མ་འོང་བར་ཡུལ་གྱར་བ་ཞིག་བྱ་ན་འདོད།

    རྩོམ་པ་པོ། ལྡེའུ་ནག


མ་འོང་བར་ཡུལ་གྱར
་བ་ཞིག་བྱ་ན་འདོད།
 

                               ལྡེའུ་ནག ཆབ་མདོ།


 

གཅིག

     མ་འོང་བའི་དུས་ཚོད་ཀྱི་ཁྲོད་ནས་ངས་ང་རང་ཕུགས་བསམ་གང་ཡང་མེད་པའི་ཡུལ་གྱར་བ་ཞིག་བྱ་ན་འདོད། དཀའ་སྡུག་ཁོ་ནའི་འདུ་འཛིའི་ཀློང་གི་མི་བུ་ཕལ་བ་ཞིག་ཏུ་སྐྱལ་འདོད་མི་འདུག དེ་བས་གུ་ཡངས་ཀྱི་འཚོ་བ་དང་འདྲེས་པའི་རྒྱང་རིང་རྒྱང་རིང་ཞིག་ཏུ་ཁེར་རྐྱང་གི་ཡུལ་གྱར་བ་ཞིག་བྱ་ན་འདོད། འདི་ནི་སུས་ཀྱང་བསམ་བློ་མིན་པར་རང་ཉིད་ལྷོད་འཇམ་གྱི་ངང་དུ་འཇམ་ཅག་གེར་སྡོད་དུས་སུ་རྙེད་པའི་སེམས་ཚོར་ཞིག་ཡིན། དྲན་སྣང་རི་རབ་ལས་སྟུག་པའི་འཁོར་བའི་ཁྲོད་ནས། དམིགས་ཡུལ་མང་པོ་ཞིག་གིས་ང་ལ་སུན་སྣང་གི་རླུང་འཚུབ་དྲག་པོ་ཞིག་ལྡང་འོང་གིན་འདུག དེ་བས་མུན་མཐའ་མེད་པའི་རི་གྲོང་ཞིག་ཏུ། ང་རང་ཡུལ་གྱར་བ་ཞིག་བྱ་ན་འདོད། 

 

གཉིས།

     འདོད་མོས་མེད་པའི་འཚོ་བ་ཞིག་བཙན་གྱིས་རོལ་བ་ལས། ལྷིང་འཇགས་ཀྱི་རྩྭ་ཐང་ཡངས་པོར་རྨི་ལམ་གསར་པ་ཞིག་རྨིས་ན་དགའ། བཟའ་བཏུང་གི་ཡོ་བྱེད་ལ་དཀའ་ངལ་ཆེ་ན་ཡང་མི་ཚེའི་རྐང་ལམ་ཕྲ་མོ་ལ་བདེ་སྐྱིད་ཀྱི་ཆར་ཐིགས་ཕབས་ནུས་ན་ཚེ་འདིའི་ཉིང་དགོས་མཐར་ཐུག་གི་ཉི་འོད་ལམ་ལམ་དུ་ཤར་བ་ཡིན། མི་ཚོགས་མང་པོ་ཞིག་སང་ཉིན་གྱི་ཆེད་དུ་རྒྱུགས་ཀྱིན་ཡོད་པ་རེད། ཡིན་ཡང་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་ནས་ཚེ་སྲོག་ལ་འོད་སྣང་མཆེད་ལའི་རེག་བྱ་འཇམ་པོ་ཞིག་མཐོང་མཁན་ནི་རེ་རེ་ཙམ་ལས་མ་འདས། དེ་བས་སང་ཉིན་ཁོ་ནའི་ཆེད་དུ་དེ་རིང་ལུས་སྲོག་དོར་བ་ནི། མཚན་གྱི་སྐར་ཚོགས་ཀྱི་གྲངས་ཀ་བརྩིས་པ་དང་འདྲ་བས། ནམ་ཡང་བདེ་སྐྱིད་ཀྱི་སྙིང་པོ་ཞིག་མཐོང་མི་སྲིད། དེ་བས་ལྷིང་འཇགས་ཀྱི་རྐང་ལམ་རིང་དུ་བརྒལ་ཏེ་ཕྱིར་བལྟས་མེད་པར་ཡུལ་གྱར་བ་ཞིག་བྱ་ན་འདོད། 

 

གསུམ།

     ད་ནི་དངོས་གནས་དཀའ་ངལ་ཆེ་སོང་། ཧ་ཅང་དཀའ་ངལ་ཆེ་སོང་། ཐལ་དྲག་པའི་འཚོ་བའི་རི་ལུང་ནས་ཤེས་བྱའི་འཇའ་ཚོན་ལག་ཏུ་ཟིན་ཐབས་མི་འདུག དེ་བས་ཚིག་ཚོགས་ཀྱི་དབུས་ན་མཛེས་སྡུག་གི་མེ་ཏོག་སྒོམ་ཞོར། བསིལ་རླུང་གི་རྒྱུ་བ་དང་འགྲོགས་ནས། སྣོད་བཅུད་ཀྱི་གཤིས་ཀ་ལས་མཐོང་བའི་གླུ་དབྱངས་བླངས་ན་དགའ་འདུག་འཇག་སྐྱ་སྤུར་བའི་ཤུགས་གླུ་ལ་ཉན་ན་དགའ་བར་ངེས། སྐད་ཅིག་མའི་སེམས་ཚོར་ལས་བྱུང་བའི་ཚོར་ཤེས་འདི་དག་ངས་བདག་པོ་རྒྱག་གི་མིན། གཏན་དུ་སྤྱུགས་རྒྱུ་ཡིན། ཡིན་ན་ཡང་།  ཡིན་ན་ཡང་། སྲེད་པའི་བག་ཆགས་ཀྱི་ས་བོན་འདི་སྟོབས་ཆེན་ཡིན་པས། བློས་བཏང་དཀའ་ཞིང་བརྗེད་དཀའ་བ་ཞིག་ཀྱང་རེད་འདུག་དེ་བས་འཚོ་བའི་ཡོ་ལང་གི་བར་ནས་སྐད་ཅིག་མའི་སེམས་ཚོར་འདི་དག་ངས་བདག་པོ་མི་རྒྱག་ཀ་མེད་ཞིག་རེད་ཨང་། རྣམ་རྟོག་གི་རབ་ཁ་ནས་ཐོན་ཡོང་བའི་ཚེ་སྲོག་ཕྲ་མོ་འདིའི་འགྱུར་བ་མཐའ་དག་ལ་སེམས་ཁྲལ་མི་བྱེད་ཀ་མེད་རེད། ཡིན་ཡང་ད་དུང་ང་རང་ཡུལ་གྱར་བྱ་རྒྱུའི་འདུན་མ་འདི་དུས་གཏན་དུ་བློས་བཏང་བྱེད་དཀའ་མོ་ཞིག་རེད་ཨང་། 

 

བཞི།

      ཡུལ་ཕྱོགས་འདི་ནི་རང་ཡུལ་དང་ཆ་འདྲ་བ་མང་ན་ཡང་། བདེ་སྐྱིད་ཀྱི་ཉི་འོད། ཚེ་སྲོག་གི་བདེ་དྲོད་སོགས་གང་ལ་བལྟས་ཀྱང་ཕ་ཡུལ་དང་འདྲ་ཐབས་མི་འདུག དཔེར་ན་བྱམས་ལྡན་ཨ་མ་ལྟ་བུའི་འཛུམ་ཞལ་རེ་རེ་ནི་སྐྱེ་བ་ཚེ་རབས་འདིའི་བར་སྟོང་ནས་མཐོང་དཀའ་བའི་འཛུམ་ཞལ་ཞིག་སྟེ། དེ་བས་ཕུགས་བསམ་གྱི་འཇའ་ཚོན་ལག་ཏུ་མ་ཟིན་ཀྱང་། དྲིན་ལྡན་ཨ་མའི་ཞལ་རས་དང་། ནང་སེམས་ནས་འབོར་ཆེན་གྱི་གྲོགས་པོ་དག་གི་བརྩེ་འདང་ལྷག་མ་འདི་དག་འགྱུར་མེད་ཀྱི་བརྩེ་བ་གསོན་པོ་དེའི་སྦུབས་སུ་སྦས་ཏེ། ང་རང་ཡུལ་གྱར་བ་ཞིག་ཏུ་གྱུར་ན་ཡང་། ཚེ་སྟོད་ཀྱི་འཚོ་བའི་འདུ་འཛིའི་ཀློང་ནས། ནང་སེམས་སུ་ཐིམ་པའི་གྲོགས་པོ་འདི་དག་དང་། ཡིད་དུ་འོང་བའི་ཕ་ཡུལ་གྱི་མཛེས་སྡུག་དེ་དག་དུས་ཀུན་ཏུ་སེམས་གངས་དཀར་གྱི་ཀློང་ནས་བརྗེད་དཀའ་ཞིང་དྲན་སླ་བ་ཞིག་ཀྱང་ཡིན་སྲིད། མ་གཞི་འཇིག་རྟེན་འདིར་སྐྱེས་པ་ནི་མགྲོན་པོ་ཞིག་ཡིན་པ་ལས་གཏན་དུ་འཚོ་སྡོད་བྱེད་པའི་གོ་སྐབས་ཀྱང་མེད་ལ་དུས་ཚོད་ཀྱང་མེད། འདི་དག་ལ་བསམ་ན་དམིགས་ཡུལ་མང་པོ་ཞིག་ལ་རེ་བ་སྣ་ཚོགས་པ་ཞིག་བཏོན་དགོས་དོན་མེད་ན་ཡང་། ཐོག་མའི་སེམས་ཀྱི་ཀུན་སློང་ལས་བྱུང་བ་འདི་དག་ནི་ཧ་ཅང་ཟློག་དཀའ་བ་ཞིག་ཅི་ལ་མིན་ཨང་། 

 

ལྔ།

      ཕྱིར་འོང་མེད་པའི་ལོ་ཟླ་འདི་དག་ཏུ་བདག་ཉིད་ཉིད་ནི་ཁུར་མོང་རླུང་གིས་ཁྱེར་བ་འདྲ་བའི་སྣང་ཚོར་ཞིག་བྱུང་སོང་། ཡང་སྐབས་ལ་ལར་ཕུགས་བསམ་སོགས་གང་ཡང་མེད་པའི་རླུང་བུས་བཅོམ་བཞིན་པའི་བར་སྣང་གི་སྐུད་པ་ཆད་པའི་ཤོག་བྱ་ཞིག་དང་འདྲ་བོར་ཆགས་ཡོད་པ་ཚོར། ཡིན་ན་ཡང་བདག་ཉིད་ལ་མགོན་པོ་གཅིག་ཡིན་པ་ཡོད་པ་ནི་རང་ཉིད་ཁོ་ན་ཡིན་པ་ནི་དྲང་སྲོང་བདེན་པའི་ཞལ་གྱིས་བཞེས་པ་ལྟར་བསླུ་བ་ཞིག་ཅི་ལ་ཡོད་སྲིད་ཨང་། གང་ལྟར་མག་མོག་དང་རབ་རིབ་འདྲ་བའི་འཚོ་གནས་འདི་ནས་རིང་དུ་གྱེས་ཏེ་མི་ཚོགས་མཐའ་དག དེ་རིང་མ་གཏོགས་ངོ་ཐུག་མ་མྱོང་བའི་ལྷིང་འཇགས་ཀྱི་ས་ཆ་ཞིག་ཏུ་ཡུལ་གྱར་བ་ཞིག་བྱེད་ན་འདོད་མོད། ཧེ་ཧེ།”ཡང་ལྷིང་འཇགས་”ལྷིང་འཇགས་”ཞེས་བཤད་བཞིན་འདུག་དོན་ངོ་མར་ལྷིང་འཇགས་ཟེར་བ་ཞིག་རྙེད་རྒྱུ་ཡོད་དམ། 

                        ༢༠༢༠/༡༢/༡༣/
                                      རྩོམ་སྒྲིག་པ། གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease