ཁ་བྱང་མེད་པའི་འཕྲིན་པ།

    ཆོས་རྒྱལ་ཟླ་བ།


ཁ་བྱང་མེད་པའི་འཕྲིན་པ། 

                འདབ་ལྡན་མ་ལ་བྲིས་ཐོར་བྱུང་དུ་བྲིས།
                           ཆོས་རྒྱལ་ཟླ་བ། བྲག་འགོ།



        ཁྱེད་རང་ངོ་ཤེས་པ་ནས་ད་ལྟའི་བར་ཏག་ཏག་ཉིན་ཞག་ང་གཅིག་ལོན་འདུག  ཉིན་ཞག་འདི་དག་ལ་ངས་ཁྱོད་ཀྱི་ཕྱོགས་སུ་བསམ་བློ་འཁོར་བ་ཉུང་ཉུང་ག་ལ་ཡིན། འགྲོ་ཆག་ཉལ་འདུག་དང་ཐ་ན་རྨི་ལམ་དུའང་ལན་མང་དུ་འཁོར་མྱོང་། ཁྱོད་ལ་དེ་འདྲའི་ཚོར་བ་གང་ཡང་བྱུང་མེད་ཀྱང་སྲིད་མོད་དེ་ནི་ང་ལ་མཚོན་ན་སྐྱོན་ཅི་ཡང་མེད། ཐོག་དང་བོ་ངས་ཁྱོད་ལ་དྲ་འབྲེལ་བྱེད་དུས་དམིགས་བསལ་གྱི་དོན་དག་ཅི་ཡང་མེད་ལ་དགོང་མོ་དེར་ངས་གྲོགས་པོ་ཤིག་གིས་ལག་འདུག་རྒྱུ་མེད་པར་དྲ་འབྲེལ་བྱས་སོང་། དགོང་མོ་དེར་ཁྱོད་ཀྱིས(ཁོ་ཧླེ་གང་མཆོད།[咖啡]) (ག་ལ་ག་ལ ངོ་སྤྲོད་ཅིག་གནངས་རོགས)ཞེས་གུས་ཚིག་དེ་ཚོས་ང་ལ་ཁྱོད་ནི་ངའི་རྨི་ལམ་ནང་གི་ལྷ་མོ་དེ་ཡིན་པའི་སེམས་ཚོར་དྲག་པོ་ཞིག་སྐྱེས་སུ་བཅུག་སོང་། དགོང་མོ་དེ་ནས་བཟུང་ངས་ཁྱོད་ཀྱི་འགྲོ་འདུག་མིག་གིས་འཚོ་འགོ་བརྩམས་པ་ཡིན། འདབ་ལྡན་མ། རིམ་བཞིན་ང་ཁྱོད་ཀྱི་ཉེ་སར་བཅར་ན་འདོད་པའི་བསམ་བློ་ཞིག་ངང་གིས་འཁོར་བས་ནམ་ཞིག་ཡིན་པ་མི་ཤེས་པར་སློབ་གྲོགས་དངོས་གྲུབ་དང་འགྲོགས་ཏེ་ཁྱོད་ཀྱི་གམ་ལ་ཐོག་དང་བོ་བཅར་བ་ཡིན། དེ་ནི་མི་ཚེ་འདིར་བུ་མོ་ཞིག་གིས་ཡིད་སེམས་འགུག་ནས་ཆེས་ཐོག་མ་བུ་མོ་དེའི་གམ་དུ་བཅར་བ་ཡིན་སྣང་འདུགདུས་དེ་ནས་བཟུང་ང་ནི་སྦྲང་བུ་རྒྱ་ལ་བཅུག་པ་ལྟར་ལུས་ངག་ཡིད་ཀྱི་སྒོ་མོ་ཐ་དག་ཁྱོད་ཀྱི་ཕྱོགས་སུ་འཁོར་དགོས་བྱུང་། ཁྱོད་ཀྱི་གུ་ཡངས་པའི་གཤིས་ཀ་དང་གནག་ཅིང་སྣུམ་པའི་སྐྲ་ལོ། ཡིད་དབང་འགུག་པའི་མིག་ཟུང་། ལྷོད་ཅིང་འཇམ་པའི་འགྲོ་ལུགས་དེས་བདག་གི་གཏན་འཇགས་ཀྱི་རང་གཤིས་རྨང་ནས་རྫོགས་ཤིང་རྩ་བ་ནས་བཅོམ། མི་ལོ་ཉི་ཤུའི་བར་དུ་ངའི་དཀའ་སྡུག་གི་འཚོ་བ་དང་འབད་འབངས་ཀྱི་སློབ་གཉེར་གྱི་ལམ་ཀ་ནས་ཁྱེད་དང་འདྲ་བའི་བུ་མོ་ཞིག་འཕྲད་མྱོང་བ་ཇི་ལྟར་བསམ་ཡང་དྲན་རྒྱུ་ཡེ་ནས་མ་བྱུང་། སྐད་ཆ་འདི་ནི་སྐྱེས་པ་ཕལ་མོ་ཆེས་བུ་མོ་ཚུར་འགུག་སླད་རྒྱུན་དུ་བཤད་རྒྱུ་དགའ་བའི་རྫུན་གཏམ་ཞིག་ཡིན་པ་ངས་ཤེས་ཡོད་མོད། ང་ནི་དེ་ལས་ལྡོག་སྟེ་དངོས་ནས་འཕྲད་མ་མྱོང་བ་འདྲ། དེའང་ཡིན་ངེས་ཏེ་ང་ནི་ཆུང་དུས་ནས་བཟུང་ཕལ་བའི་ཁྱིམ་ཚང་ཞིག་ནས་ནར་སོན་ཞིང་བརྗོད་མི་ཚར་བའི་དཀའ་སྡུག་གང་མང་ཞིག་མྱོང་ཡོད་པའི་མི་བུ་སྐྱེས་མ་ཞིག་ཡིན། དཀའ་སྡུག་དེ་ཚོས་ང་རང་འཇིག་རྟེན་ལ་ཞེན་པ་ལོག་ཏུ་བཅུག་སོང་།མཚམས་ལན་རེར་འཇིག་རྟེན་དུ་གསོན་རྒྱུའི་རེ་བའང་མེད་པར་གྱུར་མྱོང་། ཡིན་ནའང་ཆུང་དུས་ནས་ལམ་རིམ་བློ་སྦྱོང་སོགས་དང་དམ་པའི་ལྷ་ཆོས་ཕྱོགས་སུ་ཅུང་གོམས་ཡོད་པས་མི་ལུས་ཐོབ་པར་དཀའ་བའི་ངེས་ཤེས་ཡིད་ལ་དམ་པོར་ཡོད་སྟབས་གསོན་རྒྱུའི་རེ་བ་རྩ་བ་ནས་དོར་མ་མྱོང་ལ་འདོར་ཡང་མི་སྲིད། ང་ནི་ལས་དབང་ལ་ཡིད་ཆེས་ཤིང་མགོ་བོ་སྒུར་མི་ཤེས་མཁན་ཞིག་ཀྱང་ཡིན་པ་འདྲ། ད་ལན་ནི་ལས་དབང་གིས་ཉིན་ཞག་ཀུན་ཏུ་ང་ལ་མནར་གཅོད་ཚད་མེད་ཅིག་བཏང་སོང་། ཁོག་གི་སྙིང་དང་མཆན་པའི་གསེང་དུ་ཁྱོད་ཉིད་ཁོ་ན་རླུང་རྒྱུ་རྒྱུ་བྱེད། 
 

          དྲང་མོར་བཤད་ན་ང་ནི་མི་སྡུག་རྐྱ་ཞིག་ཡིན་ཁོ་ཐག་རེད། རྒྱུ་མཚན་ནི་ང་རང་སྐྱེས་ནས་བཟུང་དེ་མི་ཞིག་ལ་ད་ཐེངས་མ་གཏོགས་འདི་འདྲ་ཞིག་དགའ་མ་མྱོང་། ཉེ་ལམ་ངའི་དཔེ་ཆ་ཞིག་བལྟས་པ་ཡིན་དཔེ་ཆ་དེའི་ནང་ལ་ཚིག་འདི་འདྲ་ཞིག་འདུག ༼མངོན་ཆུང་གི་ང་ནི་བདེ་སྐྱིད་ལའང་སྐྲག་སྟེ། འཇམ་བལ་དང་བདེ་སྐྱིད་ཀྱིས་ང་ལ་རྨ་ཁ་བཟོས།༽ཚིག་འདི་ནི་ཇི་འདྲའི་སྐྱོ་སྣང་ཅན་ཞིག་རེད་ཨང་། ང་ངའང་དེ་བཞིན་རེད། ངས་ཁྱོད་དང་འཕྲད་པ་ནི་བདེ་སྐྱིད་ཅིག་ཏུ་བསྒོམས་ཡོད་མོད། བདེ་སྐྱིད་དེས་ང་ལ་རྨ་ཁ་ཞིག་བཟོ་ཡོང་བའི་དོགས་པ་སྐྱེས་མྱོང་ཡོད། ཡང་གཅིག་བྱས་ན་དེ་འདྲ་མིན་ཡང་སྲིད། གང་ལྟར་ཁྱོད་ནི་ངའི་སེམས་ནང་གི་བདེ་སྐྱིད་དེ་ཡིན་པ་ཐེ་ཚོམ་དང་དོགས་པ་སྐྱེ་མི་དགོས། ད་དུང་ཁྱོད་དང་འབྲེལ་བ་ཇེ་ཟབ་དུ་གཏོང་ཆེད་ངས་ངོ་ཚ་རྒྱབ་ཏུ་བཞག་སྟེ་མི་ཚེ་འདིའི་ཆེས་ཐོག་མའི་ལེགས་སྐྱེས་དེ་ཁྱོད་ལ་འབུལ་ཡོད། ལེགས་སྐྱེས་དེ་ནི་ཅ་ལག་རང་ངོས་ནས་རིན་གོང་ཧ་ཅང་དམའ་ཡང་ངའི་སེམས་ལ་གོ་ས་མཐོན་པོ་ཞིག་བཟུང་ཡོད་པ་ཁྱོད་ཀྱིས་ཤེས་མེད་ཀྱང་སྲིད་ལ་ཡང་གཅིག་བྱས་ན་ཤེས་ཡོད་ཀྱང་སྲིད།  
 

         ད་ཐེངས་གཟའ་མཇུག་ལ་ཁྱོད་ཀྱི་དྲ་རྒྱབ་ཏུ་བཞག་པའི་ཚིག་དེ་ནི་སུ་ལ་བྲིས་པ་ཡིན་མིན་མི་ཤེས་མོད། ཨོ་ལོ་ངའི་སེམས་ལ་ཁྱོད་ཀྱིས་ང་ལ་བྲིས་པ་ཡིད་ཆེས་གཏན་པོ་བྱུང་སོང་། རྒྱུ་མཚན་ནི་ངས་ཁྱོད་ལ་ཉེ་ལམ་དེ་དང་འདྲ་བའི་རྩོམ་ཞིག་བྲིས་ཡོད་པས་ཡིན། འུ་གཉིས་ཀྱི་བརྗོད་བྱ་གཅིག་པ་གཅིག་རྐྱང་རེད་འདུག ད་དུང་ཆེས་མཇུག་མཐའི་ཚིག་རྐང་དེ་ནི་གཅིག་ཏུ་སྣང་།ཧ་ཧ་འཕྲིན་ཡིག་འདི་ཀློག་ནས་མཚམས་འདིར་སླེབས་དུས་ཁྱོད་རང་དགོད་ཀྱི་ཡོད་ངེས། ཡང་མིན་ན་ངུ་བཞིན་ཡོད་ངེས། ངུ་མི་སྲིད། གང་ལྟར་ཁྱོད་ལ་ཚོར་བ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ང་ལ་ཡིད་ཆེས་ཡོད།   རྒྱུགས་མ་བླངས་གོང་དུ་ཁྱོད་ཀྱིས་དཀའ་སྤྱད་ངང་བྲིས་པའི་སྐད་བརྡ་རིག་པའི་ཟིན་བྲིས་དེ་ང་ལ་གཡར་བའི་མཚན་མོ་དེར་ངས་གློག་སྒྲོན་འོག་ནས་མགོ་ནས་མཇུག་བར་དུ་ཚར་གཅིག་བལྟས་པ་ལ་དུས་ཚོད་ཇི་ལྟར་བུད་སོང་བའང་མ་ཤེས། ངས་མྱུར་མོར་ཟིན་བྲིས་ཁྱོད་ལ་ཕྱིར་སྤྲོད་ཆེད་ཐེངས་འགའ་ལ་བལྟས་ནས་ཕྱིར་སྤྲད་དུ་ཡོང་བ་ཡིན། མངོན་ཆུང་བའི་ང་ལ་མཚོན་ན་བུ་མོ་ཚོ་དང་ཉེ་བར་བཏུད་རྒྱུ་ནི་ཧ་ཅང་མ་གོམས་པའི་བྱ་བ་ཞིག་རེད། ཡིན་ནའང་ཁྱོད་དང་ཉེ་བར་བཅར་དུས་ང་ལ་ཚོར་བ་དེ་ཡེ་ནས་མེད་པ་ལྟར་སྣང་། རྒྱུགས་ཆུང་ལེན་པའི་སྐབས་དེར་ང་ཁྱོད་ཀྱི་གམ་དུ་བསྡད་པའི་དུས་ཚོད་སྐར་ཆ་རེ་རེ་ནི་བདེ་སྐྱིད་ཅིག་ཡིན་པ་སུས་ཤེས་སྲིད། ད་དུང་ཉེ་ལམ་གྱི་མཚན་མོའི་རྨི་ལམ་དུ་རྒྱ་སེ་མེ་ཏོག་ལྟ་བུའི་ཁྱོད་དང་ལན་མང་དུ་འཕྲད་ཅིང་། ངས་ཨུ་ཚུགས་ངང་རྨི་ལམ་དེ་དག་ཡུན་རིང་དུ་བསྐྱེད་ཅི་ཐུབ་དང་རྨི་ལམ་དེ་དག་ལས་གཏན་དུ་མི་སད་པའི་རེ་བ་ཡང་ཡང་བཏོན། ཧ་ཧ་ཧ་་ང་ནི་དངོས་ནས་ཁྱོད་ཀྱིས་བཤད་པའི་ཨོ་ལོ་དེ་ཡིན་ནམ་ཁྱོད་ལ་དགའ་བའི་ཉི་ཤུའི་ན་གཞོན་དེ་ཡིན། 
 

       ངས་ཡིད་དུ་དབང་བའི་སྙན་ངག་རེ་རེ་ཁྱོད་ཀྱི་ཕྱོགས་སུ་འབྲི་ན་འདོད། ངས་བརྗོད་མི་ཚར་བའི་གཏམ་རྒྱུད་རེ་རེ་ཁྱོད་དང་མཉམ་དུ་འབྲི་ན་འདོད། ངས་གླེང་མི་ཤེས་པའི་མ་འོངས་པའི་ཀྱག་ཀྱོག་གི་ལམ་ཆེན་ཁྱོད་དང་འགྲོགས་ནས་བརྒལ་ན་འདོད།  གལ་ཏེ་མི་ཚེ་ནི་བརྩམས་སྒྲུང་ཞིག་ཡིན་པའི་དབང་དུ་བཏང་ན་གནས་འདི་ནས་ཁྱོད་དང་འཕྲད་པ་ནི་བརྩམས་སྒྲུང་འདིའི་ཆེས་མཛེས་སྡུག་ལྡན་པའི་ཚན་པ་དེ་ཡིན་ངེས་ཅན་རེད།  མཚམས་འདིར་སླེབས་དུས་ངས་ཁ་ཞེ་གཉིས་མེད་ངང་ཁྱེད་ལ་སྙིང་ཉེ་བའི་འདབ་ལྡན་མ་ཞེས་འབོད་ན་འདོད། དེ་འདྲ་བོས་ན་ཆོག་གམ།སྙིང་ཉེ་བའི་འདབ་ལྡན་མ་ལགས། ང་དོ་དགོང་ནས་བཟུང་སྟེ་ཁྱོད་ཀྱི་ནུ་བོ་མིན་པར་ཁྱོད་ལ་སྲུང་སྐྱོབ་བྱེད་མཁན་གྱི་ཉི་ཤུའི་ན་གཞོན་ཞིག་བྱེད་ན་འདོད། ང་ལ་ཆོག་མཆན་ཡོད་པར་མཁྱེན།  ངས་ཁྱོད་ཀྱི་མིག་ཟུང་ལས་བརྗོད་མི་ཚར་བའི་གཏམ་རྒྱུད་གང་མང་ཞིག་བརྡོལ་གྱིན་ཡོད་པའི་ཚོར་བྱུང་། དེ་འདྲ་ཞིག་ཡིན་ནམ། ཁྱོད་ཀྱི་འདས་སོང་གི་བྱིས་དུས་ནི་ཇི་འདྲ་ཞིག་ཡིན་པ་ངས་མི་ཤེས་མོད། མ་འོང་གི་ལམ་ཀ་ནི་ངས་ཁྱོད་དང་འགྲོགས་ནས་མཉམ་དུ་བརྒལ་ན་འདོད། ཟས་ཁམ་གང་ཡོད་ཀྱང་མཉམ་ཟ་དང་། སྡུག་ཅུང་ཙམ་ཡོད་ཀྱང་མཉམ་དུ་མྱོང་ན་འདོད། དེ་ནི་ཇི་འདྲའི་རླབས་ཆེ་བའི་བརྩེ་དུང་ཞིག་རེད་ཨང་། ད་དུང་མང་བོ་མང་བོ་ཞིག་འབྲི་འདོད་ཀྱང་ད་ནི་མང་དུ་དྲགས་པས་འདི་ཙམ་གྱིས་ཆོག་པར་ཞུ། ལྷག་མ་རྗེས་ནས་འབྲི་ངེས།  ངས་བརྗོད་པར་འདོད་པའི་སྐད་ཆ་མང་བོ་གོང་དུ་ཇི་བཞིན་དུ་བྲིས་ཡོད། ད་ནི་མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཡིན།   ད་ལྟ་ངའི་མིག་མཐའ་རུ་མཆི་མ་འཁྱིལ་འདུག མཆི་མ་རྡོག་གཅིག་ཁ་པར་ངོས་སུ་ཟེགས་སོང་།
              ༢༠༢༡--༢༠  

                   རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease