མཚན་མོ།

    རྩོམ་པ་པོ། འདྲ་ཡེ་ལྡན།


མཚན་མོ།

 
              འདྲ་ཡེ་ལྡན།
 
          དགུན་ཟླ་བཅུ་གཅིག་པའི་དུས་ཚིགས་ལ་ཁེལ་དུས།   མྱི་མང་བོ་ཞིག་ཁང་བའི་ནང་དུ་འཛུལ་ཏེ་ཕྱི་རུ་ཡོང་འདུན་མེད་པ་དང་།   ལག་འགོ་རུམ་ནང་བསྡུས་ཏེ་ཕྱི་རུ་བཏོན་འདོད་མེད།   ཕྱི་རོལ་དུ་གྲང་ཞིང་འཁྱག་པས་དང་དེ་ལས་ཀྱང་མཚན་གཞུང་གི་སྨག་རུམ་ནང་ཕྱི་རོལ་དུ་འཁྱམ་མྱུལ་འགྲོ་མཁན་ཡོད་མི་སྲིད།   ལུས་པོ་མལ་ཐུལ་གྱིས་གཏུམས་ཏེ་འདུག་ཡོད་པའི་མི་རྣམས་ནི་དེ་ལས་ཀྱང་འགྲོ་མི་སྲིད།  སྐབས་དེར།  རང་གི་ཁང་ཆུང་གྲུ་བཞི་མ་ནི་ཆེས་བདེ་འཇགས་དང་བདེ་སྐྱིད་ཀྱི་གནས་མལ་ཞིག་ཏུ་འདོད་ཀྱིན་ཡོད།   དེར་རྒྱུ་མཚན་དང་གཏན་ཚིགས་ཇི་ལྟར་བཀོད་ཀྱང་བསམ་བློ་གཞན་ཞིག་ཏུ་ཁྲིད་མི་ཐུབ།   ངས་མདང་དགོང་གྲོགས་པོ་འགའ་བོས་ཏེ་སློབ་གླིང་གི་ཕྱི་རོལ་དུ་སོང་བ་ཡིན།   ལམ་ལ་འགྲོ་ཞོར་བུད་ཤིང་སྒྲུག་སྟེ་ཆུ་མོའི་འགྲམ་ངོགས་ཤིག་ལ་མེ་སྒོང་བརྒྱགས་ཏེ་བསྡད།   ཆུ་མོའི་བཞུར་སྒྲ་ལས་གཞན་རི་བོ་དང་ནགས་ཚལ།    རྒྱང་རིང་ནས་ཐར་ཐོར་དུ་བཀྲམ་ཡོད་པའི་ཁང་ཁྱིམ་དང་ཁོར་ཡུག་ཐམས་ཅད་གཉིད་དུ་གཡུར་བའི་བྱིས་པ་ཞིག་དང་མཚུངས་པའི་ས་སྟོང་ཞིག་ཏུ་མེ་བུས་ཏེ།   འཁྱགས་པས་བསྡམས་པའི་རང་གི་རྐང་ལག་ཡིད་ཚིམས་པ་ཞིག་བསྲོ།   རྨི་ལམ་མ་ཡིན་པའི་རྨི་ལམ་ཞིག་ལ་ཡིད་འཁྲེང་སྟེ་ཡུད་ཙམ་ཅི་ཡང་མ་ཚོར་བར་ཧད་དེ་ལུས། །
 
          ལྷགས་རླུང་རབ་ཏུ་གཡུགས་པའི་ཆུ་མོའི་འགྲམ་ངོགས་སུ།   སེམས་ཀྱི་ཟབ་སར་གནས་པའི་བསམ་གཞིགས་རེ་རེ་བསྔོག་ཅི་ཐུབ་བྱས།  སྐབས་རེར་ཞེན་ཆགས་ཀྱི་ཀློང་དུ་ཐིམ་པའི་ཕ་ཡུལ་དང་མལ་ཐུལ་གྱི་འོག་ཏུ་སྔུར་བ་འཐེན་བཞིན་པའི་མི་ཞིག་དྲན།   གལ་ཏེ།  ཁོ་ཚོས་ང་འདི་ལྟར་མཚན་གཞུང་ས་སྟོང་ཞིག་ཏུ་མེ་སྒོང་གི་མཐའ་རུ་ཅི་ཞིག་ལ་བསམ་བློ་གཏོང་སྟེ་འདུག་ཡོད་ཚུལ་མཐོང་སོང་ན།   ང་ལ་གཤེ་གཤེ་དང་མིག་ལོག་འཕེན་ཏེ་སྨྱོན་པ་ཞེས་འབོད་སྲིད་ལ།   ཟུར་ཟ་དང་མཐོང་ཆུང་གི་རྣམ་པས་ཁྱོད་འཚོ་བའི་དཀའ་ངལ་དང་བརྩེ་དུང་གི་ཆགས་འཇིག   གྲོགས་མེད་ཁེར་རྐྱང་དུ་ལུས་པའི་མནར་གཅོད་སོགས་ཅི་ཞིག་བྱུང་བ་མིན་ནམ་ཞེས་ཟེར་སྲིད།   གང་ལྟར་ང་ནི་ནམ་ཡང་རང་ལ་དབང་བའི་འཇིག་རྟེན་དུ་བསྐྱོད་ངེས།  མ་གཞི་འཇིག་རྟེན་ནི་རིགས་ལམ་དང་གཏན་ཚིགས་ཀྱིས་གྲུབ་པ་ཞིག་གཏན་ནས་རེད་མི་འདུག་སྟབས།   ཁྱེད་ཀྱིས་འཇིག་རྟེན་འདི་གྲུ་གསུམ་དང་གྲུ་བཞི་གང་རུང་ཞིག་བཟོ་འདོད་པ་ནི་ཨུ་ཚུགས་ཤིག་མིན་ནམ།   འདི་ལྟར་ང་ཚོས་འཇིག་རྟེན་གྱི་མཛེས་སྡུག་དང་གསང་བ་རྣམས་མཐོང་བ་ལ་གེགས་བྱེད་ངེས།    ཆུང་རྒྱུ་མེད་ལ་ཆེ་རྒྱུ་ཞིག་ཀྱང་མེད་པའི་རང་གི་འཇིག་རྟེན་ལ་རང་ཉིད་ཀྱིས་མྱོང་རོལ་བྱེད་ཤེས་ན་ཅི་འདྲའི་ངོ་མཚར་དང་ལྡན་པ་ཞིག་ཡིན་ངེས་ཨང་། །
 
          ང་ཚོ་འཇིག་རྟེན་འདིར་ཡོང་དོན་ནི་རང་གི་རྨི་ལམ་མངོན་འགྱུར་བྱེད་ཕྱིར་དང་།   རང་གི་དགའ་ཕྱོགས་བརྩོན་ལེན་བྱེད་ཕྱིར་ཡིན་པ་ལས།  གཞན་ཞིག་གི་བཀོད་བསྒྲིག་དང་སུ་ཞིག་གི་རེ་འདོད་བསྒྲུབ་ཕྱིར་ཡོང་བ་མིན་ལ།   དེ་ལས་ཀྱང་གཞན་པའི་ཁེ་ཕན་དང་ལོངས་སྤྱོད་དུ་སྐྱེས་པ་མ་ཡིན་པས།  ང་ཚོ་ཅིའི་ཕྱིར་གཞན་ཞིག་གི་ཁ་འོག་དང་མིག་འོག་ལས་ཐར་མི་ཐུབ་པ་ཡིན་ནམ།   འཇིག་རྟེན་ནི་ང་ཚོ་ཐུན་མོང་ལ་དབང་བའི་གནས་མལ་ཞིག་ཡིན་སྟབས།  དེ་རུ་ཇི་ལྟར་འཚོ་བ་དང་ཅི་ཞིག་བསྒྲུབ་པ་ནི་རང་ཉིད་ཀྱི་གདམ་ཀ་དང་རང་ཉིད་ཀྱི་འདོད་པ་དང་བསྟུན་ན་ཅིས་མི་ཆོག  མེ་ཏོག་ལྡུམ་ར་ནང་མེ་ཏོག་སྣ་བརྒྱ་བཞད་པ་ལྟར་འཇིག་རྟེན་གྱི་མི་ཡང་དེ་ལྟར་ཡིན་འོས།   ཡོད་ཚད་མེ་ཏོག་པད་མ་ཡིན་དགོས་པའི་ཁྲིམས་ཐག་ཅིག་སུས་ཀྱང་བཅད་མེད།    ང་ཚོས་ཀྱང་རང་གི་ལྷན་སྐྱེས་ཀྱི་ནུས་པ་དང་དགའ་ཕྱོགས་བསྔོག་འདོན་བྱེད་དེ་རྡོ་རྗེ་ཕ་ལམ་གྱི་ངོས་གཅིག་ལྟ་བུ་འོད་སྣང་གིས་ཁྱབ་པར་བྱས་ཏེ་འཇིག་རྟེན་འདིར་རང་རྐྱ་ཐུབ་པའི་འཚོ་བ་ཞིག་རོལ་ན་ཅི་འདྲའི་མཛེས་སྡུག་དང་ལྡན་པ་ཞིག་རེད་ཨང་།  

          ང་ཚོས་སྒྲིག་ཁྲིམས་སྲུང་བ་ནི་སྒྲིག་ཁྲིམས་ལས་ཐར་ཕྱིར་ཡིན་ལ།  ང་ཚོས་སྡོམ་པ་སྲུང་བ་ནི་སྡོམ་པ་ལས་གྲོལ་བའི་ཕྱིར་ཡིན།   ང་ཚོས་གནས་སྐབས་གཞན་པས་ཅི་གསུངས་ལ་ལགས་སོ་ཞུ་བ་ནི་རྗེས་ཕྱོགས་ལགས་སོ་ཞུ་མི་དགོས་པའི་སྔོན་འགྲོའི་ཐབས་ལམ་ཞིག་ཡིན།   དེ་མ་གཏོགས་ནམ་ཡང་ང་ཚོ་གང་ཞིག་གི་མདུན་དུ་འཇིགས་ཞུམ་ཞུམ་དང་དངས་འདར་འདར་གྱིས་འདུག་པའི་འཆར་གཞི་བཏིང་བ་མིན་ལ།    མཉའ་རུ་ཞོན་ཆོག་ཅིང་མགོ་ལ་བརྫིས་ཆོག་པའི་དབང་ཆ་ཞིག་སྤྲད་པ་ནི་དེ་ལས་ཀྱང་མིན་ནོ། །   ང་ཚོ་ནི་དུས་རྒྱུན་ནོར་འཁྲུལ་ཅི་ཞིག་འབྱུང་བར་སེམས་འཚབ་བྱེད་མཁན་དང་མྱི་གང་ཞིག་གི་མིག་ལམ་ནས་བོར་འགྲོ་བར་སྐྲག་མཁན་ཞིག་ཡིན་མི་འོས།   ནོར་འཁྲུལ་འབྱུང་བར་སྐྲག་ཏེ་རང་ཉིད་ཀྱི་གསེར་ལས་ལྷག་པའི་གོ་སྐབས་ཐམས་ཅད་ཆུ་ལ་གཡུགས་མཁན་ཞིག་ཡིན་མི་འོས།  ནོར་འཁྲུལ་རེ་རེ་ནི་མི་ཚེའི་ཆ་ཤས་ཤིག་ཡིན་པར་ཤེས་ཏེ་ནོར་འཁྲུལ་ལ་མི་གཡོལ་བའི་སྤོབས་པ་ཡོད་དགོས་ལ།   མྱི་གང་ཞིག་གི་མིག་ལམ་ནས་བོར་འགྲོ་བར་སྐྲག་ཏེ་ནམ་ཡང་བག་འཁུགས་ནས་འདུག་མཁན་གྱི་རིགས་མ་ཡིན་པར།   རང་ཉིད་ནི་བར་སྣང་གི་དབྱིངས་སུ་རང་དབང་གི་ངང་ནས་ལྡིང་བསྐོར་རྒྱག་མཁན་གྱི་ཐང་དཀར་རྒོད་པོ་དེ་ཡིན་འོས།  
 
          མཚན་མོ་ནི་ཕུན་སུམ་ཚོགས་པ་དང་ལྷིང་འཇགས་ཤིག་རེད།   ངས་ནམ་རྒྱུན་རྩོམ་ཡིག་རེ་བྲི་དགོས་དུས་མཚན་གུང་ལ་སྒུག་པ་ཡིན།   སྒེའུ་ཁུང་ནས་མཐའ་ཡས་པའི་སྐར་ཚོགས་ལ་བལྟས་ཏེ་རྩོམ་ཡིག་རེ་འབྲི་བའམ་སྒྱུ་རྩོམ་རེ་ཀློག་པ་དང་།   དེ་ལས་ཀྱང་སྲང་ལམ་མྱུལ་བ་དང་རི་རྩེར་འགོས་པ།   མཚམས་མ་ཆད་པར་ལྷུང་ལྷུང་བཞུར་བའི་གཙང་བོའི་འགྲམ་ངོགས་སུ་འགྲོ་རྒྱུར་དགའ།   མཚན་མོར་ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་གཉིད་དུ་གཡུར་ཡོད་པས་ང་ལ་སུན་སྣང་སྟེར་མཁན་དང་བཀག་རྒྱ་བཟོ་མཁན་སུ་དང་གང་ཡང་མེད།   མཚན་མོ་ནི་ཚོར་ཤེས་རྣོ་བའི་དུས་སྐབས་ཤིག་དང་རང་གིས་རང་ཉིད་མཐོང་བའི་དུས་ཚོད་ཅིག་རེད།   མཁའ་མཐའ་མི་མངོན་པའི་མུན་ནག་གི་ཟབ་ས་ཞིག་ཏུ་བཀྲ་མལ་མེར་ཤར་བའི་སྐར་ཚོགས་ལ་རྒྱང་བལྟ་རེ་བྱེད་ཅིང་།   རང་བྱུང་གི་རྟེན་འབྲེལ་ལ་དམིགས་པ་རེ་གཏད་ན་འཇིག་རྟེན་གྱི་མཛེས་སྡུག་ཅིག་ཅར་དུ་མཐོང་ཐུབ་བོ། །  དཀར་པོ་མ་ཡིན་ན་ནག་པོ་ཡིན་དགོས་པའི་གཏན་ཚིགས་དང་།   རེ་དོགས་དང་ཆོས་བརྒྱད་ཀྱི་སེམས་བྱུང་ཐམས་ཅད་ཆམས་ལ་ཕབས་ཏེ་དབུགས་འབྱིན་རྔུབ་རེ་བྱོས་དང་།    རང་ཉིད་ནི་ཧ་ཅང་དྭངས་གཙང་དང་དྲི་མ་མེད་པའི་ངང་ནས་རང་ཉིད་ལ་བལྟ་ཡོད་ངེས།   འུ་ཚོས་ཐོག་མར་རང་ཉིད་བཙལ་ཏེ་ད་གཟོད་རི་བོ་མཐོ་ལུགས་དང་རྒྱ་མཚོ་ཟབ་ཚུལ།   རྒྱང་རིང་གི་མཐའ་ཡས་པའི་རྩྭ་ཐང་གླེང་ན་ཅིས་མི་ཆོག    གལ་ཏེ།   ང་ཚོས་རང་ཉིད་བོར་སོང་ན་ཉི་མ་དང་ཟླ་བས་ཅི་ཞིག་བྱ།   རྒྱང་རིང་དང་རྨི་ལམ་གླེང་བ་ནི་ནམ་མཁའི་མེ་ཏོག་དང་།  རུས་སྦལ་གྱི་སྤུ།  མོ་བཤམ་གྱི་བུ།   རི་བོང་གི་རྭ་གླེང་བ་དང་ཁྱད་པར་ཅི་ཞིག་ཡོད།  
                    2020/12/21    
                         རྩོམ་སྒྲིག་པ།  བསམ་འགྲུབ་རྒྱལ། 
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease