གྲྭ་རྐྱང་གི་ལམ་བུ།

    རྩོམ་པ་པོ། སེར་སྐྱེས་སྡོང་བུ།


གྲྭ་རྐྱང་གི་ལམ་བུ།

 
            སེར་སྐྱེས་སྡོང་བུ། ཆབ་མདོ།
 
       ང་ནི་ལམ་གྱི་ཟུར་དུ་བཞད་པའི་མེ་ཏོག་དཀྱུས་མ་དེ་ཚོ་དང་འདྲ་བར། གཞན་ལ་འགྲན་ནུས་པའི་ཡིད་འོང་གི་མཛེས་སྡུག་གམ་ཁྱད་ཆོས་གང་ཡང་མེད་ལ། མི་ཚོའི་མཐོང་ལམ་དུ་ཡོད་པའི་ཉམ་ཆུང་ནུས་མེད་ཅིག་ལས། བཙལ་ན་རྙེད་པར་དཀའ་ཞིང་བཙོང་ན་རིན་གོང་ཅན་དེ་ང་རང་མ་ཡིན། བདག་ནི་དགའ་སླ་ཞིང་ངུ་ཡང་སྐྱེན་པའི་ཆེས་དཀྱུས་མའི་ཁྲོད་ཀྱི་དཀྱུས་མའམ། ཆེས་ཕལ་བའི་ནང་གི་ཕལ་བ་དེ་ཡིན་པ་བདེན་མོད། རེད་དེ། ངའི་རེ་འདོད་ཀྱི་རྐང་པ་འཇོག་སའི་ལམ་བུ་འདི་ཕལ་བའི་ལམ་བུ་ཞིག་ག་ལ་ཡིན་ཏེ།  འདི་ནི་ཤེས་རབ་ཀྱི་འོད་ཟེར་གངས་རའི་ཁྲོད་ན་ཁྱབ་པའི་སྔོན་བྱོན་གྱི་རིག་རྒོད་གྲངས་ཀྱིས་མི་ལོང་བ་ཚོའི་ཚེ་སྲོག་དང་དངུལ་ཆུ་ཡིས་བསྐྲུན་པའི་ལམ་བུ་ཞིག་དང་། རིགས་པའི་གཏན་ཚིགས་ཁྲི་མ་འབུམ་གྱིས་གཏན་ལ་ཕབ་པའི་ནོར་བུའི་བང་མཛོད་ཅིག་ཀྱང་ཡིན་པས་སོ།།
 
       ང་ནི་ཁེར་རྐྱང་གི་ལམ་དུ་ཡོད་པས། དུས་རྒྱུན་ཁེར་རྐྱང་གི་རྣམ་པ་ཅུང་ཟད་སྟོན་གི་ཡོད་ན་ཡང་། དེ་དག་ནི་ངའི་ཕྱི་ངོས་ཀྱི་རྣམ་པ་ཙམ་ལས། ང་ལ་ཡང་། འཇིག་རྟེན་འདི་ནས་ཆེས་ཟབ་པའི་བརྩེ་བ་དང་། རེ་བ། ཡིད་ཆེས། རོགས་རམ་བཅས་ཀྱི་དར་ཆ་མཁའ་རུ་འཕྱར་བཞིན་པའི་ཕ་མ་དང་དགེ་རྒན། གཉེན་ཉེ་དང་། གྲོགས་པོ་སོགས་མི་ཉུང་བ་ཞིག་ཡོད་སྟབས། ང་རང་ཁེར་རྐྱང་གི་ལམ་བུ་འདི་ནས་ཁེར་རྐྱང་གི་ཚོར་སྣང་དེ་འདྲ་ཞིག་མེད་པར་མ་ཟད།  ལམ་བུ་འདི་ནས་ཕུགས་འདུན་འཚོལ་མཁན་གྱི་དཔྱོད་ལྡན་གཤིས་བཟང་བ་ཡོངས་རྫོགས་ངའི་གྲོགས་པོའམ་ལམ་རོགས་རྐྱང་རྐྱང་ཡིན་ཞིང་། མཚར་སྡུག་འོད་སྟོང་འབར་བའི་གཞུང་ལུགས་ཀྱི་བསྟན་བཅོས་རེ་རེ་ངའི་ལམ་བུ་གསལ་བའི་སྒྲོན་མེ་དེ་ཡིན་པས། ང་ལ་ཁེར་རྐྱང་ལམ་ཁ་འདི་ནས་ཁེར་རྐྱང་གི་ཚོར་བ་སྐྱ་བོ་དེ་ལས་ལྡོག་སྟེ་ཚོན་མདོག་རྣམ་པར་བཀྲ་བའི་མི་ཚེ་ཞིག་ཡོད་དོ།།
 
       ངའི་ལམ་བུ་འདི་ལ་ཡིད་སྨོན་ཤོར་མཁན་དང་བསྔགས་བརྗོད་བྱེད་མཁན།  འཚང་ག་རྒྱག་མཁན་ནི་ནམ་མཁའི་སྐར་མ་ལྟར་དུ་ཤིན་ཏུ་མང་ཞིང་། ཟུར་ཟ་དང་། ཕྲག་དོག། མཚང་འབྲུ། དགག་པ་གཏོང་མཁན་ཡང་འགའ་ཞིག་ཡོད་ལ།  ཡོད་ཀྱང་མི་སྲིད་བ་མིན་ཏེ། མི་བུ་སོ་སོའི་རིན་ཐང་གི་ལྟ་བ་དང་། མཛེས་དཔྱོད་ཀྱི་ལྟ་བ། རེ་འདུན་དང་ལངས་ཕྱོགས་སོགས་མི་འདྲ་བ་ཡིན་པའི་སྟོབས་ཀྱིས། མི་འདྲ་བ་དེ་ལ་མི་འདྲ་བ་ཞིག་ལས། གཅིག་ཏུ་ཡོང་མི་སྲིད་བ་ནི་དངོས་པོའི་ཆོས་ཉིད་རང་རེད། གལ་སྲིད་ང་ཚོར་སྐྱོན་དང་ནོར་འཁྲུལ་ཡོད་ན། ང་ཚོས་སྐྱོན་ལ་སྐྱོན་གྱིས་ཡོ་བསྲང་དགོས་པ་ལས། སྐྱོན་ལ་སྐྱོན་གྱིས་སྦས་སྐུང་བྱེད་ག་ལ་རུང་།  ཁོ་ཚོ་ཕལ་མོ་ཆེ་ནི་ལམ་བུ་འདི་རུ་རྐང་པ་འཇོག་མྱོང་མེད་པ་དང་། ཁ་ཤས་ཤིག་ལམ་འགོ་ནས་མཇིང་པ་རིང་རིང་བྱེད་པའི་སོ་ལྟ་བ་འགའ་ཞིག་རེད།  ཡང་ལ་ལ་ཞིག་ལམ་ཕྱེད་ནས་ཕྱིར་ལོག་བྱེད་མཁན་གྱི་ཉམ་ཆུང་ནུས་མེད་འབའ་ཞིག་ལས་ཅི་ཡང་མ་ཡིན།  ཁོ་ཚོས་ཚད་མར་འཛིན་ཡུལ་དང་ཡིད་རྟོན་བྱེད་ས་ཡང་ལམ་ཕྱེད་ཀྱི་ཕྱིར་ལོག་བ་འབའ་ཞིག་གི་སྐད་ཆ་ཉག་གཅིག་རེད། འོན་ཀྱང་། ཁོ་ཚོའི་མཐོང་ཐོས་དང་ལམ་གྱི་སྣེ་མོ་ན་ཡོད་པའི་མི་ཚོའི་མཐོང་ཐོས་རྦད་དེ་ཁ་ཁ་རེད་ལ། བཤད་རྒྱུན་ཡང་རྩ་བ་ནས་མི་འདྲ་བ་ཞིག་རེད།  དེ་ཡང་ཡིན་སྲིད་དེ། དོན་ལ་གཅིག་ལས་མ་འདས་ཀྱང་། རྒྱང་ཐག་རིང་ཐུང་གཉིས་ཀྱི་མིག་ཤེས་ལ་གསལ་དང་མི་གསལ།   ཕྲ་རགས་ཀྱི་སྣང་ཚུལ་སོགས་མི་འདྲ་བ་ཡོང་སྲིད་པ་ནི་ང་ཚོའི་ཉམས་མྱོང་གིས་གྲུབ་པས། དེ་ལ་རྒྱུ་མཚན་མང་པོ་ཞིག་མ་བཀོད་ན་ཡང་། ང་ཚོས་བློ་གཟུར་གནས་ཀྱིས་འདང་ཞིག་བརྒྱབ་ན་ཤེས་ནུས་པ་ཞིག་ལས་མ་འདས། གལ་སྲིད་ངས་ཀྱང་ཁོ་ཚོ་ནང་བཞིན་རྟགས་དང་རྒྱུ་མཚན་གང་ཡང་མེད་པར་ཁོ་ཚོའི་སྐད་ཆ་འབའ་ཞིག་ལ་ཡིད་རྟོན་བྱས་ན།  ང་ནི་བླུན་པོ་ཁྱི་སྣ་གང་འཁྲིད་ཅན་ཞིག་ཡིན་ཟེར་ཀུན་གྱི་མདུན་ནས་མ་བསྐུལ་དང་དུ་བླངས་ཤིང་། རང་ལ་ཡོད་པའི་བསམ་གཞིག་གི་ཀླད་པ་དེའང་ནུས་མེད་རྡོག་རོལ་ཏུ་བཏང་བཞག་པ་མ་ཡིན་ནམ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། ངང་རྒྱུད་རིང་པོས་གནས་ལུགས་སམ་གཏན་ཚིགས་ཡང་དག་ཞིག་དང་མ་འཕྲད་བར་དུ་སྡོམ་ཚིག་བཀོད་པ་ནི་ཧ་ཅང་སྔ་དྲགས་འདུག།
 
       ང་རང་ཟང་ཟིང་གི་སྤྱི་ཚོགས་ཤིག་ནས་ལྷིང་འཇགས་ཀྱི་རི་གྲོང་ཞིག་ལ་ཕྱིན་ཀྱང་། ནང་སེམས་ཀྱི་འཇིག་རྟེན་ལ་ཕྱི་དངོས་ཀྱིས་བཙན་འཛུལ་དང་འཇབ་རྒོལ།   བསླུ་བྲིད་སོགས་ཡང་ཡང་བྱེད་བཞིན་པའི་མཐུ་ཡིས།  རྨས་སྐྱོན་ཤོར་བ་སེམས་པ་འདི་ཉིད་སྙི་མོ་ནས་སྙི་མོ་རུ་གྱུར། རེད་དེ། བདག་ལ་བཀའ་དྲིན་བརྗོད་དུ་མེད་པའི་དྲིན་ཆེན་ཕ་མ་གཉིས་པོས་ཕ་ཡུལ་གྱི་རི་རྩེ་ཞིག་ནས་ངའི་བདེ་སྡུག་ལ་རྒྱང་ལྟ་བྱེད་བཞིན། ཁོ་བོའི་འདས་མ་ད་གསུམ་ལ་རྣ་བ་ཀྲོང་ཀྲོང་གིས་ཉན་རྣ་བྱེད་ཀྱིན་ཡོད་པ་དང་།  མཁྱེན་རྒྱ་མཁའ་ལྟར་ཡངས་ཤིང་ལྷག་བསམ་གངས་རི་ལས་དཀར་བའི་བརྩེ་བའི་དགེ་རྒན་གྱི་བསླབ་བྱ་དང་སློབ་གསོ་ཡིས། ངའི་ནང་སེམས་ཀྱི་ས་བོན་ལ་ཆར་ཆུ་རྟག་ཏུ་གཏོར་བཞིན་པ་དང་། སྙིང་དང་འདྲ་བའི་གྲོགས་པོ་དང་གཉེན་ཉེ་ཚོའི་རེ་སྨོན་དང་ཡིད་ཆེས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བཞིན་ཡོད་པ་སོགས་ཡིད་ཀྱིས་ཚོར་ཐེངས་རེར། ཁོ་བོའི་ཚེ་སྲོག་དང་མི་ཚེ་ནི་རང་ཉིད་ཁོ་ནར་དབང་བ་མ་ཡིན་པ་ཤེས་རྟོགས་བྱུང་ཞིང་། རང་ཉིད་ཀྱིས་རང་ཉིད་ལ་རེ་བ་དང་ཡིད་ཆེས་བོར་ན། གཞན་གྱིས་རེ་བ་དང་ཡིད་ཆེས་གང་འདྲ་ཞིག་བྱས་ཀྱང་ཕན་པ་ཅི་ཡང་མེད་པ་ནི་གསལ་ལེར་ཤེས་ཀྱི་ཡོད་པས། ཁོ་བོས་ནམ་རྒྱུན་རང་ཉིད་དང་གཞན་པར་བཤད་དོན། "རང་ཉིད་ཀྱིས་རང་ཉིད་ལ་རེ་བ་དང་ཡིད་ཆེས་མེད་པ་དང་། རང་ཉིད་ཀྱིས་རང་ཉིད་ནམ་ཡང་དོར་བར་བྱ་མི་རུང"ཞེས་ཡང་ཡང་བཤད་བཞིན་ཡོད། ཁྱེད་ཚོ་ནི་ཁོ་བོ་དཀའ་ཚེགས་དང་འཕྲད་ཅིང་ཤིན་ཏུ་ངལ་དུབ་ཀྱི་སྐབས་སུ། སྐུ་ངལ་གསོ་སའི་རྒྱབ་རི་བརྟན་པོ་དེ་ཡིན་ཞིང་། ཁྱེད་ཅག་ནི་ཁོ་བོའི་ནང་སེམས་ལ་གས་ཆག་ཤོར་ཞིང་རེ་ཐག་ཆད་དུས་སུ། སྙིང་སྟོབས་དང་འགུལ་ཤུགས་སླར་ཡང་རྒྱས་སའི་དྭངས་གཙང་གི་ཆུ་མིག་དེ་ཡིན་པས། ངའི་མི་ཚེའི་བཞུད་ལམ་རིང་མོ་འདི་ནས། བདག་ཉིད་ཁྱེད་ཚོ་དང་ནམ་ཡང་མི་བྲལ་བར་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་དང་བརྩེ་བའི་འོད་ཟེར་གྱིས་རྟག་ཏུ་གཟིགས་པར་གསོལ་བ་ཡང་ཡང་འདེབས་པ་ལགས་སོ།།
                           རྩོམ་སྒྲིག་པ། འཕགས་མི།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease