རང་དབང་།

    འཕྱན་བྷང་།


རང་དབང་།


            འཕྱན་བྷང་།
 
      ས་གནམ་གད་འགྲོ་བའི་སྲུབས་ཚིགས་ནས། ངས། ངས། ངས་མིག་ཆུ་ཡི་ཁྲག་ནག་བརྡོལ་བའི་རྒྱ་མཚོ་ཞིག་ཉལ་ཐ་བཞིན་ཁྱུར་མིད་བྱ་འདོད།  ཉལ་ཐ་འདིས། ང་ཡི་རུས་པ། གློ་ཡི་མདངས། མགོ་སྲུབས་བཅས་ནག་ཤར་ཤར་ཟ་འགྲོ་ཡང་ང་ཡིས་ཨ་རག་ཁམ་གང་གིས་དེ་དག་འཁྲུད་ཆོག་པར་ཞུ།  སྒོ་ཆེན་མཐའ་དག་རྣོ་ལྕགས་ཀྱི་ཤོག་བུས་བསྲུངས་ཤུལ། ང་ཡིས་ཆུང་མ་བོར་སོང་། བུ་ཆུང་བོར་སོང་། རང་ཉིད་ཀྱང་གང་དུ་རྒྱུ་བ། སྒོ་བྱང་ནག་པོ་རེ་རེ་ལ་ཧད་དགོས་བྱུང་སོང་། ཡོམ་ཡོམ་དུ་འགུལ་བའི་ཉལ་ཁྲི་དག་ལས་རང་ཉིད་ཉལ་སའི་མལ་ཁྲི་ལྗང་གུ་དེ་བཙལ། ཡང་ན། ང་ཡི་ཉལ་ཁྲི་དེ་འཆི་བ་ལྗང་གུ་ཡིན་ནའང་། ང་རང་སྔར་མུས་སུ་ཤོག་བུ་དེ་དག་གི་གཞང་འོག་དང་སྲུབས་ནད་འོག་ནས་རྒ་དགོས།  རྨི་ལམ་ལས། ང་ལ་རང་དབང་ཐོབ་སོང་། མདང་དགོང་གི་རྨི་ལམ་ལས་ལྟོས་མེད་ཀྱིས་ལྕི་བའི་རང་དབང་། རི་མགོ་ཞིག་ནས་ཐོབ་སོང་བས། གང་སར་ཧད་ཀྱིན་དུ་བ་སྔོ་ལྷོག་ལྷོག་ཅིག་རང་དབང་གིས་བཏང་སྟེ། རང་བྱུང་ལ་ཕུང་པོ་བཙོན་ནས་ཤོར་པ་ལྟར་གློ་བ་དལ་ལྷོད་ལྷོད་གླན།  ང་ནི། ང་ནི། ང་ནི། ང་ནི་དུག་རྫས་དགུ་འདུས་ཀྱི་ཁུ་བ་ལས་གྲུབ་པའི་བེམ་པོ་སྲོག་མེད་ཅིག་ཡིན་ན་ཡང་། ངས། ངས། ངས་འབག་བཙོག་མཐའ་ཡས་པ་ཞིག་གི་ངོ་གདོང་རྐྱེན་མེད་དུ་འཇབས་པ་གསལ་པོར་མཐོང་བྱུང་།  གཅེར་བུར་བུད་དེ། གདོང་བ་དགུ་རྩེག་གི་འབག་ཆས་མང་བོ་ཞིག་ང་ལས་བཙོག་པའི་སྙིགས་རོ་རུ་ཅིག་ཅར་འདྲུད་པར་བྱ།  དེ་རིང་། གཤོག་ཡ་མེད་པར། གས་སྲུབས་ཀྱི་རི་མོ་དོད་པའི་གྲོག་རོང་དུ་ཆང་འཐུང་ཞོར་འཕུར་གྱིན་ཡོད་དེ། ཤུར་སྒྲ་རེ་འགའ། ལྷིང་འཇགས་རེ་འགའ། འུར་ཟིང་རེ་འགའ་གྲིབ་མ་ལས་ལྡོག་སྟེ། ཤ་པགས་སུ་འབྱར་ནས་གཡུལ་བཤམ་པར་བྲེལ་ཅིང་འཛིང་ངོ་།།
 

ཉི་མའི་ནང་གི་སྡུག་གླུ།
 
         ང་ནི། ཉི་འོད་ཀྱི་ཀློང་ནས་ནར་སོན་པ་ཡིན་ལ། ཀུན་གྱིས༼ང་ནི་ཉི་འོད་ཀྱིས་གསོས་ཤིང་བསྐྱངས་སོ༽ཞེས་འཛེམ་དོགས་ཅི་ཡང་མེད་པར་ཚིག་ཐག་ཆོད་པོས་གླེང་ཡི་གདའ།
         ཉི་མ་ནི་ཅི་ཞིག་ཡིན་ནམ། ཅི་ཞིག་ལ་ཉི་མ་ཞེས་བྱའམ།
         དངོས་གཞི་མཐར་ཕྱིན་ཀྱང་དངོས་གཞིའི་ལག་རྟགས་སྐྱག་དོང་དུ་གཡུགས་པའི་ཁོ་བོར་མཚོན་ན། ཉི་མའི་ནང་ནས་སྡུག་གླུ་ལེན་རྒྱུ་ནི། སྐྱོ་བ་རྒྱུས་མེད་ཅིག་གིས་བསྐྱེད་པའི་རྟག་བརྟན་གྱི་སྐྱོ་བ་ཞིག་གོ་ཞེས་སྨྲ་ཆོག་གོ།།
         ལོ་དགུ་ནི། ལོ་གཅིག་ཀྱང་མ་རེད། ལོ་བཅུ་གཉིས་ནི། ཟླ་བ་གཅིག་ཀྱང་མ་རེད། ལོ་བཅོ་ལྔ་ནི། གཟའ་འཁོར་གཅིག་ཀྱང་མ་རེད། ལོ་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུ་དང་བཅས་པ་ནི། ཉིན་གཅིག་ཀྱང་མ་རེད། ཐ་ན། སྐར་ཆ་གང་ཡང་མ་རེད། སྤྱིར་ན། དུས་ཚོད་ཙམ་ཡང་མ་རེད། རྒྱུ་མཚན་ནི། དེ་ལ་རྒྱུ་མཚན་ཆེན་པོ་ཞིག་གང་ཡང་མེད་དེ། ཉི་མ་ནི། རང་གི་འོད་སྣང་ཙམ་ཡང་མཐོང་མི་བཏུབ་པར། ཉི་མས་ཉི་མ་ནི། ཐམས་ཅད་ཀྱི་ཉི་མ་རུ་བལྟས་པས་སོ།།
         ང་ནི། ཉི་མའི་ནང་ནས་བུད་དེ། རྒྱང་རིང་རྒྱང་རིང་ཞིག་ལ་སོང་བ་ཡིན། སྐབས་དེར། པེ་ཅིང་ནི། ངས་རྒྱང་རིང་དུ་མ་འཁྲུལ་ནའང་། པེ་ཅིང་ན། རྒྱང་རིང་ཡོད་པར་ཡིད་རྟོན་གྱི་སྒོ་ནས་ཆས་པ་ཡིན། དེ་ནི། ང་རང་། རྒྱང་རིང་གི་ཆེད་དུ། གློ་ཁུག་སྟོང་བ་རྒྱབ་ཏུ་ཁུར་ནས་ཆས་ཐེངས་དང་པོ་རུའང་ཆགས་ཟིན།
        ངས། རང་གི་གློ་ཁུག་སྟོང་བ་འདི་ཁུར་ཏེ། རྐུབ་སྟེགས་མེད་པའི་མེ་འཁོར་གྱི་སྒམ་གཞོང་དུ་གྲངས་མེད་ཅིག་བསྐྱོད་མྱོང་ཨང་།
        པེ་ཅིང་དུ་འབྱོར་རྗེས། ང་ནི། ཁོག་པ་སྟོང་བའི་ཀེང་རུས་ཤིག་ཡིན་པ་ར་སྤྲད་སོང་། དེ་ནི། ཉི་མ་མི་ལན་ལ། ཉི་མ་ལན་ཡང་ལན། གང་ལྟར། ལྟོ་རྐུབ་ཏུ་ཅི་ཡང་ལྷུང་རྒྱུ་ཐིགས་རྒྱུ་མ་བདོག་པར་ཉིན་ཞག་ཁོར་མོ་ཡུག་གྲངས་མེད་ཅིག་བསྐྱལ་མྱོང་བས། དེས་ནི། ང་རང་། ནར་སོན་དུ་བཅུག་སོང་། ལོ་བརྒྱ་ལ་འཐམས་ཀྱང་རིག་ཚན་སྣ་གཅིག་གི་རྒྱུན་ཤེས་ལའང་བྱང་མི་བཏུབ་པའི་དཀའ་གནད་རྨང་ནས་སེལ་སོང་།
        ངས། ཉི་མའི་ནང་ནས་སྡུག་གླུ་ཞིག་ལེན་དགོས་འདུན་ཡིད་ལའང་འཆར་མ་མྱོང་། འོན་ཀྱང་། ཉི་མའི་ནང་ན་གྱེས་གདུང་སྐྱེས་འདུག སྐྱེ་བོ་ཐམས་ཅད་ཀྱི་མིག་ཟུང་ཚང་ནས་འབྲུ་བྱེད་ཀྱི་གྱེས་གདུང་སོར་མོ་དང་སོར་མོ་སྤུངས་ཏེ་སྐྱེས་འདུག དེའང་ཅི་ཁག་སྟེ། ང་ནི། ཉི་མ་ལ་བློ་མི་དཀར་མཁན་ཞིག་ཡིན་པས་ཀྱང་སྲིད་དེ། ཉི་མས་སྐྱེ་བོ་སོ་སོའི་གྱེས་གདུང་མིག་ཆུ་སྐམ་ཅིང་ཐག་ཏུ་འཇུག་གིན་གདའོ།།
       ལོ་ངོ་དང་ཟླ་ངོ་དེ་དག་གི་རིང་ལ། ང་ནི། གློ་ཁུག་སྟོང་བར་གྱུར་ཏེ། ཁོག་པ་ཡང་སྟོང་བའི་ཡུལ་གྱར་པ་ཞིག་ཏུ་གྱུར་ནའང་། ང་ཡི་ཡིད་ཁོང་སྟོང་བ་མ་རེད། དབུལ་ཕོངས་ཀྱིས་ང་ཡི་ཡིད་ཁོང་རུལ་སུངས་སུ་བསྒྱུར་མ་བཏུབ། དབང་ཤེད་ཀྱིས་ཀྱང་ང་ཡི་ལང་ཚོ་ལ་བཞི་ཤད་གཅིད་ཕོད་མ་སོང་། ཐ་ན། ཁྲ་ཆིལ་དགུ་ཆིལ་དུ་འཕྱོ་བའི་འུར་ཟིང་ཐམས་ཅད་ང་ཡི་ཡིད་ཁོང་དུ་འཕོ་མ་བཏུབ། འོན་ཀྱང་། ཆང་ཁང་དང་ནང་མ་ཁང་། ཡུལ་གྱར་པ་དེ་དག་གི་ཡིད་ཁོང་སྟོང་བར་གྱུར་ཟིན། དེའང་། ཁོང་ཚོ་ལ་ང་ལྟར། ཕུང་པོ་ས་མཐར་གྱར་ཀྱང་། རང་ཉིད་དྲན་གདུང་མང་པོའི་གམ་དུ་གནས་འདྲའི་འཁྲུལ་སྣང་སྟོངས་སོང་བ་ཡིན་ནམ་ཅི་ཆའོ།།
       ང་ནི། ཉི་མའི་ནང་ནས་ཐ་མག་ཚོད་མེད་དུ་རྔུབ་མཁན་ཞིག་ཏུ་གྱུར་སོང་། ང་ནི། ཉི་མའི་ནང་ནས་ཆང་རག་ཚོད་མེད་དུ་འཐུང་མཁན་ཞིག་ཏུ་གྱུར་སོང་། ཆང་ཁང་དང་ནང་མ་ཁང་། གླུ་བ་གླུ་མ་དེ་དག་གི་སྔུན་ནས། ཉི་མའི་ནང་གི་སྡུག་གླུ་ལ་རེ་ཞིང་སྒུག་མཁན་ཞིག་ཏུ་གྱུར་སོང་། གང་ལྟར། ངས། ངོས་ཟིན་གྱིན་པ་ནི། ང་ནི། ཉི་མའི་ནང་ནས་སྐྱོ་བ་རྩོམ་མཁན་དང་། ཉི་མའི་ནང་ནས་ཁེར་བུར་སྡུག་གླུ་འགུག་མཁན་དུ་གྱུར་སོང་། ཡིན་ནའང་། ངས། ཉི་མའི་ནང་ནས་སྡུག་གླུ་ལེན་མཁན་ཞིག་ལ་ཇི་ལྟར་བསྒུགས་ཀྱང་དོན་ཐོག་ཏུ་སྨིན་མ་སོང་།
       ང་ནི། ཉི་མའི་ནང་ནས་འོད་སྣང་འཚོལ་མཁན་ཞིག་ཡིན་ནའང་། ངས། ཉི་མའི་འོད་སྣང་ཅི་ཡང་མཐོང་མ་སོང་། དེའི་རྗེས་སུ། ང་ཉི་མ་དང་ཁ་གྱེས་ཏེ་ཐག་ཉེ་རིང་གང་སར་འཕྱན་པ་ཡིན།
འདི་ནི། ང་རང་། ཉི་མའི་ནང་ནས་སྤྲོ་བ་བོར་ཏེ། ཆོ་མེད་བྲོ་མེད་དང་མདོ་མེད་ལུགས་མེད་དུ་གྱུར་པའི་རྒྱུ་མཚན་ཆུང་ངུ་ཞིག་ཀྱང་ཡིན་ནོ།།
      ང་ལ་མཚོན་ན། དུས་ཚོད་ནི། ཆུ་ཚོད་མ་རེད། བཞུར་བའང་མ་རེད། དུས་ཚོད་ནི། ཁོ་མོའོ།། བརྩེ་དུང་ངོ་།། ཕུགས་བསམ་མོ།།
      མི་འདོད་བཞིན་དུ། ཐག་རིང་གི་དུས་ཚོད་གྲངས་མེད་ཐག་རིང་ནས་རང་ཉིད་དང་ལྷན་དུ་བོར་སོང་། རང་གཞན་གཉིས་ཀྱི་ཡིན་རྟོན་དང་ལྷན་དུ་བར་སྣང་ནས་བོར་སོང་། ཁུག་སྟོང་དེ་དག་གི་ནང་གི་སྙིགས་ལུད་དང་ལྷན་དུ་བོར་སོང་།
      བོར་པ་མཐའ་དག་དང་ལྷན་དུ། ཕྱིར་ཕ་ཡུལ་ལ་ལོག་པ་ནི་རྙེད་པ་ཞིག་ཏུ་རློམ་པ་ཡིན། འདང་ཇི་ལྟར་བརྒྱབ་ཀྱང་དཔོག་མི་ཐུབ་པ་ཞིག་ནི། ང་དང་བཅས་པ་ཉི་མ་དང་ཁ་བྲལ་ཐུབ་ཀྱིན་མེད་པའོ།། སོ་སོའི་སེམས་ནས་ཉི་མ་ནི་ཉི་མའོ་སྙམ་སྟེ་སྐམ་ཞིང་གྱོང་བའི་མཆུ་ཏོ་ཉི་མར་སྦྱོར་བཞིན་གདའ།
      གོམ་པ་གང་སྤོ་ལ་མི་སྤོ་བའི་མཚན་མོ་ཞིག་ལ། ང་ཚོའི་རྣ་རྩ་ནས་བོའུ་སྐད་ལྟ་བུ་ཞིག་གྲགས་བྱུང་བས་ཀྱང་། གཞོན་པར་སྐད་པ་སོ་བརྒྱད་ཐར་སེ་བཏང་སོང་།
      དེ་ནི། སྐྱོ་གར་ཞིག་གི་མཇུག་བསྡུས་ཏེ། སྐྱོ་གར་ཞིག་གི་མགོ་རྩོམ་པའང་ཡིན་ཏེ། ང་ཚོའི་ཁོག་པ་སྟོང་བ་ཕུད་རྒྱུ་མང་དྲགས་སོང་བས། སོ་སོས་སོ་སོའི་ནང་ཁྲོལ་རྣམས་ཆུས་མ་བཀྲུས་ཤིང་བཅུད་ཀྱིས་མ་གསོས་པ་རྐྱེན་དུ་གྲུབ་ནས་བདག་ཉིད་ཀྱི་ཉི་མ་དུས་ཚོད་ག་ཙམ་འདས་ཀྱང་རྙེད་སོན་མ་བྱུང་།
      ཉི་མ་དེ་དག་ནི། ཉི་མ་ཞིག་འཚོལ་བ་ལས་ཀྱང་དཀའ་བར། སྨྲ་བ་བྲལ་ཅིང་བསིལ་བ་བྲལ་པའི་དུས་ཤིག་ཏུ་གྱུར་སོང་ཨང་།
      ནུབ་མོ་གྲངས་མེད་ཅིག་ལ། ངས་ནི། ཁྱོད་ཅེས་པས་ལག་ཏུ་ཆང་ཕོར་བཟུང་སྟེ། གོམ་ཁ་འཁྱར་འཁྱོར་གྱིས། སྣང་བ་བད་བིད་ཀྱིས། སེམས་ཁ་འཁྱག་ཤུར་ཤུར་གྱིས་བསླེབ་ཡོང་བར་བསྒུགས་ནའང་། ད་ནི། ཐམས་ཅད་འཁྲུལ་སྣང་དུ་གྲུབ་པ་རྫོགས་རྒྱུ་མེད་པའི་དགུན་ཟླ་འདི་ལས་ཀྱང་རྟོགས་སླའོ།།
      ཉི་མ་ནི། བྱི་ཁུང་ལྟ་བུ་ཞིག་ཀྱང་ཡིན་ཏེ། ཐམས་ཅད་མུག་ཤིར་ཐེབས་ལ་ཉེ་བའི་སྐབས་སུ། ཁྱོད་ཀྱིས་གང་དུ་བཙལ་ཀྱང་ཇི་ལྟར་བཙལ་ཀྱང་ཇི་ལྟར་བཅར་ཀྱང་ཟིན་ཐབས་བྲལ་པའི་སྨིག་རྒྱུ་ཞིག་གོ།།
     ང་ནི། ལས་སྒྲུབ་ཁང་མེད་པའི་སྤྱི་གཉེར་ཁང་ཆེན་པོ་ཞིག་དང་། ང་ནི། ལས་བཟོ་བ་མེད་པའི་སྤྱི་གཉེར་ཁང་ཆེན་པོ་ཞིག་ཀྱང་ཡིན། འོན་ཀྱང་། ངས་ནི། རྟག་པར་རང་ཉིད་ལ་ཉི་མ་ཞིག་བདོག་པར་སྙམ་སྟེ། རྩིག་པ་ལྟ་བུའི་མི་ཚོགས་དང་། ཟོས་ཚར་པའི་རྩྭ་ཐང་འདི་སྲུང་བཞིན་ཨུ་ཚུགས་ཀྱིས་ཅི་ཞིག་ལ་སེམས་པ་གླན་ནས། མཆི་མ་ཁྲོམ་ཁྲོམ་གྱིས་གང་དུའང་མ་འཁྱམ་པར་བསྡད་པ་ཡིན།
      ང་ནི། བར་མ་རྐེད་ན་ལུས་པའི་སྲོག་ཆགས་ཤིག་སྟེ། ད་ལྟ། ཐག་ཉེ་རིང་གི་ཉེ་རིང་ཐམས་ཅད་ཀྱང་རྒྱུས་མེད་དུ་གྱུར་པའི་ཡུལ་པོ་ཞིག་ཏུ་ཆགས་སོང་། ཐ་ན། འདྲིས་ཤིང་ལོབས་པར་གྱུར་པ་ཐམས་ཅད་ཀྱང་། ད་ནི། ཆ་མེད་ཡུལ་མེད་དུ་གྱུར་ཏེ། ཉི་མ་དང་ཇི་འདྲའི་འདྲ་ཨང་།
     ཁོ་ཆད་པའི་སྐབས་འདིར། རྒྱང་རིང་ན། ང་ལ་ཉི་མ་མགོར་ཤར་མ་མྱོང་བའི་མྱི་རྡང་ཞིག་ཡོད། ངེད་གཉིས་ཀྱི་ཐུག་འཕྲད་ནི། རི་ཀླུང་ཁངས་ཆག་གིས་བརྙས་པའི་དུས་ཤིག་ཡིན་ནའང་། རྟག་པར་གྱེས་པའི་ཚེ། ཡིད་ཁོང་དུ་སྔོ་ལྗང་ལྗང་གི་ཆར་ཞོད་འབབ་མཚམས་འཇོག་མ་མྱོང་།
     དེ་རིང་ཉིན་དཀར་ཉི་མའི་འོག་ཏུ། ང་རང་། ནད་ཁང་གི་རྩེག་བཅུ་གསུམ་པའི་སྐས་ཁང་དུ་གཉིད་ལ་ཡུར་སྐབས། མྱི་རྡང་གིས་འཕྲུལ་ཆག་ཅིག་བསྐོར་ཏེ། ངེད་ཚང་གི་དགུན་སར་སླེབས་བྱུང་། ངས་ནི། ཡུལ་བར་ཆང་བསྐུང་ནའང་། མྱི་རྡང་གི་སྔུན་ལ་ཤ་ཆང་ཡིད་མགུ་བ་ཞིག་བཤམས་པ་ན། མྱི་རྡང་གི་གདོང་བར་སྐྱོ་ངལ་གྱིས་ཁེངས་ནས་བཟི་གཏམ་རྡབ་རྡབ་ཅིག་སྨྲ་ཡི་འདུག་ནའང་། ང་ནི། བྱིས་པ་ཞིག་དང་འདྲ་བར། ཟོག་བསྐོར་དུ་རི་སྒང་ཐང་གཞོང་ལ་ས་རྒྱུག་རྡོ་རྒྱུག་བྱེད་བཞིན་པའི་སྐབས་སུ། མྱི་རྡང་ལམ་ལ་བུད་སོང་བས། ངའི་ཡིད་ཁོང་ལ་གཟེར་མ་བརྡབས་པ་ལྟར། ཅི་བྱ་གཏོལ་བྲལ་གྱི་སྐབས་སུ། སྐས་ཁང་སྒོ་རུ་མི་ཞིག་ཕར་འགྲོ་ཡི་གདའ་བ་ལ། ངག་ནས༼མྱི་རྡང༽ཞེས་ཤོར་པ་ན། མིག་ཁ་རབ་རིབ་དེའང་ཇེ་གསལ་དུ་གྱུར་ཏོ།།
      དེ་དང་འདྲ་བར། བདག་མེད་ཀྱི་ངའི་སྒོ་དྲུང་དུ། མཚམས་མཚམས་སུ། ང་དང་འདྲ་བའི་མི་ངུ་རྐྱལ་ཞིག་བསླེབ་རྒྱུ་ཡོད། མཚམས་མཚམས་སུ། ངའང་ཁོང་དང་ཤིན་ཏུ་འདྲ་བར། བརྗོད་མི་ཚར་བའི་སྨྲ་བསམ་བརྗོད་འདས་ཀྱི་སྐད་ཆ་མང་པོ་ཞིག་མཆི་མས་རྣང་བཞིན་གླེང་རྒྱུ་འདུག ངེད་གཉིས་རྟག་པར་མ་བགྲོས་གཅིག་མཐུན་གྱིས་ཐུག་བཞིན་ཡོད་པས། ངས་ནི། ས་སྲོད་རེ་རེར། སངས་ཡོད་མེད་ཀྱི་ངལ་དུབ་མཐའ་དག་རྒྱབ་ཏུ་དོར་ཏེ། ཁོང་བསླེབ་ཡོང་བའི་སྣང་བ་སྐྱེ་བཞིན་སྒོ་འགྲམ་དུ་ལྟ་སྐབས། ཁོང་གིས་རང་གི༼སྣང་བ་གྲོལ་བའི་ཁེར་རྐྱང༽ལྗིད་ཏིག་ཏིག་རུམ་ནས་སླེབས་བྱུང་།
      སྐྱེལ་དཀའ་བའི་མཚན་མོ་རྣམས། ཆང་རག་ལ་སྦགས་ནས་སྐྱེལ་སྐབས། མཚམས་མཚམས་སུ། ཁོང་ནི་ང་དང་འདྲ་བར་ཉི་མ་མི་རྙེད་པར་ལེ་བདས་དུས་འདའ་མཁན་ཞིག་རེད་ལ། མཚམས་མཚམས་སུ། ང་ནི་ཁོང་དང་འདྲ་བར་ཉི་མ་རྙེད་མཁན་ཞིག་ཏུའང་གྱུར་འདུག དེ་ལྟར། མཚམས་མཚམས་སུ། ངེད་གཉིས་ཀྱིས་ཕན་ཚུན་ལ་དབྱེ་བ་ཁོར་གྱིན་མེད་པར་ངོ་བོའང་གཅིག་ཏུ་འགྱུར་གྱིན་ཡོད།
      ད་ལྟ། ངེད་གཉིས་སུ་ལ་མཚོན་ནའང་། སྒུག་པ་དང་དམོད་པ་དང་བདའ་བ་ནི། དོར་བྱ་སྟེ། བསྐྱུར་པ་དང་རྒུམ་པ་དང་རོལ་བ་ནི་འཁྲིག་སྤྱོད་ལ་སུན་པ་མེད་པ་ལྟར་ཡང་ཡང་སྤྱད་བྱའོ།།
      ད་ལྟ། ང་ལ་སང་ཉིན་དང་འབྱུང་འགྱུར་བྱ་བའི་སྒྱིད་ལུག་དང་སྟོང་བསམ་མེད་ནའང་། ཁོང་གི་རྟོགས་པ་ལྟར། ད་ནས་བཟུང་སྟེ། ང་ནི། ༼རིག་གནས་ཀྱི་རྐྱལ་སྟོང༽ ཡང་ན། སྒྱུ་རྩལ་གྱི་རྐྱལ་སྟོང་གི་ལམ་ཁར་སོ་གདབ་རྒྱུའོ།།
      ཆང་ཕོར་ལས་བརྟེན་ས་ཁེན་ས་མེད་པའི་སྐབས་འདིར། ཝ་ཡེ། ཁྱོད་ཀྱིས་དུག་རྙེད་བྱུང་ངམ་ཉི་མ་རྙེད་བྱུང་།

ངས་ནི། ཉི་མ་ལྷ་སའི་ཉི་མའི་ནང་ནས་སྡུག་གླུ་ལེན་དགོས་འདུན་ཞིག་ཡིད་ལའང་ཤར་མ་མྱོང་ནའང་།
ར་ས་ནི། མྱི་གཅིག་ཀྱང་མཐོང་རྒྱུ་མེད་པའི་རྩིག་པ་ལེབ་ལེབ་ཅིག་རེད།
ར་ས་ནི། མྱི་གཅིག་ཀྱང་མཐོང་རྒྱུ་མེད་པའི་རྡོ་ཡི་སུམ་མདོ་ཞིག་རེད།
ར་ས་ནི། སྐྱིད་ཆུའི་དོང་དུ་ལྷུང་བའི་ཆོས་ཀྱི་ཕོ་བྲང་ཞིག་རེད།
ར་ས་ནི། རྨོངས་དད་པ་ཚོས་པར་དང་བརྙན་གྱིས་ངོམ་སོ་བགྱི་ཡུལ་གྱི་དྲ་རྒྱ་ཆུང་ངུ་ཞིག་རེད།
ར་ས་ནི། ཁ་དཀར་མགོ་དཀར་ཚོས་ངར་སྐད་སྒྲོག་སའི་ལྷ་ཁང་ཞིག་རེད།
ར་ས་ནི། ཉི་མ་དམར་པོས་བཞུས་ཚར་པའི་རྡོ་རིང་ངོས་ཀྱི་ཡི་གེ་ཆད་ཆོལཏོ།།
ངས་ནི། ཤོག་བུ་ཁ་ཤས་ཁྲག་གསོག་རྣག་གསོག་དང་བསྐྱི་ལ་གཡར་ཁུངས་བགྱིས་ཏེ། ར་སར་འབྱོར་པ་ན། ནོར་བུ་གླིང་ག་ནི་ལྕགས་དྲས་བསྐོར་པའི་སྲོག་ཆགས་གླིང་ག་ཞིག་རེད། མཇལ་བ་རྣམས་ཀྱིས་ལྟད་མོ་ལྟ་ཡུལ་དུ་གྱུར་པའི་བཤམས་སྟོན་ཁང་ཆེན་པོ་ཞིག་རེད། ནང་དུ་སྟག་དང་གཟིག སྤྱང་ཀི་སོགས་བཏུལ་པའི་ཨར་འདམ་གྱི་སྤྱིལ་ཁང་ཆུང་ངུ་ཞིག་རེད། རི་དྭགས་རྣམས་ཆུང་ངུའི་དུས་ནས་དྭ་ཕྲུག་ཏུ་གྱུར་པའི་མུ་གེའི་འཇིག་རྟེན་ཞིག་རེད།
བུ་ཆུང་ན་རེ། ཨ་ཕ། ༼ཨ་ཁུ་ཚོས་སྒོར་མོ་གསོག་གིན་འདུག༽
ད་ལྟ། པོ་ཏ་ལ་ནི། ཇོ་ཁང་ནི། དགོན་རྙིང་རྣམས་ནི། སྒོར་ཁུག་ཏུ་གྱུར་འདུག
མདོར་ན། ཡུམ་བུ་བརླ་མཁར་ནི། ལྷ་ཁང་དུ་བསྒྱུར་ཏེ། རི་ངོས་སུ་འཁྱ་གེ་འཁྱོག་གེར་བསྐྲུན་པའི་རྡོ་སྐས་རིང་བོ་དེའང་ངོས་ཟིན་མ་སོང་། འོན་ཀྱང་། ངས་ནི། པོ་ཏ་ལའི་ནང་གི་ལྷ་ཁང་དེ་དག་ལས་པོ་ཏ་ལའི་ནང་ནས་ཅི་ཡང་མཐོང་མ་སོང་།
ངས་ནི། རང་གི་ཐོབ་ཐང་བཙལ་ཏེ། མྱི་ལོ་ཨ་ལོང་འདྲ་བ་ཉེར་བདུན་འགོར་ཡོད་ནའང་། ངས་ནི། ས་ཚིགས་གྲངས་མེད་ཅིག་བརྒྱུད་དེ། རང་གི་ཐོབ་ཐང་འཆར་ཤེལ་ངོས་སུ་གཡུགས་གཡུགས་མཐར། རྩིག་རལ་ཏུ་བསྒྱུར་པའི་དགོན་རྙིང་ཁ་ཤས་དང་རྩི་གསར་བ་བསྐུས་པའི་དགོན་རྙིང་སྟོང་བ་ཁ་ཤས་ལས་ཅི་ཡང་མཐོང་མ་སོང་། ལྟད་མོ་ལྟ་ཡུལ་དུའང་འགྱུར་མི་སྲིད་པའི་ས་གཙབས་རྡོ་གཙབས་དང་ས་བཞར་རྡོ་བཞར་གྱི་རི་ཤུལ་དང་རྫ་ཤུལ། སྤང་ཤུལ་བཅས་ལས་ཅི་ཡང་མཐོང་མ་སོང་། ཐ་ན། ཡར་ཀླུང་ཁོག་གི་བཙན་པོའི་བང་སོ་ཡང་མཇལ་བཏུབ་མ་སོང་། དེ་བཞིན་དུ། རྒྱལ་རྩེའི་སྐྱོ་གར་གྱི་རྡུལ་ཐར་ཐོར་དག་ཀྱང་ལག་ཏུ་བཅུ་བཏུབ་མ་སོང་།
འོན་ཀྱང་། ངས་ནི། ཞོལ་བཙོན་ཁང་ཁོ་ན་མཇལ་ཐུབ་སོང་། དེའི་ནང་དུ། ལུང་ཤར་བའི་ཡེ་ཤེས་ཀྱི་སྤྱན་ནི་རྡུལ་ཉོག་ལྟར་མྱོང་དཀའ་བ་ཞིག་རེད། དེའི་ནང་དུ། དགེ་འདུན་ཆོས་འཕེལ་གྱི་མགུར་གླུ་ནི། བསྐྱར་དཔར་འཕྲུལ་ཆས་ཀྱིས་དཔར་བའི་ཤོག་སྟོང་ལྟར་སྟོང་བ་ཉིད་ཀྱི་འཁོར་ལོ་རུ་རལ་འདུག
ངོ་མ། ངས་ནི། བར་སྐོར་གླིང་གི་སྣང་རྩེ་གཤགས་བཙོན་ཁང་དང་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་ནས་ཀྱང་དགེ་འདུན་ཆོས་འཕེལ་གྱི་གཤིས་ཀ་ཅི་ཡང་མཐོང་མ་སོང་། ཡིག་འབྲུ་དང་ཚིག་འབྲུ་རེ་རེ་རུའང་རྣོ་དང་སྐྱོ་གར་བཞེངས་པའི་ཡིག་རྡོག་གཅིག་ཀྱང་མཐོང་མ་སོང་། ཉིན་དཀར་ཉི་མའི་དཀར་ལ་གློག་སྒྲོན་བཀར་ཏེ་བལྟས་ཀྱང་། ང་ནི་ངོ་མ་ལོང་བ་རུ་གྱུར་སོང་བ་འདྲ་སྟེ། ངས་མཐོང་བ་ནི། ཨར་ཁང་ནང་དུ་ཆེ་ཆེ་གཉན་གཉན་གྱིས་བཤམས་པའི་ཟོར་བ་ལྟ་བུའི་རྟགས་མ་དག་གོ།། ཡང་ན། དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་ནི། དངོས་མང་བཤམས་སྟོན་ཁང་ཞིག་རེད། དགེ་འདུན་ཆོས་འཕེལ་ཀྱང་བཤམས་སྟོན་ཁང་གི་ཐོན་རྫས་ཤིག་རེད། དེ་ནི། ང་ཚོས་རྟག་པར་དགེ་འདུན་ཆོས་འཕེལ་གྱི་ལྗིད་ཚད་ལ་ལག་སྙོབ་ཙམ་ཡང་མི་བགྱི་བར། དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་འཚོག་འདུ་བསྡུ་བཞིན་པ་དང་འདྲའོ།།
ངོ་མ། ངས་ནི། ཉི་མ་ལྷ་སའི་ཉི་མའི་ནང་ནས་ཉི་མ་ལྷ་སའི་ཉི་མ་སྐྱིད་ཆུའི་རྒྱུད་དུ་གཡོན་འདུག་ཅེས་སྨྲ་དགོས་འདུན་ཡིད་ལའང་ཤར་མ་མྱོང་། ཉི་མ་ལྷ་སའི་ཉི་མའི་ནང་དུ་ཁ་བ་དབབ་རྒྱུ་མེད་པ་ཡིད་ལའང་ཤར་མ་མྱོང་ཨང་།
མདོར་ན། ངས་ནི། ར་ས་ནས་ཉི་མ་མཐོང་མ་སོང་། ང་ཡི་སྒེར་བའི་ཉི་མའང་མཐོང་མ་སོང་། འོན་ཀྱང་། སྐྱེ་བོ་ཐམས་ཅད་ཀྱི་གྲིབ་མ་གྲོང་ཁྱེར་གྱི་ཉི་མས་ཁང་མིག་ཅིག་ཏུ་སྲེག་བཞིན་པའི་འཚིག་དྲི་ཚོར་ཐུབ།
 

ཉི་མའི་ནང་དུ་ཅི་ཡང་བདོག་པར་སྙམ་སྟེ། འདོད་པ་ཆུང་ངུ་ཆུང་ངུའང་ཉི་མར་ཁེན་ཏེ་མཚམས་འདིར་སླེབས་བྱུང་ཨང་།
ཉི་མའི་ནང་ནས། ང་ནི། གཟུགས་འགྱུར་བའི་རྡུན་ཕོན་ཆུང་ཆུང་ཞིག་སྟེ། ཡུལ་གྱི་ངོས་ནས། དེ་ནི་བདོག་ཀྱང་མ་བདོག་ཀྱང་། འཇིག་རྟེན་གྱི་སྐྱེ་འཆི་ལ་འབྲེལ་བ་སྐར་གང་ཡང་མི་འདུག ཡིན་ནའང་། གཟུགས་འགྱུར་བའི་མེ་ལོང་འདི་ནི། རང་གི་ངོ་གདོང་ཡང་མཐོང་མི་བཏུབ་པའི་ཕྱིང་ལྭ་སྲབ་བུ་ཞིག་རེད། དཔེར་ན། ལོང་བ་ཞིག་གིས་ལོང་བ་ཞིག་གི་བྱད་ལ་དཔྱད་པ་ཇི་བཞིན་དང་། བཙོག་དྲགས་པར་སྙམ་པའི་ངོ་གདོང་འདིས། མཛེས་མར་འཁྲུལ་བའི་ཁྱི་མོ་དང་། མཛེས་མར་འཁྲུལ་བའི་ཁྱི་རྒན་དང་། མཛེས་མར་འཁྲུལ་བའི་མདུན་ཅོག་དང་། མཛེས་མར་འཁྲུལ་བའི་ཁ་ཟས་བཅས་ལ་ལྕེ་མི་འདྲ་བ་བརྒྱད་བརྒྱ་བཟོ་དགོས་པའོ།།
ཁང་བ་འདིའི་ནང་ནས། དྲན་མ་ཐུབ་པ་ཞིག་ཀྱང་དྲན་སོས་ཡོང་བར་སྙམ་མོད། ཁང་བ་འདིའི་ནང་གི་རྩིས་འཕྲུལ་འདིས། ང་རང་རེའུ་མིག་ཁ་ཤས་ཀྱི་ནང་དུ་བཅུག་སྟེ། དུས་ཚོད་དང་ཚེགས་ཀྱི་རིན་པ་ཡང་མི་སོད་པ་བརྗེད་དུ་བཅུག་སོང་། ང་ནི། གང་དུ་བདོག་པའང་བརྗེད་དུ་བཅུག་སོང་། རྨ་ཁ་གྲངས་མེད་ཅིག་རུལ་ཏེ་སྟོང་ཕག་ཏུ་ལས་སྣོན་བརྒྱབ་པའང་མ་ཤེས་པར། ང་རང་རེའུ་མིག་ཅིག་ཏུ་བསྒྱུར་ཏེ། དེ་རུ་ཅི་ཞིག་སྐོང་ན། ཇི་ལྟར་སྐོར་ན། བསམ་བསམ་འདོད་འདོད་བགྱི་ཆོག་སའི་སྟེགས་གྲུག་ཁང་ཞིག་ཏུ་བསྐྲུན་སོང་།
ཁྱོད་ནི་བརྩེ་དུང་ཡིན་ནམ། ཁྱོད་ནི། ཉི་མ་ཡིན།
ང་ཡི་ཆང་ཕོར་ནང་གི་ཆང་ཁྲོས་མ་ཐག་ཏུ། ཁྱོད་ནི། ཚོགས་པ་ཞིག་རེད། ལྕེ་ཡི་ཚོགས་པ་ཞིག་རེད། རྒྱང་ནས་བཀའ་བསྩལ་མཁས་པའི་ལྕེ་ཡི་ཞགས་པ་ཞིག་རེད།
ཁྱོད་ཀྱིས། ང་རང་གང་ཞིག་ཏུ་བརྫང་རྩིས་ཡོད།
དུས་དང་དུས་མ་ཡིན་པར། ཁྱོད་ནི། ལྟད་མོ་བ་ཞིག་མ་ཡིན་ནམ།
ང་ཡི་ལག་གི་དུས་ཚོད་ཉག་ཉོག་འདི། རང་གི་རྐང་གདན་དུ་ཁྱེར་རྗེས། སླར་ཡང་། ང་ལ་ཁྱོད་ཀྱི་འབྱུང་འགྱུར་གྱི་དཀའ་སྡུག་རིན་མེད་དུ་དབུལ་དགོས་ཚུལ་སྨྲ།
དུས་དང་དུས་མ་ཡིན་པར། ཁྱོད་ཀྱིས། ང་རང་རྨོངས་དད་ཀྱི་འཇིག་རྟེན་དུ་བཙན་ཁྲིད་བྱེད། ཁྱོད་ཀྱིས། ང་ལ་གཟུགས་མེད་ཀྱི་སྒྲོམ་སྣ་ཚོགས་ཀྱི་བདེ་སྐྱིད་འཆད་ཡོང་། ཁྱོད་ཀྱིས། ང་ཡི་འཁོས་ཆུང་གི་འཇིག་རྟེན་འདི་ལ། སྡིགས་དམོད་རྣས་བཟོད་དཀའ་བ་བགྱིས་པས། ང་ནི། ཉོབ་གླུ་ལེན་མཁན་ཞིག་ཏུའང་འགྱུར་འགྲོ།
ཉི་མ་བོར་རྗེས། ཁྱོད་ནི། མཐའ་མའི་ལོག་ལམ་ཞིག་ཏུ་བསྒོམས་དང་སྒོམ་ནའང་། ཁྱོད་ནི་ཉི་མ་མ་རེད།
ཉི་མས། ཕྱི་བཅོམ་ནང་བཅོམ་གྱིས་ཁོག་སྟོང་དུ་ཕུད་ཤུལ། ཁྱོད་ནི། ང་ཡི་ཟུངས་ཁྲག་ལྷག་འཕྲོ་ལ་ལྕེ་ལྡག་བྱེད་མཁན་གྱི་ཉི་མའི་དཔུང་རོགས་གཞན་ཞིག་རེད།
ཉི་མས། ང་ཡི་རྩ་ལམ་ཐམས་ཅད་དུ་སྐམ་ཁབ་བརྒྱབ་བརྒྱབ་མཐར། ལོ་ཁར་ལོ་མཐུད་དེ། དུས་ཚོད་རྒས་འཁོགས་ཁར་དུས་ཚོད་རྒས་འཁོགས་བསྣན་བསྣན་མཐར། ཁྱོད་ནི། ང་ལ་མཐའ་མཇུག་ཏུ་ལྷག་པའི་སྒོ་ཆུང་ངུ་གཅོག་མཁན་དང་། སྒོ་ཆུང་ངུ་འདི་ལྕགས་མཁར་གྱིས་གཏན་མཁན་དུ་གྱུར་སོང་།
ཝེ། ཉི་མ་ཡ། འདི་ནི་མྱི་གཞིས་པའི་སྦྱིལ་ཁང་ཞིག་མ་རེད། འདི་ན། གསོ་བཞིན་པའི་བརྩེ་དུང་ཐམས་ཅད་ནི། གསོ་ཕག་ཅིག་དང་འདྲ་བར། རང་དབང་གི་དྲི་མ་ཐམས་ཅད་ཁྱུར་མིད་གཏོང་རྐྱང་བགྱི་རྒྱུའོ།།
གང་ལྟར། ལུས་ཀྱིས་མ་ཐེག་ཀྱང་། སེམས་ཀྱིས་མ་ཐེག་ཀྱང་། འཆི་བ་ཁོ་ནས་ཐམས་ཅད་རྡུལ་ལས་ཀྱང་ཡང་བར་གཏང་སྟེ། རྟག་བརྟན་གྱི་མཆི་མ་འདི། བདེ་སྐྱིད་ཀྱི་ས་རུ་བསྒྱུར་ངེས། མ་མཐའ་ཡང་། རང་ལ་དབང་བའི་ས་ལག་མཐིལ་ཙམ་ཞིག་པགས་གདན་དུ་བཏིང་ངེས།
འཕྱན་བྷང་ཡ། ད་ནི། སྨྱོ་ནད་ཁང་གི་སྙིང་ནད་ལས་ཁྱོད་ལ་ནམ་མཁའ་ཅི་ཞིག་ལྷག་འདུག ཐ་ན། ཁྱོད་ཀྱི་ཁེར་རྐྱང་གི་འདུག་རོགས་ཏེ། ཉི་མའི་ནང་ནས་ཨ་རག་ཀྱང་བཏུང་མི་ཆོག་གོ།། ནམ་ཞིག ཅིག་གིས་ཁྱོད་རང་འཆི་མི་ཆོག་ཅེས་པའི་བཀའ་ཡང་མི་བསྩལ་བའི་ངེས་པ་མི་འདུག་གོ།།
ཉི་མ་ནི། མྱི་རྒྱུད་དང་མྱི་རྒྱུད་བརྒྱུད་དེ། གསོ་ཁབ་ཏུ་འགྱུར་བཞིན་པའི་སྐབས་སུ། ང་ཡིས་སྒེར་གྱི་ཉི་མའི་མིང་ལ་བོར་པ་རུ་འབོད་དམ་ཉོབ་པ་རུ་འབོད་ཅེས་འདང་རྒྱག་ཆེན་པོའི་ནང་དུ་ལྷུང་སོང་།  
ལྷུག་རྩོམ་དེབ༼ར་རོ་པ༽ལས་བཤུས།

                 རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease