​དཀྱུས་མའི་མི་ཚེ།

    རྩོམ་པ་པོ། ཀར་རྒྱམ།


དཀྱུས་མའི་མི་ཚེ།

           ཀྱག་ཀྱོག་གི་ལམ་འཕྲང་རྒལ་བཞིན་པའི་མིང་སྲིང་དག་ལ་ཕུལ།

                               ཀར་རྒྱམ།



            འུ་ཅག་མི་དམངས་དཀྱུས་མ་དང་མི་སེར་ཕལ་པ་ཞིག་ཡིན། ལོ་ངོ་དུ་མར་ཕལ་པའི་མི་ཚེ་དང་དཀྱུས་མའི་འཚོ་བ་རོལ་ཞིང་། སྐྱིད་སྡུག་གངས་མ་ཆར་གྱི་ཁྲོད་ནས་འདི་ལྟར་ན་སྨིན་ཡོང་བ་ལགས། ཕ་མའི་བྱམས་བརྩེའི་གཉོར་སྐྱོང་གི་འོག་ནས། ཕ་ཡུལ་གྱི་དྭངས་གཙང་གི་རི་ཆུ་དང་། མཛེས་པའི་སྤང་ལྗོངས་སྟེང་ནས་འུ་ཅག་མཉམ་དུ་ལང་ཚོ་རྒྱས། ཆེས་ཐོག་མར་ང་ཚོས་ལྟེ་མཚལ་གྱི་མེ་ཏོག་ཨ་མའི་རུམ་ཁོང་དུ་གཏོར་ཞིང་། ངུ་ངག་གི་རོལ་དབྱངས་འཛམ་གླིང་གི་ཡང་རྩེ་རུ་དཀྲོལ། རི་ཚོགས་ཀྱི་ཡོལ་བས་མཐའ་ནས་བསྐོར་ཞིང་ལྷོད་ཆགས་ན་བུན་གྱིས་མཐོང་ལམ་བསྒྲིབས། ཕར་ནང་ཚུར་ནང་གི་རུ་སྡེ་ལ་དང་ལ་མོས་ཆོད་ཅིང་རུ་རོགས་ཁྱིམ་མཚེས་ཀྱི་མི་གྲངས་ཧ་ཅང་ཉུང་ངོ་། ། དེའི་ཚེ་དེའི་དུས་ན། ཞི་བའི་རི་གྲོང་དང་འཇམ་པའི་རླུང་བུ། ལྷོད་ཆགས་རི་བོ་དང་ལྷིང་འཇགས་རྩྭ་ཐང་། སྔོ་བསངས་ནམ་མཁའ་དང་དཀར་གཙང་སྤྲིན་པ་སྟེ། སྣོད་ཀྱི་བཀོད་པ་ཐམས་ཅད་ནི་འཇམ་ཐིང་ཐིང་དང་ཁུ་སིམ་སིམ་དུ་གནས། དེ་བཞིན་བཅུད་ཀྱི་སྐྱེ་འགྲོ་རྣམས་ལ་སྤྱི་ཚོགས་འགྲན་རྩོད་དང་དུས་རབས་ཀྱི་ཡོ་ལང་མེད་ཅིང་། དལ་ལྷོད་ཁོམ་གསུམ་གྱིས་ཚེ་མཇུག་བསྐྱེལ་བར་བྱེད་དོ། །སྟོད་ཀྱི་ཙ་རི་དང་གངས་རི་ནས་བར་གྱི་དབུས་གཙང་རུ་བཞི། སྨད་རོང་བཙན་ཁ་བ་དཀར་པོ་ནས་རྒྱ་ནག་གླང་ཆེན་འགྱིང་རིའི་བར་གྱི། རི་ལ་བསྐོར་བ་དང་ཐང་ལ་ཞབས་ཀྱིས་བཅགས་ཤིང་། གོམ་པའི་འདེགས་འཇོག་རེ་རེ་བཞིན་དུ་ལོ་ལམ་ཟླ་ལམ་ཆོད་མྱོང་མཁན་དེ། སྒེར་གྱི་མི་ཚེ་དང་འདམ་ག  རང་དབང་གི་འཚོ་བ་བཅས་ལ་བློས་གཏོང་མང་བའི་ཕ་དང་ཨ་མྱེ་ཡིན་ནོ། །


          ཁོང་ཅག་གིས་གཏམ་རྒྱུད་ཤོད་སྐབས། འཇིག་རྟེན་ནི་ཆེས་ཡིད་དུ་འོང་བའི་བྱམས་པ་དང་སྙིང་རྗེ། འདྲ་མཉམ་དང་དྲང་བདེན། ཞི་བདེ་དང་འཆམ་མཐུན་གྱིས་བལྟམས་པའི་གཞལ་མེད་ཁང་ཆེན་པོ་ཞིག་ཏུ་སྒྲུབ་པར་བྱེད་ཅིང་། ཁོང་ཅག་གི་བཞུད་ལམ་རིང་མོར་ཞིབ་ཀྱིས་མཇལ་ན་འགྲོ་བ་མི་རྣམས་ཕན་ཚུན་རྟེན་འབྲེལ་གྱིས་འཚོ་ཞིང་། ས་གཞིའི་དཀྱིལ་འཁོར་འདི་ནི་རིས་སུ་མ་ཆད་ཅིང་ཕྱོགས་སུ་མ་ལྷུངས་བར་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་མཐོང་ཡོང་།

མི་ཚེའི་ལོ་རྒྱུས་ཀྱི་ཤོག་དཀར་ངོགས་སུ། རྫུན་དང་གཡོ་སྒྱུའི་རི་མོ་སྐྲ་རྩེའི་ཆ་ཤས་ཙམ་ཡང་འབྲི་མ་མྱོང་བའི་ཕ་མེས་པོས་ལྟ་རྟོག་གི་ཁྲོད་ནས། འུ་ཅག་ཐོག་མར་འཚར་ལོངས་འབྱུང་བཞིན་པའི་དུས། ང་ཚོའི་མིག་མདུན་དུ་སྙིང་པོ་མེད་པའི་སོབ་སོབ་ཀྱི་འཇིག་རྟེན་ནི་ལྐོག་ཏུ་གྱུར་པ་ཞིག་རེད། བདེན་དྲང་གི་གཤིས་ཀ བརྟན་ཚུགས་ཀྱི་མི་གཞི། ཟོལ་མེད་ལྷག་བསམ་གྱི་བསམ་བློ་སོགས་ཏེ། ཡོངས་ཁྱབ་རིན་ཐང་ཅན་གྱི་དཔལ་ཡོན་དེ་དག་ཞི་བ་ཆོས་ཀྱི་ལམ་ནས་མངོན་པར་བྱས་ཤིང་། བསླུ་མེད་རྒྱུ་འབྲས་ཀྱི་ཆོས་ཉིད་མི་ཚེའི་ཉམས་མྱོང་དང་ལག་ལེན་གྱི་སྟེང་ནས་ར་འཕྲོད་པའི་མེས་པོ་དེ་དག ཁྱོད་ཅག་ལྟ་ཅི་ནང་བསྟན་སློབ་གཉེར་པའི་མིང་འཛིན་པ་ངེད་ཚོས་ཕྱོགས་ཙམ་འགྲན་མི་བཟོད་དོ། །


          ཉི་མ་རེ་རེ་ཡང་ཧ་ཅང་འཛད་པར་དཀའ་ཞིང་། ཕ་མེས་ཀྱི་གནའ་གཏམ་ལ་དེ་བས་རྫོགས་མཐའ་མེད་པའི་ལོ་ཟླའི་ནང་། གློར་བུར་དུ་དུས་ཀྱི་འཕེལ་ཕྱོགས་དང་རིག་གནས་གསར་པའི་རྦ་རླབས་དྲག་ཏུ་འཁྲུག་པས་རྐྱེན་བྱས། འུ་ཅག་སྔར་ལྟར་གུ་ཡངས་བག་ཕེབས་ངང་དུ་སྡོད་དབང་མ་བྱུང་ཞིང་། ལས་ཀྱི་ལམ་སྣེ་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོར་ཇི་ལྟར་འཐེན་ཡོད་པ་བཞིན། བརྩེ་ལྡན་ཕ་མ་རྒྱབ་ཏུ་བཞག དྲོད་ལྡན་རང་ཁྱིམ་རྒྱང་དུ་བསྐྱུར་ནས་ལམ་དུ་ཆས། མདུན་སྐྱོད་ཀྱི་གོམ་པ་ཁྱར་ཁྱོར་སྤོ་བཞིན་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད། རིམ་གྱིས་སྤྱི་ཚོགས་དང་བར་ཐག་ཉེ་རུ་ཕྱིན་པ་ན། སྣོད་བཅུད་གཉིས་ཀྱིས་གྲུབ་པའི་ཁྲ་ཁྲ་ཤིག་ཤིག་གི་འཇིག་རྟེན་ཞིག་ང་ཚོའི་ཉེ་ས་རུ་བཏུད། འཕྲལ་དུ་དགེ་ཞིང་ཕུགས་སུ་སྨན་པའི་བླང་དོར་འཇུག་ལྡོག་གི་རྟོགས་པ་དམན་པས། ནང་གི་བསམ་བློ་ལ་ཆག་འཇིག་བྱུང་ཞིང་ཡབ་མེས་ཀྱིས་བསྐྲུན་པའི་བརྩེ་བའི་ཕོ་བྲང་ཞིག་རལ་དུ་གྱུར་ཏོ། ། 


         ང་ཚོ་འཇིག་རྟེན་དུ་ཅིའི་ཕྱིར་སྐྱེས་ཤིང་གང་གི་ཆེད་དུ་སློབ་གྲྭའི་སྒོ་ཐེམས་བརྒལ། ང་ཚོ་ནི་དུས་ཚོད་དམིགས་གསལ་བ་ཞིག་དང་། གཉན་འཕྲང་ཅན་གྱི་གནས་སྐབས་ཤིག་ཏུ་སླེབས་ཡོད་པར་ཤེས་དགོས། སྤྱིར་ན་མི་རིགས་འཆི་གསོན་གྱི་གདམ་ག་མི་རབས་སུའི་ལག་ཏུ་ཡོད་མེད། ཁྱད་པར་དུ་རང་ཉིད་མི་གྲལ་དུ་ཚུད་མིན་ལ་ཅིས་ཀྱང་བསམ་བློ་རེ་འདོན་འོས་པ་ཡིན། དཔལ་ཡོན་ཅན་གྱི་མི་རིགས་གཞན་དང་བསྡུར། སྔོན་ཐོན་ཅན་གྱི་རྒྱལ་ཁབ་དཔེ་རུ་བཀོད་ན། ང་ཚོས་དེང་རབས་ཟེར་གྱིན་ཁྲ་ཁྲ་ཟིང་ཟིང་གི་རྣམ་འགྱུར་སྟོན་པ་དང་འདྲའམ།


          ངེད་ཅག་སྔར་བཞིན་ལམ་དུ་ཆས། སྙིང་ཉེ་བའི་སྤུན་ཟླ་དང་མི་སྲིང་ཚོ། ཁྱོད་ཅག་གིས་གོ་བ་ལོག་སྒྲུབ་མི་གནང་བར་འཚལ། ངས་དཔེ་དེབ་དང་སྨྱུག་གུ་བསྐྱུར་ནས་གྲོང་གསེབ་ཀྱི་མི་ཕལ་པ་ཞིག་བྱེད་དགོས་ཟེར་བ་མིན།  གཞུང་དྲང་གི་གཤིས་ཀ་དང་ལྷད་མ་འདྲེས་པའི་བརྩེ་བ་འཁྱེར་ནས། སྤྱིར་བཏང་གི་མི་དཀྱུས་མ་ཞིག་བྱ། སྤྱི་ཚོགས་ཀྱི་དམའ་རིམ་ཞིག་ནས་འཕག་ཚག་གི་ང་རོ་སྒྲོགས། དངོས་ཡོད་ཀྱི་སྤྱི་ཚོགས་ལ་ཁ་གཏད་ནས། རང་ཉིད་ལ་བཅངས་པའི་བརྩེ་བ་དང་དུ་རབས་ཀྱིས་སྤྲད་པའི་འགན་འཁྲི་ཆུ་ལ་མི་བསྐྱུར། ང་ཚོའི་དམིགས་འདུན་ནི་རྒྱུ་དང་དབང་གིས་སྐྲུན་པའི་རྒྱས་སྤྲོས་ཀྱི་འཚོ་བ་ཙམ་ཡིན་ག་ལ་འོས། 

                    ༢༠༢༡/༤/༡༩
                        རྩོམ་སྒྲིག་པ། རྣོ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease