ས་སྲོད་ཀྱི་དྲན་པ།

    གཡས་འཁྱིལ།


ས་སྲོད་ཀྱི་དྲན་པ།

                         གཡས་འཁྱིལ།


     ཆུང་ཆུང་ཡིན་དུས། སྐབས་འདི་དག་ལ་ང་རང་ས་འདམ་གྱིས་སྦགས་པའི་ལྕགས་རྟ་དེ་སྟ་ཟུར་ལ་བརྡར་གྱིན་རྒྱ་སྒོའི་ཕྱི་སོ་ནས་མ་ལགས་ཀྱི་བཀའ་སྐྱོན་ལ་དོགས་ཏེ་སྣབས་འཇིབ་ཞོར།ནང་དུ་འཛུལ་མ་ཕོད་ནས་ཡུད་ཙམ་རིང་རྫུན་ཞིག་ཨེ་དྲན་གྱིས་བར་སྣང་ལ་ཅེར།  སྐར་མ་ཐར་ཐོར་འགའ་འདར་སིག་ཆུང་ངུ་རྒྱག་ཞོར་སྤྲིན་པ་སྲབ་མོའི་ལྟེབས་ཁུད་ནས་འཛར་ཡོང་།དོ་དགོང་གི་ས་སྲོད་ཀྱི་ནམ་མཁའ་ཡང་དེ་འདྲ་ཞིག་རེད།

       མ་ལགས་ཀྱིས་ནམ་ཞར་ངས་ནོར་འཁྲུལ་བསགས་པ་གཟིགས་ཚེ་བཀའ་བསྐྱོན་གནང་བ་ལས་ཕྱག་འབེབས་ཁྱོན་ནས་གནང་མ་མྱོང་། ཡིན་ནའང་བཀའ་བསྐྱོན་དེ་ལ་གནམ་ལྕགས་ཐོག་ལས་བཙན་པའི་ཟིལ་ཤུགས་ཡོད། ང་རང་ངུས་པ་གཟིགས་པས་མ་ལགས་ཀྱིས་ང་ཡི་མཁུར་མགོའི་མིག་ཆུ་འབྱིད་ཞོར་ལུས་སྟེང་གི་ས་རྡུལ་སྤྲུག་སྤྲུག་གཏོང་ངེས།  དེ་དུས་ང་རང་ཤིན་ཏུ་བག་ཕེབས་སུ་གྱུར་ཏེ་བརྙན་འཕྲིན་གྱི་ཁ་ཕྱེས་ནས“སོན་བོས་ཁུང”དང“ནི་ཀྲ་”སོགས་ཀྱི་རྫུ་འཕྲུལ་གྱི་ལྟད་མོའི་ནང་དུ་ཡོངས་སུ་ཟུག་འགྲོ། 

      ནར་སོན་པ་ན། མ་ལགས་ཀྱི་བཀའ་བསྐྱོན་ཇེ་ཉུང་དུ་གྱུར་བར་མ་ཟད་ཁྱིམ་གྱི་བྱ་བ་ཙག་ཙིག་ཅིག་ཡིན་ནའང་ང་ལ་གྲོས་འདེབས་སྲིད།  ངས་ཅི་བཤད་ཀྱང་ཡིད་ཆེས་པས་ན་དབུ་ཡང་སྐོར་སླ་བ་ཞིག་ཆགས་འདུག  ཆུང་དུས་ངས་རིག་པ་རྩལ་དུ་སྤྲུགས་ནས་གཏམ་རྒྱུད་ཅི་འདྲའི་འདྲ་ཆགས་ཤིག་སྒྲིག་ནའང་ཁོང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཙམ་ནས་བརྟོལ་ཐུབ།   ད་ལྟ་ནི་དེ་ལས་ཡོངས་སུ་ལྡོག་འདུག

      ཞིབ་ཏུ་བསམ་ན་དེ་ཡང་མ་རེད། ང་ནི་མི་ཅི་འདྲ་ཞིག་ཡིན་པ་ཁོང་གི་སེམས་ན་ཁྲིགས་ཁྲིགས་ཡིན། དེ་ནི་རྣམ་པ་ཞིག་འགྱུར་བ་ཙམ་རེད། ཆུང་དུས་ངའི་ནོར་འཁྲུལ་ལ་སྙིང་ཉེ་བའི་ཐེར་འདོན་བྱེད་པ་དང་། ད་ལྟ་ངའི་ནོར་འཁྲུལ་ལ་ཐུགས་བྱམས་པས་གུ་ཡངས་བཏང་བ་ཙམ་རེད། མཚམས་མཚམས་སུ་ཆུང་མ་ངེད་གཉིས་ཁ་འཁོན་ཤོར་ཡོད་ཚེ། ངས་ཁོང་གི་མདུན་ནས་ཅི་ཡང་མ་བྱུང་ཁུལ་གྱིས་ཇ་འཐུང་ཞོར་དུ་ཁ་མཚར་སྣ་ཚོགས་གླེང་ནའང་། ཁོང་གི་ཞལ་རས་གཟབ་ནན་གྱིས་ཁེངས་ནས“ཁྱེད་གཉིས་འཁོན་པ་མིན་ནམ”ཞེས་ང་ལ་ཞི་ལྷོད་ཀྱིས་འདྲི་ངེས། ངས་དགོད་རྒྱུ་མེད་ན་ཡོད་མདོག་གིས་ཡིན་ལུགས་བརྒྱ་དང་མིན་ལུགས་སྟོང་རེ་བཤད་ཀྱང་ཁོང་གི་ཡེ་ཤེས་སྤྱན་ལ་ཐོགས་རྡུགས་མི་མངའ། “ད་ཁྱོད་ཀྱིས་ང་ལ་ཁ་དཔེ་མ་བཤད། རྒྱ་སྒོ་ནས་ཡར་འཛུལ་དུས་ནས་ངས་ཁྱོད་ལ་ག་ཤེད་དུ་འགྲིག་མེད་པ་ཤེས་སོང་།”ཞེས་གསུངས། 

       ས་སྲོད་འདིར། སྐར་མ་ཐར་ཐོར་འགའ་འདར་སིག་ཆུང་ངུ་རྒྱག་ཞོར་སྤྲིན་པ་སྲབ་མོའི་ལྟེབས་ཁུད་ནས་འཛར་ཡོང་། ད་ལྟ། མ་ལགས་ཀྱིས་ཚ་བསུར་འཕུད་ཞོར་དགོང་འདོན་གསུང་གིན་ཡོད་ངེས། མཚམས་མཚམས་སུ་ཕྱག་པད་སྙིམ་གར་ཟུམ་གྱིན་ཡོད་ངེས། ཁོང་གི་ཐུགས་ལའང་འདར་སིག་ཆུང་ངུ་རྒྱག་གིན་ཡོད་ངེས།

                       རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease