​སྟོན་དུས་ཀྱི་ཐུག་འཕྲད།

    རྩོམ་པ་པོ། བཅུད།


སྟོན་དུས་ཀྱི་ཐུག་འཕྲད།
 
            བཅུད། མགོ་ལོག 
       གཟའ་མཇུག་ལ་བསླེབས་བྱུང་། ཉི་མ་དེར། ངས་ཁོ་མོར་ཁས་འཆེས་བྱས་པའི་དུས་བཏབ་དེ་གཟའ་མཇུག་འདི་ལ་ཁེལ་ཡོད། དེ་བས། ངས་དགེ་རྒན་ལ་དགོངས་གནང་ཞུས་ཤིང་གནའ་མཁར་ཟི་ལིང་དུ་འགྲོ་གྲབས་བྱས་པ་ཡིན། སློབ་གྲོགས་ཤིག་གིས་མཐུན་རྐྱེན་སྦྱར་ནས་དགེ་རྒན་གྱིས་ཀྱང་བདེ་བླག་ངང་ཉིན་གསུམ་གྱི་གནང་བ་སྟེར། ང་རང་ཕྱིར་མལ་ཁང་དུ་ལོག་ནས་གོན་པ་སྟབས་བདེ་ཞིག་དང་དཔེ་ཆ་ཁ་ཤས་ཤིག་བསྡུ་གསོག་བརྒྱགས་ཏེ། གནའ་མཁར་ཟི་ལིང་ན་དྲན་གདུང་གི་མཆི་མ་མིག་ཁར་བསྐྱིལ་བའི་ཆུང་འདྲིས་ཀྱི་ཕྱོགས་སུ་དགའ་བ་ཚད་མེད་ཅིག་དང་ལྷན་དུ་ལམ་ལ་ཆས་པ་ཡིན། འདི་ལྟར་ལྷན་འཛོམས་ཀྱི་ལས་སྐལ་རེ་རེ་ནི་ང་དང་ཁོ་མོའི་མི་ཚེའི་ཕྱིར་དྲན་དུ་གླུམ་ཞིང་བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་ཏུ་སེམས་ཡོད། ལས་དབང་ནི་དངོས་ནས་ཅི་ལྟར་བཤད་དགོས་པ་ཁག་པོ་རེད།
 
       སློབ་གྲོགས་ཤིག་གིས་ང་རང་བསྐྱལ་མ་བྱས་ཤིང་གཟའ་འཁོར་སྔོན་མར་ངོ་ཤེས་པའི་གླ་གཏོང་ཁ་ལོ་བ་དེ་ཁ་པར་བཏང་བ་ཡིན། ཉིན་འགའི་ཡར་སྔོན་དུ་ཆར་ཞོད་ཀྱིས་ཕར་ཕྱོགས་ཀྱི་རི་བོ་ཉུལ་བ་དང་གཞུང་ལམ་ལ་ཞིག་སྐྱོན་ཆེན་པོ་བཏང་འདུག་སྐད། དེའི་བར་དུ་གླ་གཏོང་རླངས་འཁོར་གླ་དགོ་བ་དང་རི་ཉུལ་བའི་གཞུང་ལམ་དེ་ནས་ཕལ་ཆེར་སྤྱི་ལེ་གཅིག་ཙམ་ལ་རྐང་ཐང་དུ་འགྲོ་དགོས། ད་གཟོད་གནའ་མཁར་ཟི་ལིང་དུ་བསྐྱོད་པའི་རླངས་འཁོར་འཚོལ་དགོས། ངས་གླ་གཏོང་ཁ་ལོ་བ་དེ་སྒོར་ལྔ་བཅུ་སྟེར་ནས་རི་ཉུལ་ས་ཁུལ་ལ་བསྐྱལ་དུ་བཅུག་པ་ཡིན། འདང་རེ་བརྒྱབ་ན། འདི་ནི་ངས་གླེན་རྟགས་ཚ་ཤོས་ཤིག་ཡིན་ལས་ཆེ། མི་ཚང་མས་དམངས་སྒོར་བཅུ་ཡིས་རི་ཉུལ་ས་ཁུལ་ལ་བསྐྱེལ་དུ་བཅུག་པ་རེད། འོན་ཀྱང་། དྲན་གདུང་གིས་མནར་བའི་མི་ཞིག་ལ་མཚོན་ན་ཐུག་འཕྲད་ལས་གལ་ཆེན་ཞིག་གཏན་ནས་མེད་པར་སྙམ། དེ་བས་ངས་སྒོར་མོ་ལྷག་མ་ཞིག་སྟེར་དགོས་ཀྱང་འགྱོད་པ་མེད། རི་ཉུལ་ས་ཁུལ་དུ་ཐོན་དུས་གཞུང་ལམ་ལ་ཞིག་སྐྱོན་ཆེན་པོ་ཞིག་བྱུང་འདུག
 
       ང་རང་ལམ་འགྲམ་དུ་ཐོན་དུས། གནས་འདིར་ཕྱི་དྲོའི་གྲིབ་ཆེན་དེ་ཕར་ཕྱོགས་ཀྱི་རི་བོའི་སྟེང་ལ་ཡོངས་སུ་ཁེབས་ལ་ཉེ། ཉི་འོད་ཀྱིས་འཇིག་རྟེན་གྱི་དཀར་འོད་ལ་གྱེས་བརྡ་གཏོང་ཞིང་སྨག་རུམ་གྱི་འཇིག་རྟེན་གསར་བ་ཞིག་བསུ་མ་བྱེད་གྲབས་འདུག གླ་གཏོང་ཁ་ལོ་བ་དེ་ཕྱིར་གྲོང་ཚོ་ལ་ཕྱིན་སོང་། ང་རང་གཅིག་པུར་རི་ཉུལ་ས་ཁུལ་ནས་རྐང་ཐང་དུ་སོང་བ་ཡིན། ཉེ་སྔོན་ཆར་ཞོད་ཀྱིས་ཆགས་སྒོ་བཟོས་པའི་ལམ་འཕྲེང་དོག་མོ་དེ་བརྒྱུད་ནས་ཕ་རོལ་ཏུ་བརྒལ་བ་ཡིན། ཕར་ཕྱོགས་སུ་འབྱོར་དུས་རླངས་འཁོར་ཁ་ལོ་བ་གཉིས་ཀྱིས་ང་དང་འདྲ་བའི་རྐང་མི་རེ་འགའ་སྒུག་འདུག དེ་ནི་ཁོ་པ་ཚོའི་རྐྱེན་ངན་གྲོགས་སུ་སྦྲན་པའི་ཐབས་ལམ་ཞིག་ཡིན། བལྟས་ཚོད་ཀྱིས་ང་དང་ལྟ་བུའི་མི་མང་པོ་ཞིག་གི་ལག་ནས་ཁེ་སྤོགས་ཆེན་པོ་ཞིག་རག་ཡོད་ལས་ཆེ། ཁོ་གཉིས་ཀྱིས་བཤད་ན་གནའ་མཁར་ཟི་ལིང་དུ་དམངས་སྒོར་དྲུག་བརྒྱ་དགོས་ཟེར། སློབ་མ་ཞིག་མཚོན་ནས་བཤད་ན། དེ་ལྟར་ཕངས་མེད་ཀྱི་དམངས་སྒོར་ཞིག་གང་ན་ཡོད། ངས་ཁོ་གཉིས་ལ་གླ་རིན་ཕབ་གཅོག་གི་ཐད་ནས་གྲོས་མོལ་ཐེངས་མང་བྱས་ཀྱང་ང་ཚོ་མཐུན་ཐབས་མ་བྱུང་།
 
        སྐབས་དེར། ང་རང་ནམ་ཞིག་ལ་འབྱོར་བར་རེ་སྙེག་གིས་ཁེངས་པའི་སྙིང་ཉེ་གང་ཞིག་གིས་གཟུགས་མཐོང་སླེབས་བྱུང་། གང་ནས་གང་དུ་ཐོན་པ་དང་རླངས་འཁོར་རྙེད་མིན་གྱི་ཕྱོགས་ནས་ཁ་བརྡ་གློད་བྱུང་། ཁོ་མོས་ཁྱོད་རང་དཀའ་ལས་གཏད་སོང་། འོ་བརྒྱལ་མྱངས་སོང་། སྡུག་ལ་སྦྱར་སོང་། དེ་ལྟར་རང་གིས་རང་ལ་གཤེ་གཤེ་དང་མནར་གཅོད་ཐེབས་པའི་སྐད་ཆ་མང་པོ་ཞིག་གིས་ང་ལ་དགོངས་ཡངས་ཞུས། སྐད་ཆ་དྲང་མོ་ཞིག་བཤད་ན། ངས་དེ་ནི་སྡུག་བསྔལ་ཞིག་དང་དཀའ་ལས་ཤིག་ཡིན་པར་སེམས་མ་མྱོང་། རང་ཉིད་ཀྱི་དགའ་ཕྱོགས་དེ་གནས་བབ་ཅི་ཞིག་གི་འོབས་སུ་ལྷུང་དགོས་ཀྱང་། དེ་ལ་ཡིད་ཆད་དང་འཁང་ར་ཅི་ཡང་མེད་པ་བཞིན་ངས་ཀྱང་ལེ་བདའ་དང་འཁང་ར་ཅི་ལ་བྱེད། ཁྱོད་ཡོད་པས་ང་ལ་འཇིག་རྟེན་གྱི་སྣང་བར་ཚོན་བཏང་ཞིང་ཁེར་རྐྱང་གི་འཇིག་རྟེན་ལས་གྲོལ་བར་བྱས། དེ་བས། ངས་དེ་འདྲ་ཞིག་གང་ནས་དྲན། ངེད་གཉིས་ཕན་ཚུན་ལ་འགྱོང་གདུང་དང་ལེ་བདའ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་རྗེས། མི་ཡུལ་འདིར་སྨག་རུམ་གྱིས་ཡོངས་སུ་ཁེབས་ཤིང་རི་སྤྱང་གི་བཀྲེས་སྐད་ཀྱང་ལུང་ཁོག་ནས་བསྒྲོགས་བྱུང་།
ངེས་མེད་ཀྱི་རླུང་བུ་གློ་བུར་དུ་ལྡང་ཞིང་མུན་ནག་གི་ལུང་བ་འདིར་འཁྱགས་སིབ་སིབ་ཏུ་གྱུར། ཅུང་མ་འགོར་བར་རླངས་འཁོར་མདུན་གློག་གསལ་བོ་ཅན་ཞིག་ཐོན་བྱུང་། དེ་ནི་འཁྱག་འདྲུད་རླངས་འཁོར་ཆེན་པོ་ཞིག་རེད། དེས་ཀྱང་རི་ཉུལ་བའི་དོན་དག་དེ་ཤེས་མེད་པ་འདྲ། ཁོ་རང་ཕྱིར་གནའ་མཁར་ཟི་ལིང་དུ་འགྲོ་དགོས་ཐུག རླངས་འཁོར་ཁ་ལོ་བ་དེ་རྒྱ་མ་རོང་ཞིག་རེད། ངས་ང་རང་སློབ་མ་ཞིག་ཡིན་ཚུལ་དང་གནའ་མཁར་ཟི་ལིང་ན་དོན་དག་གལ་ཆེན་ཞིག་ཡོད་ཚུལ་མང་པོ་ཞིག་ལབ་པ་ཡིན། ཁོས་ཀྱང་ང་རང་རླངས་འཁོར་ནང་དུ་འཇོག་པར་མོས་འཐད་བྱུང་། དེ་ལྟར་འཁྲེང་ཞེན་གྱི་མིག་ཟུང་མ་འོངས་ཀྱི་ཐུག་འཕྲད་ལ་གཏད་དེ་ང་རང་ཆུང་འདྲིས་ཀྱི་ཕྱོགས་སུ་ལམ་ལ་ཆས། དཀའ་སྡུག་ནི་ཅི་ལྟར་ཡིན་ཡང་ཆོག མདུན་ལམ་ནི་དེ་ལྟར་དོགས་ཀྱང་ཆོག ང་ཁྱོད་ཀྱི་ཕྱོགས་སུ་ཆུ་བོ་བཞིན་བཞུར་ནས་ཡོང་། ཡང་ན་ཐང་དཀར་བཞིན་འཕུར་ནས་ཡོང་།
 
        མཚན་མོ་དེར། ང་རང་གནའ་མཁར་ཟི་ལིང་དུ་འབྱོར་དུས། ཕལ་ཆེར་མཚན་གུང་གི་དུས་ཚོད་གསུམ་ལས་ཡོལ་ཞིང་གློག་འོད་ཀྱི་ཁྲ་ཚོམས་དེས་མུན་ནག་གི་འཇིག་རྟེན་ལ་འོད་སྣང་གིས་ཁྱབ། ང་རང་རླངས་འཁོར་འབབ་ཚིགས་སུ་འབྱོར་མ་ཐག་གླ་གཏོང་རླངས་འཁོར་ཞིག་གླས་ནས་ཁོ་མོའི་སྡོད་གནས་དེ་གླ་གཏོང་ཁ་ལོ་བར་བཤད་པ་ཡིན། ང་རང་སྒོ་འགྲམ་དུ་ཐོན་དུས། སྡོང་བོ་བཞིན་འགྲེང་བའི་ཁོ་མོས་དུས་ཡུན་ངེས་ཅན་ཞིག་ལ་སྒོ་འགྲམ་དེ་ནས་ང་རང་བསྒུགས་པ་ཤེས་ཐུབ།  ཡུན་རིང་མ་ཐུག་པའི་དྲན་གདུང་དེས་ཁོ་མོའི་མིག་ཟུང་གཉིས་ལས་མཆི་མ་འཛུམ་ཞིང་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་ངའི་ལུས་ལ་འཁྱིལ་ཞིང་སྦྱར། མིག་ཟུང་གི་མཆི་མ་ཉིལ་ཉིལ་དུ་བཞུར་ནས་དྲན་གདུང་གི་ཤུགས་རིང་ཐེངས་འགར་འཐེན་ཏེ། མོ་རང་ཡིད་ཚིམ་པ་ཞིག་ངུས་བྱུང་། སྐབས་རེར། དྲན་གདུང་ནི་བར་ཐག་གིས་བསྩལ་བའི་བདེ་སྐྱིད་ཅིག་ཡིན་ལས་ཆེ། མིག་ཟུང་གི་མཆི་མ་དེའང་ནང་སེམས་ཀྱི་སྡུག་བསྔལ་ཕྱི་རུ་གཏོང་བའི་ཐབས་ལམ་བཟང་ཤོས་ཤིག་ཡིན་ལས་ཆེ། སྙིང་ཉེ་ལགས། ཁྱོད་ཀྱི་ནང་སེམས་ན་སྨུག་སྤྲིན་བཞིན་འཐིབས་པའི་དྲན་གདུང་དེ་དྭངས་ཐབས་ཤིག་ཡོད་ན། ཁྱོད་རང་ཡིད་ཚིམ་པ་ཞིག་ངུས་དང་། ངས་ཁྱོད་ལ་བྱས་ཡུས་དང་མཆི་མ་འདོན་རོགས་བྱེད་ཆོག
      ༢༠༢༠.༥.༣༠ཉིན་རྨ་འགྲམ་གྱི་ཁང་མིག་ཐབས་རྡུགས་ཤིག་ནས་ཕྱིར་དྲན་གྱི་ཚུལ་དུ་སྦྱར།
                                      རྩོམ་སྒྲིག་པ། འཕགས་མི།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease