བརྩོན་འགྲུས་ནི་ཀུན་གྱི་རྨང་གཞི་ཡིན།

    རྩོམ་པ་མོ། མཁའ་མོ་རྒྱལ།


བརྩོན་འགྲུས་ནི་ཀུན་གྱི་རྨང་གཞི་ཡིན།

             ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་རི་མོ་གསབ་སྦྱོང་འཛིན་གྲྭའི་མཐོང་ཐོས།
                          
མཁའ་མོ་རྒྱལ།  ཟི་ལིང་།


       བདག་གི་བུ་མོ་སློབ་ཆུང་མཐར་ཕྱིན་རྗེས་ཀྱི་དབྱར་ཁ་དེར།  མོ་ཀྲུང་དབྱང་མཛེས་རྩལ་སློབ་ཆེན་ཟུར་གཏོགས་སློབ་འབྲིང་གི་རི་མོའི་གསབ་སྦྱོང་འཛིན་གྲྭར་ཞུགས།  དེ་ནས་བཟུང་དམའ་འབྲིང་གི་དབྱར་གནང་དགུན་གནང་ཧྲིལ་བོར་རི་མོའི་གསབ་སྦྱོང་འཛིན་གྲྭ་དེར་ཞུགས་ཀིན་ཡོད།  གསབ་སྦྱོང་འཛིན་གྲྭ་དེ་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་སྤེལ་གྱིན་མཆིས་ཤིང་།  བུ་མོའི་ཞོར་དུ་བདག་གིས་ཀྱང་སློབ་གྲྭ་དེ་དངོས་སུ་མཐོང་ལ། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་གནས་ཚུལ་མང་པོའང་དགེ་སློབ་དུ་མ་ལས་རྒྱུས་ལོན་བྱེད་ཐུབ་པ་བྱུང་།

      ངེད་གཉིས་སློབ་གྲྭར་སླེབས་པའི་དུས་ནི་དབྱར་ཟླ་བདུན་པའི་ཞོགས་པ་ཞིག་ཡིན།  མཚན་ནུབ་ཆར་བ་བབས་པས་སློབ་གྲྭའི་སྲང་ལམ་ཡོངས་འོད་འཁྱུག་གེར་གནས་ཤིང་།  ལྗོན་པའི་གསེང་ནས་འཁྲི་ཤིང་གིས་གཡོགས་པའི་ཐོག་ཁང་གང་མང་ལྷང་ངེར་མངོན།  ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་སྙན་གྲགས་སྔར་ནས་ཐོས་ཤིང་སློབ་གླིང་དེར་རྟག་པར་ཡིད་སྨོན་སྐྱེས་མྱོང་བས་ཐོག་མར་མིག་ལམ་དུ་སྣང་བ་ན་སྤྲོ་བ་བརྗོད་ལས་འདས།  བདག་གི་བུ་མོས་བུ་བཅོལ་ཁང་ནས་མགོ་བརྩམས་ཏེ་རི་མོ་སྦྱངས་པ་དང་།  སློབ་ཆུང་གི་དུས་སྐབས་ཧྲིལ་བོའི་གཟའ་མཇུག་གི་དུས་ཚོད་ཡོངས་སུ་འབད་བརྩོན་བསྐྱེད་དེ།  མོའི་རི་མོའི་ཆུ་ཚད་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་དགེ་རྒན་བཟང་བོ་ཞིག་ལ་བསྟེན་རྒྱུ་བདག་གི་ནམ་ཡང་སེམས་སུ་བཅགས་པ་ད་ནི་དོན་ཐོག་ཏུ་འཁྱོལ་ཡོང་སྙམ་ནས་སྤྲོ་བ་རབ་ཏུ་འཕེལ་ཞིང་།  འདི་གའི་ཕྱིའི་ཁྱད་འཕགས་ཀྱི་བཀོད་པ་ཁོ་ནའང་སློབ་མ་ཚོའི་རི་མོ་འབྲི་སྦྱང་ལ་ཤིན་ཏུ་སྨན་པ་མཐོང་ནས་ཡིད་སེམས་དབང་མེད་དུ་བཀུགས།  སློབ་གྲྭའི་སྒོ་དང་སྒེའུ་ཁུང་ཕལ་ཆེར་ཆེ་ཆུང་མི་འདྲ་བའི་དབྱིབས་ཤར་མོ་ཤར་མོར་གྲུབ་ཅིང་།  གློག་བརྙན་སྤྱིན་ཤོག་གི་རྣམ་པ་ལྟར་ཇུས་འགོད་འཛུགས་སྐྲུན་བྱས་པ་བལྟས་མ་ཐག་ནས་རྟོགས་ཐུབ།  སློབ་ཁྲིད་ཐོག་ཁང་དང་ཟ་ཁང་།  ཉལ་ཁང་རྣམས་ཁང་རྩེག་ཉིས་ཐོག་ཙམ་གྱི་ཨར་བཟོས་བར་སྣང་བགྲོད་ལམ་ཞིག་གིས་ཡོངས་སུ་སྦྲེལ་ཏེ།  དེ་གར་རྒྱུ་བའི་སློབ་མའི་མིག་ལམ་དུ་ཁོ་ར་ཁོར་ཡུག་གི་སྡོང་བོའི་ཡལ་འདབ་དང་ལོ་མའི་ཚོགས་གསལ་གསལ་དག་དག་གིས་མཐོང་ཐུབ་ལ།  དེས་ཀྱང་ཕྱི་རོལ་སྐྱེ་དངོས་ཞིབ་འབྲི་ལ་ཕན་ཐོགས་ཆེ་བར་སྣང་ཞིང་།  ས་ངོས་ནས་སྐྱེས་པའི་འཁྲི་ཤིང་སྣ་ཚོགས་བར་སྣང་བགྲོད་ལམ་གྱི་ཀ་བར་འཁྲིལ་ནས་ཡར་འཕགས་ཏེ།  བར་སྣང་རྒྱུ་ལམ་སྟེང་གི་རྐུབ་སྟེགས་རིང་མོའི་གཞོགས་ངོས་སུ་དཀྲིས་འདུག་པར།  ཉིན་མོའི་འོད་དང་མཚན་མོའི་གློག་གི་སྣང་བར་བསྟུན་ནས་འཁྲི་ཤིང་གི་མེ་ཏོག་དང་ལོ་མ།  ཡལ་ག  གཞུང་རྟ་སོགས་ཀྱི་ཁ་དོག་དང་གྲིབ་གཟུགས་མི་འདྲ་བས་སློབ་མའི་རྒྱུད་ལ་ངམ་ངང་ཤུགས་ཀྱིས་རང་བྱུང་མཛེས་སྡུག་གི་བག་ཆགས་ཟབ་མོ་འཇོག  སློབ་གྲྭའི་ཁོར་ཡུག་ཀུན་ཏུ་རི་མོ་འབྲི་བྱེད་ཀྱི་སྒྲོམ་གཞི་སྣ་ཚོགས་མཐོང་ཐུབ་ལ།  སྡོང་འོག་དང་ལམ་འགྲམ།  མེ་ཏོག་ཉི་དགའི་ཞིང་ས་སོགས་སུ་ཆར་བ་འབབ་དུས་དང་ཉི་མ་ཤར་དུས་གང་རུང་ལ་རི་མོ་འབྲི་བཞིན་པའི་སློབ་མ་མང་པོ་མཐོང་ཐུབ།  བློ་ཞིབ་མོས་རི་མོ་འབྲི་མཁན་སློབ་མ་དག་གིས་སོ་སོའི་གམ་དུ་བཅར་བའི་ལྟད་མོ་བར་སྣང་དོགས་སྤུ་ཙམ་མི་བྱེད་པར་བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་བསྐྱེད།  ཁོ་ཚོའི་ཞྭ་སྨྱུག་ཐོགས་པའི་ལག་པ་འབྲི་ཤོག་ངོས་སུ་གར་ལ་རྩེན་པར་ཞིབ་ཏུ་བལྟས་ཚེ།  མཛུབ་མོ་དང་ལག་རྒྱབ་ལ་སེར་གས་ཁྱབ་ཅིང་སེན་མོའི་བར་དག་དུ་ནག་དྲེགས་ཆགས་འདུག་པར་མ་ཟད།  མཁྲིག་མའི་ཡན་ལ་རྨ་ཤུལ་གྱིས་ཁྱབ་འདུག  ལྷག་པར་དུ་ཕྱོགས་སོ་སོ་ནས་ཡོང་བའི་རྒྱུགས་སྤྲོད་གྲ་སྒྲིག་པ་དག་གིས་ཉིན་མཚན་དབྱེར་མེད་ངང་འབད་བརྩོན་བསྐྱེད་དེ།  དགུན་གྲང་ལྷགས་ཆེ་བའི་གཞུང་ལའང་ཕྱི་རོལ་ནས་སྐྱ་རིས་འབྲི་སྦྱང་ཡང་ཡང་བྱས་པ་ན།  གྲང་རེག་གིས་ལག་པ་ཕྱིད་དེ་སེར་ག་གས་ཤིང་དེ་ལས་ཁྲག་དམར་བཞུར་བཞིན་པ་ཤིན་ཏུ་མང་སྐད།

       གསབ་སྦྱོང་འཛིན་གྲྭ་ཚུགས་སྐབས་རེར་དགེ་རྒན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་སྙིང་སྟོབས་ནན་གྱིས་བརྗོད་པ་ཇི་བཞིན་དུ།  འདི་གའི་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་བུ་མང་ཆེ་ཤོས་ཀྱིས་འབྲིང་རྒྱུགས་སྔུན་ལ་རི་མོའི་དཔེ་དེབ་བརྒྱ་ཕྲག་ལད་འབྲི་རྫོགས་པར་བགྱིས་ཤིང་།  དེ་ནས་རྒྱལ་ཡོངས་གཅིག་གྱུར་གྱི་རི་མོའི་མཐོ་རྒྱུགས་ལ་མ་ཞུགས་སྔོན་རི་མོ་དཔེ་དེབ་དེ་ལས་མང་པོ་ལད་འབྲི་རྫོགས་པར་བགྱིས་ཟིན་ཟེར།  ད་དུང་ནན་གྱིས་བཤད་རྒྱུར།  "རི་མོ་འབྲི་བ་ནི་ཤིན་ཏུ་དཀའ་སྡུག་ཆེ་བའི་ལས་རིགས་ཤིག་ཡིན།  ཉིན་བཅུ་ཤས་རིང་གི་གསབ་སྦྱོང་ལ་ཞུགས་པའི་སློབ་གྲོགས་ཚོས་དུས་ཡུན་ཐུང་ངུར་འབྲི་རྩལ་མངོན་གསལ་གྱིས་མཐོར་འདེགས་བྱ་མི་ཐུབ་མོད།  འོན་ཀྱང་།  འཛིན་གྲྭ་འདིར་ཞུགས་ཚེ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་ནི་མིའི་བསྲན་གཟུགས་ལ་སྦྱོང་བརྡར་བྱེད་ས་ཞིག་དང་མིའི་ཤེས་སྟོབས་ལ་ངར་སྐུལ་གཏོང་ས་ཞིག་ཡིན་པ་ཉམས་སུ་མྱོང་ཞིང་།  རང་ཡུལ་དུ་ལོག་རྗེས་ཀྱང་སློབ་གླིང་འདིའི་སུན་སྣང་བྲལ་བའི་འབད་པ་དང་བླ་ན་འཕགས་པའི་སྙིང་སྟོབས་རྒྱུད་ལ་སྦྱར་ཏེ་མུ་མཐུད་ནས་བརྩོན་པ་ལྷོད་མེད་བྱ་དགོས།  ཁྱོད་ཚོ་བློ་རིག་ཆེས་རྣོ་བའི་ན་ཚོད་འདིར་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ཐུན་མིན་སྙིང་སྟོབས་ཉམས་སུ་མྱོང་ཐུབ་པ་ནི་དངོས་གནས་དོན་སྙིང་ལྡན་ཞིང་།  སྙིང་སྟོབས་འདི་ནི་མི་ཚེའི་བཤུལ་ལམ་རིང་མོར་ཆེས་ཕུལ་དུ་བྱུང་བའི་ལམ་རྒྱགས་སུ་འགྱུར་སྲིད"ཅེས་སྨྲས།

       སློབ་གླིང་དེར་དངོས་སུ་སོང་བ་དང་བསྟུན་ནས།  ཕུགས་འདུན་ནི་བརྩོན་འགྲུས་ཀྱི་དཔུང་ངར་ལ་བརྟེན་ནས་མཐོན་པོར་འདེགས་པའི་དར་ཆ་ཞིག་ཡིན་པའི་ངེས་ཤེས་སྔར་ལས་བསྐྱེད་ཅིང་།  རིན་ཆེན་གསེར་ལས་ལྷག་པའི་དུས་ཚོད་ཅེས་པའི་ཐ་སྙད་ཀྱང་ཅི་ལྟར་རྙེད་པར་ཤེས་རྟོགས་བྱུང་།  སློབ་གླིང་འདི་གའི་དངོས་སློབ་ཚོས་དུས་ཚོད་ཇི་ལྟར་དམ་འཛིན་བྱེད་ཚུལ་སྨྲ་བརྗོད་ལས་འདས་པ་སྨོས་མ་དགོས་པར།  དབྱར་གནང་དགུན་གནང་གི་ཉིན་འགའི་གསབ་སྦྱོང་འཛིན་གྲྭའི་སློབ་མ་ཚོས་ཀྱང་ནངས་མོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་བར་གཅིག་གྱུར་གྱིས་རི་མོ་འབྲི་སྦྱོང་བྱེད་ཅིང་།  ཟས་བཟའ་སྐབས་དང་གཉིད་མ་ཉལ་སྔོན།  ཐ་ན་སྤྱི་སྤྱོད་རླངས་འཁོར་དུ་སྡོད་དུས་སུའང་སྐྱ་རིས་མགྱོགས་བྲིས་རྒྱུན་མི་ཆད་པར་སྦྱོང་གིན་མཆིས།  ངའི་བསམ་ཚུལ་ལ།  གསབ་སྦྱོང་གི་དུས་ཡུན་ཐུང་ངུའི་ནང་དུའང་བུ་མོའི་རི་མོ་འབྲི་རྩལ་དང་བསམ་བློའི་བྱང་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཞིང་།  ཁྱིམ་བདག་གཞན་དག་ལའང་དེ་འདྲའི་ངེས་ཤེས་བསྐྱེད་ཀྱིན་འདུག་སྟེ།  འདི་ག་ནས་ད་གཟོད"མཁས་པ་སློབ་པའི་དུས་ན་སྡུག །  བདེ་བར་སྡོད་ལ་མཁས་མི་སྲིད། །  བདེ་བ་ཆུང་ལ་ཆགས་པ་དེ། །  ཆེན་པོའི་བདེ་བ་འཐོབ་མི་སྲིད། །"ཞེས་པའི་ལེགས་བཤད་ཀྱི་གོ་བ་གསལ་བོར་ལོན་ཞིང་།  ཆེད་ལས་ལག་རྩལ་མི་སྣ་ཅི་ལྟར་གསོ་སྐྱོང་བྱེད་པའི་མ་དཔེ་གསོན་པོ་ཞིག་ཀྱང་མཐོང་ཐུབ།

       སྐུ་ཞབས་ཀྲུང་ལགས་ནི་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ཆེད་མཁས་ཚོན་རིས་ཀྱི་དགེ་རྒན་གཙོ་གྲས་ཤིག་ཡིན།  ཁོར་སྒེར་གྱི་རི་མོའི་ལས་སྒྲུབ་ཁང་ཡོད་པར་མ་ཟད།  ལས་སྒྲུབ་ཁང་དུ་བརྩམས་ཆོས་སྣ་ཚོགས་ཀྱིས་ཁེངས་འདུག  ང་ཁོའི་ལས་སྒྲུབ་ཁང་ལ་ཕྱིན་པའི་སྐབས་དེར།  མཐོ་ཚད་སྨི་དྲུག་དང་ཞེང་ཚད་སྨི་བཅུ་གཉིས་ཅན་གྱི་ལོ་རྒྱུས་སྣུམ་ཚོན་རི་མོ་ཞིག་འབྲི་བའི་སྒང་རེད།  ཤ་རིད་པའི་དགེ་རྒན་ཀྲུང་གིས་སྐས་ཐེམ་ལ་བརྟེན་ནས་བརྩམས་ཆོས་འབྲི་བཞིན་འདུག  སློབ་མ་འགས་ཀྱང་ཁོའི་ངག་བཀོད་ལྟར་ཚོན་ཆེན་བྱུགས་པ་དང་མི་སྣ་ཕལ་བའི་རྣམ་པ་འབྲི་རོགས་བྱེད་ཀྱིན་མཆིས།  མཐོ་ཞིང་ཆེ་བའི་རས་གཞིའི་ངོས་སུ་གཟུགས་བོངས་ཆུང་བའི་དགེ་རྒན་ཀྲུང་ནི་རི་མོའི་ཁྲོད་ཀྱི་མི་སྣ་ཞིག་གི་ཆེ་ཆུང་ལས་མེད་པར་སྣང་ནའང་།  ཁོའི་པིར་རྩེ་ལས་ཐོན་པའི་མི་སྣ་ནི་ལུས་སྟོབས་རྒྱས་ཤིང་གསོན་ཉམས་དོད་པ།  མིག་འབྲས་ཀྱི་ཁྲག་རྩ་མངོན་པར་གསལ་བ།  དཔུང་བའི་ཤ་གནད་སྲ་མཁྲེགས་སུ་གནས་པ།  ལག་པའི་རྩ་ཆེན་འབུར་འཁྱོག་ཏུ་བཀོད་པ་སོགས་ཞིབ་ཏུ་བྲིས་ནས་མི་སྣའི་བློ་སྤོབས་དང་ངར་ཤུགས་རྣམས་ལྟད་མོ་བའི་མིག་སྔར་གསལ་དག་གིས་སྟོན་པར་བྱེད།

       ཁོས་བཤད་རྒྱུར།  "སྔོན་བདག་གིས་ཨུ་རུ་སུའི་ལའེ་པིན་མཛེས་རྩལ་སློབ་གླིང་ནས་སྣུམ་ཚོན་རི་མོ་སྦྱོང་སྐབས།  ནམ་ཟླའི་གྲང་ངར་ཁྲོད་ནས་ལག་པར་སེར་གས་ཁྱབ་ཏེ་ཟུངས་ཁྲག་ཡང་ཡང་བཞུར་མྱོང་ལ།  འཚོ་བའི་ཐད་དཀའ་ཁག་མང་པོར་འཕྲད་།  ཡིན་ཡང་རི་མོའི་འབད་བརྩོན་གྱི་རྒྱུན་ཆད་མ་མྱོང་།  ལོ་ངོ་བདུན་གྱི་རིང་ལ་ཨུ་རུ་སུ་ནས་བརྩོན་པ་ལྷུར་ལེན་བྱས་ཐོག་ཕྱིར་རྒྱལ་ནང་དུ་ལོག་སྟེ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་བྱས།  ལས་གནས་སུ་ཞུགས་ཏེ་ད་ལྟའི་བར་ལོ་བརྒྱད་འགོར་ཡང་དགུན་ཁ་སླེབས་ཚེ་ལག་པར་ན་ཟུག་ལངས"ཞེས་བརྗོད།

       ཁོས་མུ་མཐུད་དུ་བཤད་རྒྱུར།  "འཇིག་རྟེན་དུ་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་རེ་གཉིས་ཡོད་པ་བདེན་ཡང་།  སྦྱངས་སྟོབས་ཀྱི་ཡོན་ཏན་ནི་ངེས་པར་རྒྱུན་ཆད་མེད་པའི་འབད་བརྩོན་ལ་བརྟེན་དགོས།  དགེ་རྒན་ནི་ལམ་ཕྱོགས་སྟོན་མཁན་ཙམ་ཡིན་པ་ལས།  བྱ་བ་ཆེ་ཆུང་ཚང་མ་རང་གི་བརྩོན་འགྲུས་ལ་བརྟེན་ནས་སྒྲུབ་དགོས།  ལམ་རིང་ཐུང་གང་ཡིན་ཡང་རང་ཉིད་དངོས་སུ་བགྲོད་དགོས།  མདོར་ན།  ཡོད་ཚད་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་རྒྱུ་ལས་མེད།  ལོ་བཞི་ཅུར་སོན་མ་ཐག་པའི་ངའི་སྐྲ་ལོ་ཡོངས་སུ་མོག་པོར་གྱུར་དོན་ནི་གནོན་ཤུགས་ཀྱི་དབང་གིས་ཡིན་ལ།  གནོན་ཤུགས་ཀྱིས་དེད་པས་རྟག་པར་བརྩོན་པ་བསྐྱེད་དེ།  རི་མོའི་ཆུ་ཚད་ལོ་རེ་བཞིན་འབུར་དུ་ཐོན་གྱིན་ཡོད"ཅེས་སྨྲས།

       ཁོས་ད་དུང་བཤད་རྒྱུར།  "རི་མོར་འཇུག་པའི་ལམ་ཁ་འདེམས་པ་ནི།  དུས་ཡུན་རིང་བོར་ཁེར་རྐྱང་དང་དཀའ་སྡུག་གིས་བསྐྱོད་པའི་བཤུལ་ལམ་ཞིག་ལ་གོམ་ཁ་བསྒྱུར་བ་ཡིན།  བཤུལ་ལམ་འདི་ནས་རྒྱུན་འཁྱོངས་ཀྱིས་ཕ་མཐར་མ་ཕྱིན་ཚེ།  རྟག་པར་རྗེས་ལུས་དང་གནས་དབྱུང་ཐེབས་པའི་ཉེན་ཁའི་གནས་སུ་ལྷགས་ཡོད་པ་ངེས་པར་རྟོགས་དགོས།  བརྩོན་འགྲུས་ཀྱི་གོ་ཆ་སྤྲས་པའི་མི་ལ་འགྲན་རྩོད་ཀྱི་གཡུལ་ངོར་རྒྱལ་ཁའི་དར་ཆ་བསྒྲེང་བའི་གོ་སྐབས་ཐོབ་ཆོག  དེ་ལས་ལྡོག་ཚེ་རྒྱལ་ཁ་ཞེས་པ་ཡོད་མི་སྲིད"ཅེས་སྨྲས།

       ས་མཐོ་རི་གཟར་ལ་ལུང་དུ་ཐར་ཐོར་ངང་གནས་པའི་བདག་ཅག་མི་རིགས་ཀྱིས་སློབ་གསོར་བཅངས་པའི་ལྟ་ཚུལ་དང་ནང་ལོགས་ས་ཁུལ་གྱི་མིས་སློབ་གསོར་བཟུང་བའི་ལྟ་ཚུལ་བར་དུ་ཧེ་བག་ཆེན་པོ་གནས།  གསབ་སྦྱོང་འཛིན་གྲྭར་བྱིས་པ་སྐྱེལ་ཡོང་བའི་ནང་ལོགས་ཀྱི་ཁྱིམ་བདག་རེ་འགས།  "ང་ཚོས་རང་གི་ནུས་སྟོབས་ལ་བརྟེན་ནས་འཚོ་བ་རོལ་དགོས་པས།  བྱིས་པའི་སློབ་སྦྱོང་གི་གྲུབ་འབྲས་ལེགས་ཉེས་ལས་ཁྱིམ་ཚང་གི་མ་འོངས་པའི་འཚོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད།  དེ་བས།  བུ་ཕྲུག་གི་སློབ་སྦྱོང་དམ་འཛིན་བྱེད་རྒྱུ་ནི་ཁྱིམ་མི་གང་བོའི་འགན་འཁྲི་ཡིན།  ཕས་སྒོར་མོ་བཙལ་ནས་སློབ་ཡོན་མཁོ་སྒྲུབ་བྱེད་པ་དང་།  མས་ཁ་ཟས་གཡོ་སྦྱོར་བྱེད་ཀྱིན་བུ་ཕྲུག་གི་སློབ་སྦྱོང་ལ་ལྟ་རྟོག་བྱེད་པ་ནི་དུས་སྔ་མོ་ནས་ཁྱིམ་ཚང་དཀྱུས་མ་ཞིག་གི་སྲོལ་རྒྱུན་དུ་གྲུབ་ཡོད།  སྔོན་གྱི་ཞིང་གྲོང་གི་མིས་བུ་ཕྲུག་སློབ་གྲྭར་བཅུག་སྟེ།  ཕོགས་ཐོབ་ཡོད་པའི་ལས་བྱེད་ཀྱི་སྡེ་རུ་ཚུད་པར་རེ་ཞིང་།  ལས་བྱེད་པའི་བུ་ཕྲུག་ཀྱང་མུ་མཐུད་དུ་སློབ་གྲྭར་བཅུག་སྟེ།  ཕ་མ་ལས་འཇོན་ཐང་ཆེ་བ་ཞིག་འབྱུང་བར་བརྩོན།  དེ་ལྟར་གོང་ནས་གོང་དུ་འཕེལ་རྒྱུ་དམིགས་འབེན་ཡིན་ལ།  དེང་སྐབས་རྒྱལ་ནང་གི་སློབ་གླིང་ལེགས་ཤོས་སུ་ཞུགས་རྒྱུ་དང་རྒྱལ་ཕྱིའི་སློབ་གླིང་གྲགས་ཅན་འགྲིམ་རྒྱུ་ལག་ལེན་དུ་བསྟར་གྱིན་མཆིས་ཏེ།  ཡོན་ཚད་ཅི་ལྟར་མཐོ་ན་དཔལ་འབྱོར་ཡོང་སྒོ་དེ་ལྟར་ཆེ་བས།  བུ་ཕྲུག་གི་གནས་བབ་ཀྱིས་ཁྱིམ་ཚང་འཕེལ་རྒྱས་སུ་གཏོང་བ་དང་།  རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་ཐུབ"ཟེར།

       ཉིན་རེའི་སྔ་མོར་བདག་གིས་བྲེལ་འཚུབ་ངང་བུ་མོ་སློབ་གླིང་དུ་སྐྱེལ་དགོས།  ལས་ཀ་དེ་གྲུབ་རྗེས་ཕལ་ཆེར་བྱ་བ་གཞན་མེད་ཅིང་།  ཞོགས་པའི་ཚོང་ར་བརྒྱུད་ནས་ག་ལེར་ཕྱིར་ལོག་པའི་ལམ་དུ་རྟག་པར་རྒུན་འབྲུམ་འཚོང་བའི་སྐྱེས་མ་ཞིག་ལ་འཕྲད་སྲིད་ཅིང་།  རིམ་གྱིས་མོར་འདྲིས་ནས་གླེང་མོལ་སྣ་ཚོགས་བྱས།  མོས་ང་རི་མོ་སྦྱོང་མཁན་སློབ་མ་ཞིག་གི་ཁྱིམ་བདག་ཡིན་པ་ཤེས་ཏེ་བཤད་རྒྱུར།  "ངའི་བུ་མཛེས་རྩལ་སློབ་གླིང་གི་མཐོ་འབྲིང་གཉིས་པའི་སློབ་མ་ཡིན།  བུ་ལ་སློབ་གྲྭའི་ཟས་མ་འཕྲོད་པར་རྒྱུན་དུ་གྲོད་ཁོག་ན་བས།  ངེད་བཟའ་ཟླ་གཉིས་ཀས་ཕ་ཡུལ་ཧྲན་ཏུང་ཡཱན་ཐེར་སིལ་ར་ཞིག་ཡོད་པ་གཞན་ལ་གླས་ཤིང་།  འདི་གར་ཁྱོ་གས་ཞོར་ལས་བྱེད་པ་དང་ངས་རྒུན་འབྲུམ་འཚོང་ཞོར་དུ་བུ་ལ་ཁ་ཟས་གཡོ་སྦྱོར་བྱེད་ཀྱིན་ཡོད"ཟེར།

       ཞིབ་ཏུ་བལྟས་ན།  ལམ་འགྲམ་འདིར་ཞོགས་འཚོང་རྒྱག་མཁན་དང་གླ་འཁོར་གཏོང་མཁན།  མགྲོན་ཁང་ཆུང་ངུ་གཉེར་མཁན།  སྟབས་བདེ་ཟ་ཁང་གཉེར་མཁན།  རི་མོའི་ཡོ་བྱད་འཚོང་མཁན་རྣམས་ཀྱི་གྲས་སུ་མཛེས་རྩལ་སློབ་གླིང་གི་སློབ་མའི་ཁྱིམ་བདག་མང་པོ་ཡོད་སྲིད་སྙམ་བྱུང་ལ།  རིན་གོང་བདེ་བའི་སྤྱིར་བཏང་གི་ཚོང་ཁང་དང་ཟ་ཁང་།  མགྲོན་ཁང་གང་རུང་རྣམས་སློབ་མ་སོ་སོའི་འཚོ་རྟེན་གྱི་འབྱུང་ཁུངས་ཡིན་སྙམ་བྱུང་།  མི་རིགས་འདིས་རང་སྟོབས་རང་སྤེལ་དང་གཅིག་ལ་གཅིག་བརྟེན་གྱི་ཚོང་ལས་གཉེར་བའི་གོམས་སྲོལ་བསྐྱངས་ནས་ས་ཁུལ་ངེས་ཅན་ཞིག་གི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་སྤེལ་གཏོང་ཞིང་།  ལས་ཀ་བ་ཕན་ཚུན་གྱི་དགོས་མཁོ་སྐོང་བ་དང་ཁེ་ཕན་བསྐྲུན་ཏེ།  མཛེས་རྩལ་སློབ་གླིང་འདི་ཉིད་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་མཐུན་རྐྱེན་དུ་གྱུར་འདུག་སྙམ་མོ།  །

       ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ཟུར་གཏོགས་སློབ་འབྲིང་ནི།  ཀྲུང་གོའི་མཛེས་རྩལ་སློབ་འབྲིང་རྩེ་གྲས་ཤིག་ཡིན་ཞིང་།  ཀྲུང་གོའི་སྒྱུ་རྩལ་པ་མང་པོར་ཕུགས་བསམ་གྱི་ལྗང་ལོ་འབུས་པའི་སློབ་གྲྭ་ཞིག་ཡིན།  ༡༩༥༣ལོར་བཙུགས་ཤིང༡༩༥༤ལོར་སློབ་གཙོ་ཐོག་མ་ཏེན་ཅིན་ཝུན(丁井文)ཀྲུང་གོའི་མཛེས་རྩལ་སློབ་གསོའི་བརྟག་དཔྱད་རུ་ཁག་དང་ལྷན་དུ་ཨུ་རུ་སུའི་མོའོ་སི་ཁོའུ་མཛེས་རྩལ་སློབ་གླིང་དང་ལའེ་པིན་མཛེས་རྩལ་སློབ་གླིང་གི་ཟུར་གཏོགས་སློབ་འབྲིང་དུ་སོང་ནས་སློབ་གསོའི་མཉམ་མྱོང་བླངས་ཤིང་།  དེ་གའི་ཕུལ་བྱུང་སློབ་མའི་བརྩམས་ཆོས་དང་སློབ་ཁྲིད་རྩ་གནད་གཞིར་བཟུང་སྟེ་སློབ་ཁྲིད་ལེགས་བཅོས་བྱས་ལ།  མཛེས་རྩལ་སློབ་གླིང་གང་མང་དུའང་ཟུར་གཏོགས་སློབ་འབྲིང་བསྒྲུབས།  ལོ་བཅུ་ཕྲག་རིང་ལ་ཀྲུང་དབྱང་མཛེས་རྩལ་སློབ་འབྲིང་གིས་སློབ་མ་ཕུལ་བྱུང་ཅན༡༣༠༠ལྷག་གསོ་སྐྱོང་བྱས་ཏེ།  མཛེས་རྩལ་སློབ་གླིང་ཁག་ཏུ་ཕུལ་བྱུང་སློབ་མའི་དགོས་མཁོ་བསྐངས་པ་དང་།  སྤྱི་ཚོགས་ཀྱི་ལས་རིགས་གང་རུང་དང་དུ་ལེན་ནུས་པའི་བརྩོན་འགྲུས་ཅན་གྱི་མཛེས་རྩལ་མི་སྣ་གསོ་སྐྱོང་བྱས།

       བུ་མོ་དང་ངེད་གཉིས་མེ་འཁོར་ལ་བསྡད་ནས་ཕྱིར་ལོག་པའི་ལམ་དུ།  ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱི་དགེ་མཚན་གླེང་།  གསབ་སྦྱོང་འཛིན་གྲྭར་ཉིན་ཉི་ཤུ་ཙམ་ལ་འབད་བརྩོན་བགྱིས་མཐར་ལུས་ཕུང་མངོན་གསལ་གྱིས་རིད་པར་གྱུར་པའི་བུ་མོས།  "རྒྱ་མི་རིགས་ཁྲོད་དུ་རི་མོ་བ་གྲགས་ཅན་མང་པོ་འབྱུང་བཞིན་པ་ནི་ཁོ་ཚོའི་འབད་བརྩོན་གྱི་གྲུབ་འབྲས་ཤིག་རེད།  ད་ཐེངས་ངོས་ཟིན་ཐོབ་པ་ནི།  བདག་གི་རི་མོའི་འབྲི་རྩལ་འཕེལ་རྒྱས་སུ་སོང་བ་ཁོ་ན་མིན་པར།  དེ་འདྲའི་ལྷོད་མེད་ཀྱི་བརྩོན་འགྲུས་བསྐྱེད་ཚེ།  ཤེས་བྱ་ཅི་ཞིག་བསླབ་ཀྱང་ཕུལ་དུ་བྱུང་བའི་གྲུབ་འབྲས་འབྱུང་བ་སྨོས་མ་དགོས་པ་དེ་རེད"ཅེས་སྨྲས་བྱུང་།
                       
   རྩོམ་སྒྲིག་པ། འཕགས་མི།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease