་སྒྲ་དང་མཉམ་དུ་རང་སེམས་ལྷོད་ལ་བབས་ནས་སྙིང་གཏམ་ཁྱོར་བ་གང་ལབ་འདོད་བྱུང་། མིག་གི་མི་མཐོང་བ་ནི་ཕ་ཡུལ་གྱི་ཡུལ་ལྗོངས་ཡིན་ཡང་། སེམས་ནང་དུ་བཞུར་གྱིན་པ་ནི་ཕ་ཡུལ་གྱི་པུ་ཧ་གཙང་བོ་ཡིན་ཨང་། 
 
  ཕྱི་རོལ་དུ་རླུང་བུ་ལྡང་། མིག་ལམ་ས་རྡུལ་གྱི་གཡོག་པའི་ཕྱི་དྲོ་ངའི་ནམ་མཁའ་དང་སྤྲིན་པའི་འོག་ནས་གློ་བུར་ཆར་བ་ཞིག་བྱོ་བར་རེ་སྒུག་བྱས ཉིན་འདི་གར་རླུང་འཚུབ་ཤིན་ཏུ་རྒོད། གློ་བུར་དུ་ངའི་རྣ་ལམ་དུ་ཐན་སྐད་ཞིག་ཐོས་བྱུང་། སེམས་པ་ནི་གྲང་ངར་གྱི་རྨ་ཁས་ན་ཟུག་ལྟར་རྡོ་བ་ལས་ཀྱང་ཤིན་ཏུ་ལྕི། 
 
  ས་སྲོད་འདིར་ངའི་ཡིད་ངོར་སྣང་བ་ནི་ཉི་འོད་ལམ་ལམ་དུ་འཚེར་བའི་ཞོགས་པ་ཞིག་ཡིན་ལ། ང་རང་བྱེའུ་ཆུང་ཇི་བཞིན་རྒྱང་རིང་གི་བར་སྣང་དུ་རང་དབང་གིས་འཕུར་འདོད། མི་ཚོགས་དང་ཁ་བྲལ་ནས་མི་གཅིག་ཀྱང་འགྲོ་འོང་མེད་པའི་ལྷིང་འཇགས་ཀྱི་གནས་ཤིག་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་རྒྱུ་ནི་སྐབས་དེའི་རེ་བ་ཉག་གཅིག་རེད། 
 
  ད་ལྟ་ཕྱིར་དྲན་ཞིག་བྱས་ན་ཆུང་དུས་ནོར་ལུག་འཚོ་སའི་འབྲོག་ཡུལ་གྱི་རི་ལུང་དེ་དག་དང་། ན་བུན་འཐིབ་སའི་རྫ་འདབ་དེ་ཝ་ལེར་ཡིད་ལ་དྲན་ན་གློ་བུར་གཞས་ཤིག་ངག་ནས་ལེན་ཞོར་འབྲོག་མོ་ཞིག་ཀྱང་ཡིད་ལ་དྲན་འོང་། མེ་ཏོག་མང་སའི་ཆུ་འགྲམ་དེ་ནས་མཉམ་དུ་ལུག་ཁྱུ་འཚོའི་པའི་ལོ་ཟླ་དེ་དག་དྲན་ཡོང་།  ས་རྩ་རུབ་དུས་ཁོ་མོ་དང་མཉམ་དུ་རྨི་ལམ་ཞིག་ཀྱང་ཡུན་གྱིས་རྨི་འདོད། 
 
 ཏག་ཏག་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་དུས་སུ་ཆར་བ་སྒེའུ་ཁུང་གི་འགྲམ་དུ་བྱོ་ཡོང་། ནམ་ཞིག་སྙིང་ཉེ་བའི་འུ་གཉིས་ཀྱི་རྨི་ལམ་ལ་དབྱར་ཁ་ཚེས་ན། འུ་གཉིས་མཉམ་དུ་འཆམ་འཆམ་ལ་འགྲོ་ཞོར། ཡིད་སེམས་སྡུག་པའི་མཚན་མོ་ཕན་ཚུན་འཐམ་ནས་ཟླ་འོད་དང་མཚན་མོའི་མཛེས་ལྗོངས་ལ་ལྟ་ཞོར་སྙིང་གཏམ་བརྗོད་དོ།
                         ༢༠༢༢.༤.༢༨
 ཉི་མ་ནུབ་ཁའི་གྲོང་སྡེ།
 
  རླུང་བུ་དལ་གྱིས་ལྡང་ནས་དགུན་ཁ་སླེབས་ཟིན་ནའང་། སྨག་ཧ་ཅང་ནག་པའི་མཚན་མོ་ཞིག་ལ་རྒྱང་རིང་གི་གྲོགས་པོ་ཞིག་གིས་མེ་ཏོག་མང་པོ་གསོས་ཡོད་ཞེས་ང་ལ་བཤད། གློ་བུར་དུ་གཉིད་ལས་སད་པ་བཞིན་ངའི་ཡིད་ལ་ལོ་གཅིག་གི་ཡར་སྔོན་དུ་ངས་སྐད་ངག་མི་འཁྲོལ་བའི་བུད་མེད་ཞིག་ལ་མེ་ཏོག་ཞིག་བྱིན་པ་དྲན་བྱུང་། ཡིན་ནའང་།  ང་སྔོན་ཆད་ཀྱི་མི་དེ་དང་གཏན་ནས་མི་འདྲ། དགུན་གྱི་ས་སྲོད་ཀྱི་སྤྲིན་པ་ལྗིད་མོ་རླུང་གིས་ཁུར་ཏེ་ཕ་ཡུལ་གྱི་སྨུག་པ་ང་ཡི་ཡུལ་ལྗོངས་སུ་འཐིབ།
 
   ས་སྲོད་ཀྱི་དུས་སུ་མི་རྣམས་ར་ལུག་གི་རྗེས་ནས་ཕྱིར་རང་ཁྱིམ་དུ་ལོག  ལྷིང་འཇགས་ཀྱི་ཕ་ཡུལ་འདི་ནས་ང་རང་ལོང་པར་གྱུར་ཡང་། ངས་རང་ཉིད་ཀྱི་གྲིབ་མ་ཐང་ལ་བཞག་སྟེ་ཕ་ཡུལ་གྱི་རྩྭ་ཐང་ནས་གན་རྐྱལ་དུ་བསྡད་དེ་གཞས་ཤིག་ལེན་སྲིད། དེ་ནི་རྡོ་ལ་བརྐོས་པའི་དམ་ཚིག་གི་རི་མོ་མིན་ཡང་།  ཕ་ཡུལ་གྱི་རྩྭ་ཐང་འདི་ལག་པ་ཇི་བཞིན་ནམ་མཁའི་ཉི་ཟླ་དང་ལུག་ཁྱུ་བཞིན་ཞོགས་ནས་འགྲོ་མི་སྲིད་དོ།
 
   ང་རང་ཡོད་སའི་གྲོང་སྡེ་ཆུང་ཆུང་འདི་རུ་ས་རུབ་ལ་ཉེ། ཉི་ནུབ་ཁའི་གྲོང་སྡེ་དང་ང་ཡི་གྲིབ་མ་འདི་ཅི་འདྲའི་ཆུང་། ཡིན་ནའང་།  རྩྭ་རྐང་གཅིག་གི་གྲིབ་མས་ཕ་ཡུལ་གྱི་རྩྭ་ཐང་གི་རུམ་ཁ་རྙེད་དུས་གྲོང་སྡེ་ཆུང་ཆུང་འདིའི་གཏམ་རྒྱུད་ནི་མཐའ་ཡས་པའི་རྩྭ་ཐང་བཞིན་ཧ་ཅང་རིང་བའི་སྒྲུང་རིང་མོ་ཞིག་རེད།
 
     ཟླ་བ་མེད་པའི་མཚན་མོ་མུན་ནག་གི་བརླ་བར་ནས་འུ་གཉིས་ཀྱི་བར་ཐག་གཙང་བོའི་ནང་དུ་བཞུར། ང་ཡི་རྨི་ལམ་དུ་སྙིང་ཉེ་ཞེས་པའི་ཐ་སྙད་བོར་ནས་ལོ་མང་འགོར།  ནམ་ཞིག་སྐྲག་སྣང་གི་ངོ་གདོང་ཞིག་ལ་ལག་པའི་བྱིལ་བ་ཐེངས་གཅིག་བྱེད་དགོས་སམ། ད་དུང་ཁྱོད་ཀྱིས་མི་ཡུལ་ལ་བླངས་མ་ཚར་བའི་གླུ་ནི་ཆུ་བོ་ཞིག་གི་བཞུར་སྟངས་དང་འདྲ་བསམ་ན་མཚན་མོའི་སེམས་པ་འདི་སྨུག་པའི་ནགས་ཚལ་ཞིག་ནས་མགོ་འཁོར་བ་བཞིན་སེམས་པ་འདི་ཧ་ཅང་གདུང་བའི་མནར། རང་བྱུང་གི་ཁ་བ་ལེབ་མོ་མུན་ནག་གི་གྲོང་སྡེ་རུ་ཟགས་ནའང་། སེམས་ཀྱི་སྡུག་བསྔལ་ཁོ་ན་དུས་རབས་གཅིག་གི་སྔོན་དུ་ལུས་འདུག
 
     ཉི་ནུབ་ཁའི་གྲོང་སྡེའི་མཐའ་ནས་རྒྱང་རིང་ལ་བལྟས་ཚེ།  གྲོང་སྡེའི་ཤར་ནུབ་ཀྱི་མཚམས་ནས་དུས་ཚིགས་འདིར་དགུན་ཁ་ཚེས་ཀྱིན་ཡལ་གའི་བྱེའུ་དག་སྔ་མོ་ནས་ཡུལ་ལ་འཕུར་སོང་། འོན་ཀྱང་། ལྗོན་པ་གཞན་ཞིག་གི་ཡལ་གའི་སྟེང་དུ་ཁྭ་ཏ་ཞིག་ད་དུང་གྲགས་ཀྱིན་འདུག  དེ་ནི་ངུ་སྒྲ་ཆེ་བའི་དགུན་ཁའི་གྲང་ངར་དང་སྡུག་བསྔལ་ལྷག་མ་ཞིག་གོ
 
    སྐྱ་རེངས་ཀྱི་ཡོལ་བ་མ་ཕྱེས་པའི་ཡར་སྔོན།  རྨས་ཕོག་པའི་བྱེའུ་ཞིག་རྨི་ལམ་གྱི་འཇིགས་སྐྲག་ལས་ཐར། གནམ་གྱི་སྤྲིན་པ་ཞིག་རྐང་ལག་རྨས་ཏེ་ཐང་ལ་ལྷུང་། ནུབ་ཕྱོགས་དང་བྱང་ཕྱོགས་མཚམས་ཀྱི་བུ་སྣོད་ལ་བཏབ་པའི་ཐ་སྙད་ནག་པོ་དག་སྡེ་མཐའི་གྲམ་པའི་ནང་དུ་ཆུ་ལ་མི་སྐུར་རོགས། གང་ལྟར་མི་རྣམས་རྨི་ལམ་ལས་དྭ་ཕྲུག་ལྟར་ཁེར་རྐྱང་དུ་ལུས་ནའང་། རང་གི་ངོ་གདོང་གི་རླུང་བུ་སྒོ་ལ་ཕུད་སྲིད། མུན་ནག་གི་འོབས་སུ་སྦས་པའི་གྲིབ་མའི་རྨ་ཁ་ཁེར་རྐྱང་གི་བྱེའུ་ཆུང་ཞིག་གཤོག་པ་རྨས་ནས་གཡང་གཟར་ལ་ལྷུང་བའི་སྡུག་བསྔལ་ལྟར་ལྕིའམ། 
ཁྱོད་དང་ང་ཡི་བར་ཐག
 
    དོ་ཞག་ངའི་མིག་ལམ་ནས་ཟློས་གར་འཁྲབ་མཁན་གྱི་བུད་མེད་ཁྱོད་སུ་ཡིན། ཆུ་ཤེལ་དབང་པོའི་ངོགས་ནས་སྙན་ངག་གྱེར་དོན་ཅི་ཡིན། འུ་གཉིས་ཕན་ཚུན་ངོ་མི་ཤེས་པར་ཁྱོད་ཀྱིས་ང་ལ་སྙིང་གཏམ་བརྗོད་དོན་ཡང་ཅི་ཡིན། ཁྱོད་དོན་ངོ་མ་སུ་ཡིན། ངའི་མི་ཚེ་ལ་སྐྱོ་གར་འཁྲབ་རོགས་ཡིན་ནམ། ཡང་ན་ངའི་སེམས་བརྐུ་མཁན་གྱི་བུད་མེད་དེ་ཡིན། ཡང་ན་ཁྱོད་ནི་ངའི་མ་འོངས་བའི་ཁྱིམ་གཞི་ལ་བདེ་སྐྱིད་བསྐྲུན་མཁན་གྱི་མི་དེ་ཡིན་ནམ།   དོ་ནུབ་ངའི་རྨི་ལམ་ནང་ཁྱོད་ཀྱིས་སྒེའུ་ཁུང་གི་ཁ་གཏད་ན་དབྱར་གཞུང་གི་སྦྲང་མ་ཞིག་ལྟར་ལྡིང་སྐོར་བྱེད་ཀྱིན་ཡོད། དེ་ནས་ང་རང་རྨི་ལམ་ལས་སད་རྗེས་ཁྱོད་ནི་ཆར་རྗེས་ཀྱི་འཇའ་འོད་ཞིག་ལྟར་གར་སོང་ཆ་མེད་གྱུར། རྟ་ཕོ་ཁམ་སེར་ཞོན་མཁན་གྱི་སྐྱེས་བུ་སྨ་ར་ཅན་དེ་སུ་རེད། ཁྱོད་གཉིས་ཀྱིས་སྐད་ཆ་ལྡ་བེ་ལྡིབ་བེ་ཞིག་བཤད་ནས་ང་ལ་ཐོས་སུ་མི་འཇུག་དོན་ཅི་ཡིན། སྐྱེས་བུ་དེ་ཁྱོད་ཀྱི་རྨི་ལམ་སྐུང་མཁན་གྱི་སྟག་ཤར་དེ་ཡིན་ནམ། དོ་ནུབ་ང་མེ་ལོང་དང་འདྲ་བའི་མཚོ་ཁ་དེར་སོང་ནས་ཁྱོད་སུ་ཡིན་པ་དྲིས། འོན་ཀྱང་། མཚོ་མོ་ལྐུགས་པར་གྱུར་ཞིང་མཚོ་ནང་གི་ཉ་མོའི་རྣ་བ་འོན་འདུག  
 
   ཁྱོད་ཀྱིས་དབྱར་ཁ་ཞིག་གི་ས་སྲོད་དྲན་ནམ། ས་སྲོད་དེར་འུ་གཉིས་ནི་བསམ་མི་ཤེས་པའི་བྱིས་པ་ཞིག་དང་མཚུངས། དེ་རིང་ངའི་གློ་བུར་ཁྱོད་རང་དྲན་བྱུང་། ལོ་དེར་འུ་གཉིས་ལ་ཁག་མེད། འུ་གཉིས་ཕན་ཚུན་ཕྲད་དུས་བསམ་མི་ཤེས་པའི་བྱིས་པ་ཞིག་ལྟར་སྐད་ཆ་ཅི་ཡང་བཤད་ཀྱི་མེད།  ལོ་དེའི་དབྱར་ཁ་ཡི་ས་སྲོད་དེར་ང་ལ་ཕྲད་མཁན་གྱི་གཞོན་ནུ་མ་ཁྱོད་ད་ལྟ་གང་ན་ཡོད། དེ་རིང་ངས་མཚོ་ཁ་ཞིག་ནས་ཁྱོད་རང་ཡང་ཡང་བོས་ནས་ཁྱོད་ལ་བརྩེ་གཞས་ཤིག་བཏང་ཡོད། དོ་ནུབ་ནམ་མཁའ་ནས་ཁ་བ་དག་མར་མི་ཡུལ་ལ་ལྷུང་བཞིན་ཡོད། དེ་དུས་ངས་ཁྱོད་ཀྱི་ཟུར་མིག་གི་མཐའ་ནས་མིག་ཆུས་རྫི་མ་བརླན་པའི་ས་སྲོད་དེར་དྲན་བྱུང་།
   
   དོ་ནུབ་རླུང་ལྡང་ཐེངས་རེར་ངའི་གཞོན་ནུ་མ་ཞིག་གི་རོལ་དབྱངས་ལ་རམ་འདེགས་བྱེད་རྩིས་ཡོད། སྐབས་དེར། ཟླ་འོད་ཀྱིས་ནམ་མཁའི་དབྱིངས་ནས་རོལ་དབྱངས་ལ་ཉན་པར་སྟ་གོན་བྱེད་ཀྱིན་ཡོད། མཚན་མོ་དེར་ཁྱོད་སྒེའུ་ཁུང་གི་ཁ་གཏད་དུ་འགྲེང་ནས་རང་ཉིད་ལ་སྐྱོ་གདུང་གི་མནར་གཅོད་གཏོང་བཞིན་ཡོད། མཚན་མོ་དེར་ཁོ་བོ་གཞོན་ནུ་མ་དེའི་ཆེད་དུ་སྐྱོ་བཞིན་ཡོད། གཞོན་ནུ་མ་དེ་སྔར་བཞིན་ཁྱོད་ཀྱི་འགངས་ཆེན་བའི་བུད་མེད་དེ་ཡིན།  མཚན་མོ་དེར་ནམ་མཁའི་དཀྱིལ་ན་འཚེར་བའི་ཟླ་བའི་ནང་གི་རི་བོང་གིས་གཞོན་ནུ་མ་དྲན་ནས་ངུ་བཞིན་ཡོད། མཚན་མོ་དེ་དག་མི་ཁ་ཤས་ཀྱིས་རང་ཉིད་ཀྱི་རྨི་ལམ་ནང་གི་མཛའ་མོའང་གང་དུ་སོང་བ་ཤེས་ཀྱིན་མེད། མི་ཁ་ཤས་ཀྱིས་ནམ་མཁའི་སྐར་མ་མཐོང་ནས་རང་ཉིད་ཀྱི་ཕུགས་བསམ་ཡང་དེ་ལས་རྒྱང་ཐག་རིང་བར་འདོད་སྙམ། མཚན་མོ་རེ་རེར་ངས་ཆུ་ཤེལ་དབང་པོ་ལ་བལྟས་ནས་རང་ཉིད་ལ་དྲི་བ་མང་པོ་དྲིས།  འོན་ཀྱང་ལོ་མ་སེར་པོ་ཞིག་རླུང་གིས་ཁུར་བ་ལྟར་དྲིས་ལན་མི་འདུག་ཨང་།
   
    ཟླ་བ་ནམ་མཁའ་ནས་ནུབ་ལ་འབྱིང་རྩིས་བྱེད་དུས་རོགས་མེད་པའི་གཞོན་ནུ་ཞིག་གིས་ནོར་འཛིན་སྒེག་མོའི་སྟེང་དུ་ཟླ་བའི་ནང་གི་རི་བོང་ལ་སྙིང་གཏམ་བརྗོད་ཀྱིན་འདུག གཞོན་ནུ་དེའི་མགོ་ཐོག་གི་མཁའ་ཡི་གླང་བོ་དུམ་བུ་དེའང་མཁའ་དབྱིངས་ནས་ཤར་ལ་རྒྱུག་རྩིས་བྱེད་ཀྱིན་ཡོད། གཞོན་ནུ་དེའི་མགོ་ཐོག་ན་ནམ་མཁའ་སྔོ་ལམ་ལམ་འཛུམ་མེར་མེར་ལུས་འདུག་པ་མ་ཟད་མིག་ལམ་ན་གཙང་བོ་དལ་བ་དལ་མོར་རྨ་ཆུའི་ཕྱོགས་སུ་བཞུར་གྱིན་ཡོད། ས་སྲོད་ཀྱི་ཉི་མ་རི་ལ་ནུབ་ཐེངས་རེ་རེར་ངའི་ས་སྲོད་ཀྱི་འུ་གཉིས་དྲན་སྲིད།
  

                       རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease