ཁྱེད་རང་གང་དུ་ཡོད།

     རྩོམ་པ་པོ། སྒོ་རང་གྲོལ།


ཁྱེད་རང་གང་དུ་ཡོད།

____ཡང་ན་བསྐུར་ཐབས་མེད་པའི་འཕྲིན་ཡིག་ཅིག
                  
       
སྒོ་རང་གྲོལ། བྲག་མགོ

   སྙིང་ཉེ། འདི་ནས་ཁ་ཕྱོགས་ཤིག་ཏུ་ཡུན་རིང་ཆས་ན། རླུང་བུ་བསིལ་མོ་ཞིག་གིས་བདག་གི་ངོ་གདོང་ལ་བྱིལ་བྱིལ་བྱེད་སྲིད་དམ། ཡང་ན་ཆར་བ་ཟམ་ཟིམ་ཞིག་གིས་བདག་གི་མིག་ཟུང་རློན་པར་བསྒྱུར་སྲིད་དམ།

   སྙིང་ཉེ། ངས་རང་གི་ནང་སེམས་ལ་ངོ་ཡ་ལོན་གྱི་མི་འདུག ངས་རང་གི་རྨི་ལམ་ལ་ཚོད་འཛིན་ཐུབ་ཀྱི་མི་འདུག ཁྱེད་རང་གང་དུ་ཡོད་ཨང་།

   ལོ་ཟླ་ཅི་ཙམ་འདས་ཀྱང་། མ་རེད། ལོ་ངོ་བརྒྱད་ཙམ་གྱི་རིང་ལ། ངས་ཕྱིར་མིག་རྐྱང་པས་དུས་ཚོད་ཀྱི་ཁྲོད་ན་ཡལ་གྱིན་པའི་རང་གི་ན་ཚོད་བསྲུངས་པ་ཡིན། ཡིན་ནའང་། བདག་གི་ན་ཚོད་ཀྱིས་དུས་ཚོད་ལ་དོ་ཡ་མི་འོང་། སྙིང་ཉེ། ཡལ་བཞིན་པའི་དུས་ཚོད་དག་ཏུ། ཁྱེད་རང་གང་དུ་ཡོད། འདས་པའི་ལོ་ངོ་བརྒྱད་ནི་ངའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཡིན་པས། ལོ་ཟླ་ཅི་ཙམ་འདས་ཀྱང་། ང་ལ་ཕྱིར་མིག་ཆད་པའི་སྐར་ཆ་གཅིག་ཙམ་དེ་མཁོ་ཨང་།

   སྙིང་ཉེ། འཇིག་རྟེན་འདིར། ཐག་མི་རིང་བའི་ས་ཞིག་མེད་ཅིང་། ཡང་། ཐག་མི་ཉེ་བའི་ས་ཞིག་ཀྱང་མེད་པ་འདྲ། རྒྱུ་མཚན་དེས་ཡིན་པ་འདྲ་སྟེ། ངས་ཁྱེད་རང་ཡོད་པ་ཤེས་ཀྱང་། གང་དུ་ཡོད་པ་དངོས་གནས་ཤེས་ཀྱི་མི་འདུག

   མཚམས་མཚམས་སུ། ངས་ཁྱེད་རང་ཕྱི་སྣོད་ཀྱི་འཇིག་རྟེན་ཞིག་ཏུ་ངོས་འཛིན་གྱི་ཡོད། ང་ནི་ཁྱེད་ཀྱི་སྲུབས་ཀ་གང་རུང་ཞིག་ཏུ་འཚོ་ཚིས་མ་བོར་བ་ཙམ་གྱི་སྲོག་ཆགས་ཤིག་ཏུ་འདུག མཚམས་མཚམས་སུ། ངས་རང་ཉིད་བྲིས་མ་ཚར་བའི་རི་མོ་ཞིག་ཏུ་ངོས་འཛིན་གྱི་ཡོད། ཁྱེད་ཀྱིས་རི་མོའི་ཤོག་ལྷེ་དེ་གླིང་ག་གང་ཞིག་ཏུ་གཡུག་ནས་བཞག་ཡོད་པ་འདྲ།

   སྙིང་ཉེ། མི་ཚེ་ནི་རིན་ཐང་ལ་སྙེག་པའི་ལམ་ག་ཞིག་ཡིན་ཞིང་། ལམ་ག་དེ་ནི་རིང་ཡང་རིང་ལ་ཐུང་ཡང་ཐུང་བ་ཞིག་རེད་ཨང་། དོན་ངོ་མར་འཇིག་རྟེན་འདི་ནི་རྙེད་པའི་གནས་ཤིག་ཡིན་ནམ་ཡང་ན་ཤོར་བའི་གནས་ཤིག་ཡིན། ངས་བསམ་ན་རྙེད་པ་ཐམས་ཅད་ཤོར་བའི་གནས་ཤིག་རེད། ཡིན་ནའང་། ཤོར་བ་ཐམས་ཅད་རྙེད་ཐབས་ལར་ནས་མི་འདུག སྙིང་ཉེ། ད་ལྟ་ང་ལ་མཚོན་ན། ཁྱེད་རང་བཙལ་ནས་རྙེད་སོང་ན་དེ་ནི་རིན་ཐང་གཞལ་དུ་མེད་པ་ཞིག་རེད་ལ། ཁྱེད་རང་རྙེད་ནས་བོར་སོང་ན་དེ་ཡང་རིན་ཐང་ཞིག་ཏུ་གྱུར་འདུག་པ་འདྲ།

     སྙིང་ཉེ། ཁྱེད་རང་གང་དུ་ཡོད། ངས་རང་གཉིས་མཉམ་དུ་འཚོ་གཞེས་བྱེད་མྱོང་སའི་གྲོང་ཁྱེར་དེ་དྲན་བྱུང་། ང་རང་ཁྱེད་ཀྱི་མདུན་དུ་ལྷགས་པའི་ནུབ་མོ་དེ་དྲན་བྱུང་། སྐབས་དེ་ཙམ་ནས་ངའི་ཚོར་ཤེས་ཀྱི་ཁམས་སུ་ཁྱེད་རང་དངོས་སུ་ཡོད་མྱོང་བ་ཡིན་ནམ།

    སྙིང་ཉེ། ཁྱེད་རང་ཡོད་ཡོད་འདྲ་བས། ངས་མི་མང་པོ་ཞིག་ལ་ཁ་ཡ་བྱེད་ཁོམ་མི་འདུག ངས་བྱ་དངོས་མང་པོ་ཞིག་ལ་ཡང་དོ་སྣང་བྱེད་ཁོམ་མི་འདུག སྙིང་ཉེ། བདག་གི་སེམས་པའི་རྒྱུད་ན་ལོ་ཟླར་བརྒྱུས་པའི་ཕྲེང་ཐག་རིང་བོ་ཞིག་ཡོད་དེ། དེ་ནི་ཁྱེད་རང་ཡོད་མྱོང་བའི་རྟགས་མཚན་དང་ལོ་རྒྱུས་ཡིན་པ་འདྲ།

    སྙིང་ཉེ། དོ་ནུབ་ང་རང་རྫོང་ཁུལ་ཆུང་ཆུང་ཞིག་ཏུ་ཡོད། མུན་རུན་ཁར། ངས་ང་རང་འདུག་སའི་མགྲོན་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་དུས། རྫོང་ཁུལ་གྱི་མཚན་ལྗོངས་བདག་གི་མིག་ལམ་དུ་བཀྲམ་བྱུང་། སྙིང་ཉེ། རྫོང་ཁུལ་འདི་ནི་ཆུང་ཆུང་ཞིག་མིན་པར་གྲོང་ཁྱེར་ཆེན་པོ་ཞིག་དང་འདྲ་བྱུང་། ང་རང་མགྲོན་ཁང་དུ་འགྲོ་འདོད་མ་བྱུང་། སྲང་བར་གྱི་གློག་སྒྲོན་འོག་ནས་ང་རང་ཆུ་འགྲམ་ཞིག་བརྒྱུད་ནས་ཁེར་མར་སོང་བ་ཡིན། སྣང་བ་ཞིག་ལ་ཁྱེད་རང་ཆུའི་ཕ་རོལ་གྱི་ཁང་བརྩེགས་དེའི་ཁང་མིག་ཅིག་ཏུ་ཡོད་པ་འདྲ། གང་ལྟར། མཚན་ལྗོངས་དང་ལྷིང་འཇགས་ཀྱིས་ང་ལ་ཡང་བསྐྱར་ཁྱེད་རང་ཐག་ཉེ་ཞིག་ན་ཡོད་པའི་ཚོར་ངད་བསྐྲུན་བྱུང་།

     སྙིང་ཉེ། ངས་མུན་རུབ་རྗེས་ཀྱི་མཚན་ལྗོངས་ཙམ་ལ་ཡང་ངོ་ཡ་ལོན་གྱི་མི་འདུག

     སྙིང་ཉེ། ང་སྡུག་སླ་བ་ཞིག་ཡིན་ཡང་། དགའ་སླ་བ་ཞིག་ལར་ནས་མིན། ཡིན་ནའང་། ཁྱེད་རང་ཡོད་མེད་ཚོར་མི་ཐུབ་པའི་སྣང་བའི་བར་ནས། ད་ལྟ་ང་རང་ཧ་ཅང་སྡུག་པ་དེ་འདྲ་ཡང་རེད་མི་འདུག གང་ལྟར། ངའི་སེམས་ངོར་བཤད་མི་ཤེས་པའི་ཚོར་བ་ཞིག་འདུག ཚོར་བ་དེ་ནི་ཁྱེད་དང་འབྲེལ་བ་ཤ་སྟག་རེད།

    སྙིང་ཉེ། དོན་ངོ་མར་ཁྱོད་ཀྱིས་ང་རང་མི་གཏོང་བ་ཡིན་ནམ། ཡང་ན་ང་རང་གིས་ང་རང་མི་གཏོང་བ་ཡིན།

     སྙིང་ཉེ། མི་ཞིག་མི་གཅིག་ལ་སེམས་པའི་སྦུབས་ནས་དགའ་བ་ནས་བཟུང་། དགའ་མཁན་གྱི་མི་དེས་ཕམ་ཁ་ཁུར་ངེས་ཅན་ཡིན་པ་འདྲ། ཡིན་ནའང་། ཕམ་ཁ་དེ་ཕམ་ཁ་དང་འདྲ་པོ་མི་འདུག ཕམ་ཁ་ལ་ལ་ནི་མི་ལ་མཁོ་བའི་ཕམ་ཁ་རེད། རྒྱལ་ཁ་ཐམས་ཅད་ཀྱང་མི་ཞིག་ལ་མཁོ་ངེས་ཅན་མིན་པ་འདྲ། མི་ཞིག་འཇིག་རྟེན་ནས་ནམ་ཡང་རྒྱལ་བ་ཡང་དཔེ་མི་སྲིད་པས། དེ་བས་ཁྱོད་ལ་ཕམ་ན་དགའ་བ་ལ་་་་་་།

    སྙིང་ཉེ། ང་མི་རྗེས་འབྲངས་མྱོང་། མི་ངའི་རྗེས་འབྲངས་མྱོང་། ལག་པ་སྙིང་གར་བཞག་ནས་ཞིབ་ཀྱིས་བསམ་ན། ཐམས་ཅད་འོས་པ་རེད་ཨང་།
         2021ལོའི་ཟླ8ཚེས28ཉིན།  ལས་ཁུངས། བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་།
                                       
 རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease