རང་ཉིད་ལ་ཕུལ་བ།

    རྩོམ་པ་པོ། ལུང་རིགས་རྒྱ་མཚོས།


རང་ཉིད་ལ་ཕུལ་བ།
 
                            ལུང་རིགས་རྒྱ་མཚོ།
         ཉི་མའི་འོད་ཐིག་ལ་དབང་བསྒྱུར་བྱས་མ་མྱོང་བའི་སྔ་རོལ་དུ།  ཁྱོད་ནི་མེ་ལྕེའི་ཞག་ཁ་ནས་འཚིག་ལ་ཉེ་བའི་འབུ་མེ་ལྕེབས་དང་འདྲ་ཞིང་། རླུང་བུས་ཁུར་ལ་ཉེན་པའི་ཤོག་ལྷེ་དང་ཅི་བས་མཚུངས་ཨང་།  ཉིན་རེ་རེ། ཟླ་འགའ་རེ། ལོ་ཁ་ཤས། གཉིད་ལ་ཤོར་ཞིང་ལེ་ལོར་གཡེང་སྟེ་བྱ་ལས་མང་པོ་ཞིག་ནུས་མེད་ཀྱིས་ཆུད་ཟོས་སུ་བཏང་། ཁྱོད་ནི་སློབ་ཆུང་ནས་སློབ་འབྲིང་བར་མི་ངོ་མི་ལོན་པའི་གྲངས་སུ་གཏོགས་ཤིང་།   སྐབས་རེར་ཁྱོད་ཀྱི་འཁྲིས་སུ་ཡོད་པའི་མི་ཚོགས་དེ་དག་ནི་རང་གི་དགྲ་དཔུང་ཡིན་པའི་སོམ་ཉི་ཡང་སྐྱེས་ཡོད་པར་སྲིད།
 
         ཐེངས་རེར་ངས་ཁྱོད་ནི་མི་འགའ་ཡི་སྣང་བ་རུ་བསྒོམ་པའི་ཡིད་ཆེས་སྐྱེ་ས་དེ་ཡིན་འདོད་བྱུང་། ཡིན་ནའང་། ཁྱོད་ཀྱིས་ཁྱོད་ལ་སྤོབས་པ་དང་ཡིད་ཆེས་མ་བྱིན་པའི་རྐྱེན་གྱིས། ཡར་ལ་ལངས་པའི་དམིགས་ཡུལ་དབེན་ཞིང་། སྐལ་བ་ཉུང་བའི་ཚོར་བ་སྟེར་བྱུང་། ཁྱོད་ཀྱི་ན་ཟླ་ཚོའི་ཁྲོད་དུ་དབྱར་སྐྱེས་མེ་ཏོག་ལྟ་བུའི་འཛུམ་མདངས་ཅན། སྤོབས་པ་རི་ལས་མཐོ་བའི་དཔའ་སྙིང་ཚོ།  ཁྱོད་ཀྱི་མདུན་གྱི་ལམ་ཕྲན་དུ་རྒྱུ་སྐབས།  ཁྱོད་ནི་ལོ་ཟླའི་བརྩེགས་རིམ་ནས་འཐོར་སོང་བའི་རྔུལ་ཆུའི་ཐིགས་པ་དེ་ཅི་བས་མ་ཡིན།    ངས་བསམ་གཞིག་གི་ཐག་སྣེ་ལ་འཇུས་ཏེ།   ཁྱོད་ཀྱིས་རེ་བའི་རལ་གྲི་ལ་རྣོ་ངར་བརྡར་བའི་ཉིན་མོ་ཞིག་མཐོང་ན་འདོད་ཀྱང་སྨུག་པས་གཡོགས་པའི་གྲོང་ཚོ་དེ་ཡི་ཁྲོད་ན་ཁྱོད་ལྷག་འདུག་ཡོད་པས། ཡིད་ཆེས་ཀྱི་གཤོག་ཟུང་། བློ་སྤོབས་ཀྱི་གོ་ཆ། གནམ་ལས་ཡངས་པའི་བློ་ཁོག་ཅིག གངས་ལས་དཀར་བའི་རིགས་ཞེན་ཞིག་དོན་ལྔ་སྣོད་དྲུག་ཏུ་བསྟན་རྒྱུ་མེད་པས།  གཞན་གྱི་མིག་འོག་ནས་ངུ་ཤུམ་ཤོར་ཞིང་འཆི་བར་སྲིད། ཡིན་ཡང་།  ཁྱོད་ལ་མེས་པོ་དམ་པ་ཚོས་བློ་གྲོས་བསྐྲུན་པས་བདེན་དོན་ལ་འཇུག་ན་ཆོག་པའི་གསེར་གྱི་ཟམ་ཆེན་ཡོད།   སྙིང་རུས་ཀྱི་དན་རྟགས་དང་དཔའ་གདེང་གི་དཔང་རྟགས་ལྟ་བུའི་གསུང་རབ་བྲག་རི་ལྟར་ཡོད།     
ཁྱོད་ལ་འཇིགས་སྐྲག་མ་སྐྱེས་ཀྱང་ཆོག་ལ།  སྙིང་སྟོབས་མ་འཁུམ་ན་ཡང་དེ་བས་རུང་།  ངའི་སེམས་པའི་དཔུང་རོགས།  གར་གྱི་སྟངས་སྟབས་བསྒྱུར་བའི་་ན་གཞོན།   
 
       ཐེངས་ཤིག   ངས་ཁྱོད་རྨི་ལམ་གྱི་མཚན་གཞུང་ཞིག་ནས་འོད་ཟེར་གྱིས་ལམ་སྣེ་བསྒྲོན་པའི་སྐྱེས་མཆོག་གང་དེའི་རིགས་རྒྱུད་ཡིན་པར་འཁྲུལ་མྱངས།  དགོད་སྒྲ་དེ་ཡིས་ཁོང་ཁྲོའི་མེ་ལྕེ་གཞོམ་ཞིང་བྱང་སེམས་ཀྱི་ནམ་མཁར་བསྐྱོད་པའི་རྒྱལ་སྲས་ཞི་བ་དེའི་རྗེས་སུ་བསྙེག་པའི་མི་བུ་དེ་ཡིན་པར་ཆ་བཞག་སྟེ་མིག་ཟུང་གིས་ཅེར་རེ་བལྟས་མྱངས།   
འོན་ཀྱང་།  ཁྱོད་ཀྱི་དེ་རིང་གི་གནས་བབ་ལ་བལྟས་ཚེ།  ཁྱོད་ནི་ཨ་སྤུ་བྱེའུ་ལྟར་ཁ་ཕྱོགས་གང་ལ་ཡང་ངེས་གཏད་ཀྱིས་བསྐྱོད་པར་འདོད་པའི་ཀུན་སློང་ཞིག་རྨང་ནས་མེད་པས།   འབྱུང་འགྱུར་གྱི་ཕུགས་བསམ་ལ་མནོ་བསམ་གཏོང་བའི་སྣང་ཚུལ་ཞིག་ཀྱང་གཏིང་ནས་མེད་འདུག   དེ་ཡི་ཕྱིར་ན།  ཁྱོད་རང་དེ་རིང་ནས་བཟུང་བསམ་བློ་འཁུམ་པོ་དེའི་མལ་ལས་སད་པར་ཞུ།   བག་ཆགས་རྙིང་རོ་དེ་ཡི་ཀློང་ནས་མགོ་དགྱེ་ཐུབ་པར་ཤོག   ལྟ་ཚུལ་བཀག་སྡོམ་དེའི་སྲང་ལམ་ནས་ཐར་བ་ཐོབ་དགོས།    གང་ལྟར།   ཁྱོད་ལ་བློ་རིག་ཉི་མའི་འོད་མདངས་ལྟ་བུ་ཞིག་འཚེར་ཡང་ཆོག      ཤེས་རིག་གི་བདུད་རྩི་རྔམ་གྱིས་འཐུང་བར་གདེང་མི་ཤོར་ཞིག་བཅའ་ཡང་ཆོག
 
         ཀྱེ་སྙིང་ཉེ།   ཡིད་བཞིན་གྱི་མན་ངག་ལག་ཏུ་ཐོབ་ཀྱང་བློ་ཐབས་ཀྱི་སྒོ་མོ་ཁོད་ཡངས་པའམ་གཞི་རྒྱ་ཆེ་ས་རུ་བཀོད་ན་མི་ཆོག་གམ།   ཚིག་གི་སྙན་ཆ་དང་རྩལ་གྱི་ཡོ་ལང་རྒྱ་ཆེ་བའི་ནམ་མཁའ་ལ་འགོད་ཐུབ་པར་ཤོག  གནས་དེ་ན་བྲག་རི་བཞིན་སྲ་ཞིང་བརྟན་ལ། རྒྱ་མཚོ་བཞིན་ལྟར་སྔོ་དྭངས་པའི་ཟབ་ཚད་མཐུག་པོའི་ཕུགས་བསམ་ཞིག་ལྷག་ཡོད།   རྨི་ལམ་ལ་ཚོན་མདངས་སྣ་ཚོགས་ཀྱི་གཟེབ་བཙུགས་ཡོད་པ་བདེན་དུ་བཅུག་མོད།   ཁྱོད་ལ་བྲེད་ཤ་འཁྲུག་ཀྱང་དམིགས་ཡུལ་བོར་བའི་རླུང་བུ་འཁྱམ་པོའི་བཟོ་ལྟ་བཅང་མི་ཉན། ཁ་བསོད་དང་ལས་སྐལ་མི་འདུག་ཅེས་ཀྱང་མི་གསུང་རོགས་ཞུ།  དེ་ནི་རང་ཉིད་ཀྱིས་རང་ཉིད་ལ་སྣོན་ཤུགས་ཤིག་ཐོག་མདའ་འབབ་པ་ལྟར་སེམས་ཀྱི་དཔའ་ཞུམ་དུ་བཅུག་པ་མིན་ནམ།  ཁྱོད་ཉིད་ཨེན་ནཱ་ཧྥུ་རན་ཁི་ལྟར་ཉིན་ཐོའི་བར་གསེང་ན་འཐིམས་པའི་བྱུང་དོན་ཕྲ་མོ་དེ་ཡིན་པར་འདོད་དམ།  ཡང་ན། ཁཱ་ཨར་བེ་ཐི་ལྟར་སློབ་གསོའི་བཙན་རྫོང་ན་འགྱིང་ཞོར་དུ་བྱིས་པ་གསོ་སྐྱོང་བྱེད་པ་ནི་མེ་ཏོག་སྐྱོང་བས་མ་འདས་ཞེས་པའི་བདམས་ངག་ལ་འཇུག   
  
        ངས་ནི་ཁྱོད་རང་ལོ་རྒྱུས་ཀྱི་གླེགས་བམ་ཀློང་ངེར་འགྱིང་བའི་གཙུག་ལག་རིག་གནས་ཀྱིས་པོ་ཏི་བརྩིགས་པའི་མཁས་མཛངས་གཉིས་ལྡན་གྱི་རིགས་པའི་དཔའ་བོ་དེ་དག་དང་འདྲ་བར་རིག་གཞུང་གི་རྒྱ་ཕིབས་ཤིག་བསྐྲུན་པར་རེ་སྒུག་གིས་རྨི་ལམ་རྨིས་ན་འདོད་མོད།  ཁྱོད་ནི་བར་དོའི་འཕྲེང་རིང་འགྲིམ་པ་ལྟར་བག་འཁུམ་ཞིང་འུ་ཐུག་པའི་ན་ཟུག་དེས་རྗེས་ལུས་ཀྱི་བར་འཁྱམས་ན་ལྷག་འདུག     ངས་ཁྱོད་ལ་བྱུང་རིམ་མང་པོ་ཞིག་གིས་བགྲོད་ལམ་གྱི་མདུན་པར་བསུས་ཤིང་།    ཡིད་ཆེས་ས་གཞིར་མི་ཤོང་པ་ཞིག་གིས་རྒྱབ་ཕྱོགས་སུ་གཞོགས་འདེགས་བྱ།
 
          མི་ཚེ་ནི་བརྗོད་དོན་སྣ་མང་རིམ་བཞིན་བརྒྱུད་པའི་གོ་རིམ་ཞིག་ལག་བསྟར་བྱས་མིན་ལས་འོང་བའི་གསེར་གྱི་ཕུང་པོ་ཞིག  དེ་ལ་ཁ་དོག་སྣ་བརྒྱ་དང་ཡང་སྙིང་བརྒྱད་ཁྲིས་རི་མོ་འབྲི་ན་འོས་པའི་ཤོག་དཀར་དག་གཙང་ཞིག་ཡིན།
 ལྟ་གྲུབ་ཀྱི་གཙང་བོ་དགུ་ཚིགས་བཞིན་འཁོར་བའི་བརྒྱ་ལོ་ཉེར་གཅིག་གི་དུས་བསྐལ་འདིར། བསམ་བློ་ནི་གངྒཱའི་ཆུ་རྒྱུན་བཞིན་བཞུར་འོང་ཞིང་ལང་ཚོའི་རྦབ་ཆུ་ལྟར་དབྱིངས་སུ་འཕྱོ་བའི་སྐབས་དུས་སུ།  ཁྱོད་ནི་ན་འདམ་གྱི་སྦལ་བ་ལྟར་དུ་ཤེས་མེད་ཚོར་མེད་ཀྱི་ཁྲོད་ནས་ནམ་ཟླའི་སྐྱེ་འཆི་ལ་སྒུག་ནས་སྡོད་དམ།   དེ་མིན་ན།  རང་ཉིད་མི་ཞིག་ཡིན་པའི་དན་རྟགས་སུ་སྒྱུ་རྩལ་གྱི་བ་དན་ཞིག་སྟོན་རོགས་མཛོད།    གསར་གཏོད་ཀྱི་གཤོག་ལྷེབ་ཅིག་གར་ལ་རོལ་ཤོག ངས་ཁྱོད་ལ་སྒུག་ནས་བསྡད་ཡོད།        

                   རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease