འདས་ཟིན་པའི་རྐང་རྗེས།

    རྩོམ་པ་པོ། སྒོ་སྨྱུག་སྨྱོན།


འདས་ཟིན་པའི་རྐང་རྗེས།


                   རྩོམ་པ་པོ། སྒོ་འཛུལ་ཆོས་ཉིད།
      
གཅིག ང་རང་འཇིག་རྟེན་འདིར་མ་སླེབས་པའི་སྔོན་གྱི་ལོ་རྒྱུས་མདོར་ཙམ།
     ངའི་ཕ་ཁྱིམ་དྲོན་མོ་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་སྦྲ་ནག་གྲུ་བཞི་ཡི་འབྲོག་ཁྱིམ་ཞིག་ཏུ་གཞིས་ཆགས་ཡོད་ལ།  མཉམ་ལས་བགོས་པའི་རྗེས་ནས་བདག་གི་ཕ་མ་གཉིས་གཉེན་བསྒྲིགས་པ་ཡིན་ཏེ། བདག་གི་ཨ་ཕ་ནི་གཙང་སེང་གེ་དགོན་པའི་ཕྱོགས་ནས་ཡིན་པ་དང་ཨ་མ་ནི་དབལ་ཤུལ་གཙང་སྟོད་ནས་ཡིན། ཁོང་གཉིས་ཀྱིས་མཛའ་བརྩེའི་འོ་མ་ལྷན་དུ་བཞེས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་འདི་ཉིད་བསྐྱངས་པ་ཡིན། ཁོང་གཉིས་འབྲི་བརྒྱ་བཞོ་བའི་བདག་མོ་དང་རྒྱུ་ནོར་སྟོང་གི་བདག་པོར་གྱུར་པ་ནས་བཟུང་། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ངེད་ཚང་གི་རེ་བའི་ཐོག་མ་བདག་གི་ཕུ་བོ་དེ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན། དེའི་རྗེས་སུ་བདག་གི་ཨ་མ་ལ་ནད་གཞི་ལྕི་མོ་ཞིག་ཕོག་ནས་རང་རྫོང་གི་བོད་སྨན་ཁང་དུ་སྨན་པར་བསྟེན་ཏེ་ཡུན་རིང་འགོར་ཡང་། ནད་གཞི་ཇེ་སྡུག་ཏུ་སོང་ནས་མཐར་གཤགས་བཅོས་བྱེད་དགོས་བྱུང་།  དུས་དེ་ནས་བཟུང་བདག་གི་ཨ་ཕས་གཟའ་ཚང་གང་བོའི་ལྟོ་རྒྱབ་ཀྱི་ཆེད་དུ་ཚོང་ལས་བྱས་པ་ཡིན། སྐབས་དེར། རང་ཡུལ་ན་དགེ་བཅུའི་ལུགས་སྲོལ་ཡོད་ཀྱང་རྒྱ་བཤས་དང་སྒོ་བཤས་བྱེད་ཆོག་པས་ངེད་ཚང་གི་ཨ་ཕས་རླངས་འཁོར་ཆེན་པོ་གཉིས་ཀྱི་ནང་དུ་ཤིང་ལེབ་དང་ར་མ་མཛད་ནས་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་དུ་ཚོང་རྒྱག་ཏུ་ཕྱིན་པ་ཡིན། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ལམ་བར་དུ་ནགས་ལས་ཅུས་ཀྱིས་བཟུང་ནས་ཤིང་ལེབ་ཚང་མ་འཕྲོག་པར་མ་ཟད། ཆད་པ་ཡང་སྒོར་མོ་ཁྲི་གཉིས་གསུམ་ཙམ་ཤོར་སོང་། དེའི་སྐབས་ཀྱི་སྒོར་མོ་ཁྲི་གསུམ་ལ་ད་ལྟའི་སྒོར་མོ་ཁྲི་སུམ་ཅུ་བཞི་བཅུའི་རིན་ཐང་ཡོད་པས་སྡུག་བསྔལ་གྱི་མཚོ་མོར་ལྷུང་བ་མ་ཡིན་ནམ། ད་དུང་ར་མ་མང་ཆེ་ཤོས་ནི་ལམ་བར་ནས་ལྟོགས་སྐོམ་གྱིས་ཤི་སོང་བ་དང་། རྒྱ་ནག་སྤོས་ལྡན་གྲོང་ཁྱེར་ལ་སླེབས་སྐབས་ར་མ་འཚོང་སའི་སྦྱིན་བདག་རྒྱ་རྒན་དེ་ཡང་ཚིག་ཐོག་ནས་མ་བསྡད་པར་ར་མ་ཡང་ཕམ་ཚོང་མི་བྱེད་ཀ་མེད་བྱུང་། སྤྱིར་ན་ར་ཤ་རྒྱ་མ་གང་གིས་ཟུར་བདུན་རེ་ཁུག་དགོས་མོད། འོན་ཀྱང་། ཕམ་ཚོང་བྱེད་སྐབས་ར་ཤ་རྒྱ་མ་གང་གིས་ཟུར་གསུམ་དང་སྐར་ལྔ་ལས་མ་ཁུག སྒོར་མོ་དེས་ཕ་རྒན་ཕྱིར་ལོག་པའི་ལམ་གླ་ཡང་མ་འདང་། ཁོ་རང་ཕྱིར་ལོག་པའི་ལམ་བར་དུ་ཁ་ལོ་བ་བཟང་པོ་ཞིག་དང་འཕྲད་པས་ཕ་རྒན་ལ་ལམ་གླ་མ་བླངས་པར་མ་ཟད་ཟ་མ་ཡང་སྦྱིན་པར་བཤད། ཕ་རྒན་ཕྱིར་རང་ཁྱིམ་དུ་སླེབས་དུས་མི་ཁ་ཤས་ཀྱིས་ཁྱིམ་དུ་སྒུག་སྟེ་ཁོང་ཚོར་བུ་ལོན་དགོས་ཟེར་བཞིན་འདུག ཚོང་ལས་ལམ་དུ་མ་སོང་བའི་ཕ་རྒན་ལ་མཚོན་ན། སྐབས་དེའི་སེམས་ཁམས་ནི་ཅི་འདྲའི་ཉམ་ཐག་པ་ཞིག་ཡིན་ཨང་། དེ་ནས་ཉིན་འགའ་འགོར་རྗེས་སུ། སྦྲ་འགོའི་དར་ལྕོག་མན་ཆད་དང་སྒོ་ཁའི་ཁྱི་ཕོར་ཡན་ཆད་ཅེས་པའི་དཔེ་བཞིན། ངེད་ཚང་གི་ཐ་ན་ཅ་ནེ་ཡན་ཆོད་ཀྱི་དངོས་པོ་ཐམས་ཅད་བཙོང་ནས་བུ་ལོན་དགོས་པའི་སྦྱིན་བདག་རྣམས་ལ་སྟེར་དགོས་བྱུང་། གནས་ཚུལ་འདི་དག་ནི་ང་རང་ནར་སོན་ནས་ཕར་བཤད་གཏམ་གྱི་སྨྲ་དག་ཅིང་ཚུར་བཤད་གཏམ་གྱི་དོན་གོ་བའི་དུས་སྐབས་སུ་ཕ་མ་གཉིས་ཀྱིས་ང་ལ་བཤད་པ་ཡིན།


གཉིས།
ང་རང་འཇིག་རྟེན་འདིར་སླེབས་པའི་ལོ་རྒྱུས་མདོར་ཙམ།
སྤྱི་ལོ༡༩༩༢    ལོར་ང་རང་མི་ཡུལ་གྱི་ཆེས་བདེ་སྐྱིད་ལྡན་པའི་མགྲོན་ཁང་སྟེ་ཨ་མའི་དྲོད་འཇམ་གྱི་མངལ་དུ་སྦྲུམ་ནས་ཟླ་དགུ་ཞག་བཅུ་འགོར་རྗེས་མགྲོན་པོ་ཞིག་གི་ཚུལ་དུ་འཇིག་རྟེན་འདིར་སླེབས་བྱུང་། ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་འཇིག་རྟེན་མི་ཡུལ་ལ་མཆེད་པའི་ལོ་ནི་ཏག་ཏག་ངེད་ཚང་གི་རྒྱུ་འབྱོར་བ་ཐམས་ཅད་སྟོང་བར་གྱུར་བའི་དུས་དང་ཁེལ་ཡོད་སྟབས། ངེད་ཚང་གི་ཁྱིམ་མཚེས་དང་གྲོང་མི་འགའ་རེས་ང་ནི་ཁྱིམ་ཚང་ལ་གནོད་སྐྱེལ་བའི་བྱིས་པ་ཁ་ནག་ཅིག་རེད་ཟེར་ནས་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་སྨད་པ་བྱེད་སྲིད། འོན་ཀྱང་། ངའི་དྲིན་ཆེན་གྱི་ཕ་མ་གཉིས་ཀྱིས་ང་རང་སེམས་ཀྱི་ནོར་བུ་བཞིན་གཅེས་སྐྱོང་བྱས་ཏེ། ང་ལའང་འགྲོ་བ་མི་ཡི་འགྲོ་ལུགས་དང་གདོང་དམར་པ་ཡི་གོམས་གཤིས་སོགས་བསླབས་ནས་འཚར་ལོངས་བྱུང་དུ་བཅུག རིམ་བཞིན་དུས་ཀྱི་འགྲོས་དང་བསྟུན་ནས་ལོ་ངོ་བདུན་ལ་སོན་པའི་སྐབས་དེར་ངའི་ནུ་བོའང་འཇིག་རྟེན་མི་ཡུལ་ལ་སླེབས་བྱུང་། 
གོང་རིམ་སྲིད་གཞུང་གི་བཀོད་སྒྲིག་ལྟར། ང་ཡང་ལོ་ངོ་བདུན་ལ་སླེབས་པའི་སྐབས་སུ་སློབ་གྲྭར་འགྲོ་བའི་སྐལ་བ་ལྡན། སྐབས་དེར་དུས་ཚོད་ཀྱི་དབང་གིས། ཕ་མ་དང་ཡུལ་མི་མང་པོ་ཞིག་གིས་སློབ་གྲྭར་འགྲོ་བའི་དགོས་པ་དང་གལ་ཆེན་རང་བཞིན་སོགས་མི་ཤེས་པས། ང་རང་སློབ་གྲྭར་འགྲོ་བའི་དུས་ལ་སླེབས་ཚེ་སུས་ཀྱང་གཏོང་འདོད་མེད་མོད། འོན་ཀྱང་། གལ་ཏེ་གོང་རིམ་གྱི་བཀའ་བཞིན་མ་བསྒྲུབས་ན་འབྲི་གཡག་དང་སྒོར་མོ་སོགས་ཀྱི་ཆད་པ་སྟེར་དགོས། ངེད་ཚང་ལ་འབྲི་གཡག་ཉུང་བའི་རྐྱེན་གྱིས་ངའི་ཕུ་བོ་ངེད་གཉིས་ཀྱང་བྱིས་པ་གཞན་དག་དང་འདྲ་བར་སློབ་གྲྭར་འགྲིམས་པའི་སྐལ་བ་ལྡན། དེའི་སྐབས་སུ་ང་ཚོས་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པའི་བར་སྡེ་བའི་ནང་གི་སློབ་ཆུང་དུ་འདོན་དགོས་པ་དང་། ལོ་རིམ་བཞི་བ་ནས་ལོ་རིམ་དྲུག་པའི་བར་ནི་ཕ་ཡུལ་གྱི་ལྟེ་གནས་སློབ་ཆུང་དུ་སློབ་སྦྱོང་བྱེད་དགོས་པ་ཡིན། སློབ་གྲྭའི་སྒོམ་ཐེམ་དུ་གོམ་པ་སྤོས་པ་ནས་བཟུང་། དྲིན་ཆེན་ཨ་མས་ལག་མཆིག་ལས་འཐག་པའི་སྦྲང་དཀར་རྩམ་པ་ནི་ངའི་ཁ་ཟས་ཡིན་ལ། བྱམས་ལྡན་ཨ་ཕས་འཚེམ་དྲུབ་བྱས་པའི་རྟུའུ་དོར་ནག་པོ་ནི་ངའི་གྱོན་ཆས་ཡིན། ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་ན་ཡང་། ཕ་མ་གཉིས་ཀྱི་བཀའ་དྲིན་ལ་གྲང་ལྟོགས་ཀྱི་དཀའ་ངལ་ཅི་ཡང་མ་མྱོང་། དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས། ང་རང་ཀ་ཁའི་དབྱངས་རྟ་གྱེར་སའི་སློབ་ཆུང་ལས་མཐར་ཕྱིན་སོང་། སློབ་མཐར་ཕྱིན་སྐབས་རང་ཉིད་ལ་མཚོན་ན། ཕུགས་བསམ་གཅིག་ཡོད་པ་ནི་དགོན་པའི་ནང་དུ་ཕྱིན་ནས་གྲྭ་བ་བྱེད་བསམ་པ་དེ་ཡིན་མོད། འོན་ཀྱང་། ཕ་མ་དང་གཉེན་ཉེ་རྣམས་ཀྱིས་འཐད་པ་མ་བྱས། གང་ལྟར། ཡུན་རིང་སེམས་ལ་ཉར་བའི་རྨི་ལམ་ཞིག་དེ་ལྟར་རྩ་མེད་དུ་བཏང་བས། རིམ་བཞིན་སློབ་གྲྭར་མི་འགྲིམ་ཀ་མེད་བྱུང་། དེའི་རྗེས་ནས་ཕ་རྒན་བཀའ་དྲིན་ཅན་གྱིས་ང་རང་བྲག་མགོ་རྫོང་བོད་ཡིག་སློབ་འབྲིང་དུ་སློབ་གྲྭར་བསྐྱལ་བས། ཡང་བསྐྱར་ཁོར་ཡུག་གསར་པ་དང་དགེ་རྒན་གསར་པ། སློབ་གྲོགས་གསར་པ་ཡོད་པའི་གནས་སུ་སློབ་སྦྱོང་བྱེད་མགོ་བརྩམས་པ་ཡིན། དེ་ནས་ལོ་གསུམ་སོང་བའི་རྗེས་སུ་མུ་མཐུད་དུ་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཁམས་བྱང་མཐོ་རིམ་སློབ་འབྲིང་ལ་སློབ་གཉེར་བྱེད་པའི་སྐལ་བ་ཐོབ་སོང་། སློབ་སྦྱོང་གི་སྐལ་བ་ཐོབ་པ་དེ་ཤིན་ཏུ་དགའ་འོས་པ་ཞིག་ཡིན་མོད། འོན་ཀྱང་། རང་ཉིད་ནམ་རྒྱུན་རྣམ་གཡེང་དང་རྩེད་མོའི་དབང་དུ་ཤོར་ནས་སློབ་སྦྱོང་ལ་འབད་པ་དང་ཧུར་བརྩོན་ཅི་ཡང་ཐུབ་མ་སོང་། མཐོ་འབྲིང་ལོ་གསུམ་གྱི་རིང་ལ་སློབ་སྦྱོང་ལ་འབད་པ་ཏོག་ཙམ་ཡང་མ་བྱས་མོད། སྟབས་ལེགས་པ་ཞིག་ལ་མཐོ་རྒྱུགས་སྐབས་སུ་ཀན་ལྷོ་དགེ་འོས་སློབ་གླིང་ལ་རྒྱུགས་འཕྲོད་པའི་ལམ་འགྲོ་བྱུང་། རེད། སློབ་ཆེན་ལ་རྒྱུགས་འཕྲོད་པ་དེ་དངོས་གནས་དགའ་འོས་པའི་དོན་དག་ཅིག་རེད། འོན་ཀྱང་། ངེད་ཚང་ལ་མཚོན་ན་ཁྱིམ་གྱི་ཆ་རྐྱེན་ཞན་པའི་རྐྱེན་དང་། བདག་གི་ཕུ་བོ་སློབ་ཆེན་དུ་འགྲིམ་བཞིན་ཡོད་པ་དང་ནུ་བོ་སློབ་འབྲིང་འགྲིམ་བཞིན་ཡོད་པ་སོགས་ཀྱི་དབང་གིས། ང་རང་མུ་མཐུད་དུ་སློབ་ཆེན་ལ་འགྲིམས་ནས་སློབ་གཉེར་བྱེད་པའི་སྐལ་བ་མ་བྱུང་བས། དུས་དེ་ནས་བཟུང་སྤྱི་ཚོགས་སུ་མི་འཁྱམ་ཐབས་མེད་བྱུང་།


གསུམ།
རྙོག་འཛིང་གི་སྤྱི་ཚོགས་སུ་འཁྱམ་པའི་ལོ་རྒྱུས་མདོར་ཙམ།
        མཐོ་འབྲིང་ལས་སློབ་མཐར་ཕྱིན་རྗེས་ཀྱི་ཟླ་བ་ཁ་ཤས་རིང་ལ་ང་ལ་གཏན་ཁེལ་གྱི་ལས་ཀ་ཅི་ཡང་མེད་པས་ཁྱིམ་ནས་ཉི་མ་འཁྱོལ་ཐབས་བྱས། དེའི་རྗེས་སུ་ལི་སྨད་ཤེས་རིག་བྱམས་བརྩེ་སློབ་གྲྭ་ལ་བོད་ཡིག་དགེ་རྒན་ཞིག་གི་དགོས་མཁོ་ཡོད་པ་ཐོས་པ་དང་། རང་ཉིད་མཚོན་ན་མི་ཚེ་འདིའི་ཕུགས་བསམ་ཆེ་ཤོས་ནི་བོད་ཡིག་དགེ་རྒན་གྱི་ལས་ཀ་སྒྲུབ་པ་དེ་ཡིན་པས། གོ་སྐབས་དེ་ཉིད་རང་ལ་ཐོབ་འདོད་ཀྱི་འདུན་མ་བླ་ལྷག་འཕེལ། དེ་བས། གོ་སྐབས་བཟང་པོ་དེ་ཐོབ་པའི་ཆེད་དུ་ང་རང་རླངས་འཁོར་སྟབས་བདེ་ཞིག་ཏུ་བསྡད་ནས་ལི་སྨད་ཤེས་རིག་བྱམས་བརྩེ་སློབ་གྲྭར་ཕྱིན་པ་ཡིན། ང་རང་སློབ་གྲྭའི་ར་སྐོར་དུ་སླེབས་དུས། སློབ་རའི་ཁོ་ར་ཁོར་ཡུག་ཀུན་ཏུ་ཤེས་རིག་གི་དྲི་བསུང་འཐིལ་བཞིན་འདུག་པས། ང་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་འཕེལ་ཅིང་གནས་དེ་རུ་དགེ་རྒན་གྱི་ལས་ཀ་གཉེར་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་མ་ཞིག་ཆུ་ཁོལ་བཞིན་འདུས་བྱུང་།
    སྟབས་ལེགས་པ་ཞིག་ལ། ང་རང་ལི་སྨད་ཤེས་རིག་བྱམས་བརྩེ་སློབ་གྲྭའི་དགེ་རྒན་མིང་འཛིན་པ་ཞིག་ཏུ་གྱུར་སོང་། སྐབས་དེའི་ངའི་སེམས་ཁམས་ཀྱི་སྤྲོ་བ་ནི་ཅི་དང་གང་གིས་ཀྱང་མཚོན་མི་ཐུབ་པ་ཞིག་རེད། སློབ་གྲྭ་དེ་རུ་ངས་ལོ་རིམ་དང་པོ་དང་ལོ་རིམ་བཞི་པར་བོད་ཡིག་སློབ་ཁྲིད་བྱས་པ་དང་ལོ་རིམ་དང་པོའི་འཛིན་བདག་དགེ་རྒན་གྱི་འགན་ཁུར་བ་ཡིན། ང་རང་ཆུང་དུས་ནས་རི་མོ་འབྲི་བ་ལ་སྤྲོ་བ་ཤིན་ཏུ་ཆེ་བས། ངས་སློབ་གྲྭའི་བྱེད་སྒོ་སྣ་ཚོགས་དང་དགའ་སྟོན་རོལ་སྐབས་སུ་རྒྱབ་ལྗོངས་སུ་བཀོལ་རྒྱུའི་རི་མོ་ཞིག་འབྲི་མགོ་བརྩམས་པ་དང་། ཉིན་ཉེར་ལྔ་ཙམ་གྱིས་དུས་ཚོད་བཀོད་ནས་ཐང་ག་དང་མཚུངས་པའི་སློབ་གྲྭའི་མཚོན་རྟགས་ཤིག་བྲིས་པ་ཡིན། སློབ་གྲྭ་དེ་རུ་ཟླ་བཞི་ཙམ་གྱི་རིང་ལ་དགེ་རྒན་གྱི་འཚོ་བ་རོལ་ནས་བསྡད། ང་རང་ནི་སེམས་ལ་དྲན་རྒྱུ་མང་བའམ་བྱ་བ་གཅིག་ལ་སེམས་གཏད་ནས་འཇུག་ཐུབ་མཁན་ཞིག་མིན་པའི་རྐྱེན་གྱིས། སློབ་སྐབས་གཅིག་རྫོགས་རྗེས་དགེ་རྒན་གྱི་ལས་ཀ་བཞག་སྟེ་ཕུ་བོ་དང་མཉམ་དུ་རྒྱ་ནག་སྤོས་ལྡན་ནས་ལོ་གཅིག་ལྷག་ལ་སློབ་སྦྱོང་བྱས་ནས་བསྡད། དེའི་རྗེས་སུ་ཡང་འཚོ་བའི་དགོས་མཁོ་ཡི་དབང་གིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཕྱིན་ཏེ་དེང་རབས་ཀྱི་སྤྱི་གོས་འཚོང་སའི་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་ཕྱེས་ཤིང་རང་ཉིད་ཀྱིས་ཚོང་གཉེར་བྱས་པ་ཡིན། གསེར་རྟ་རྫོང་དུ་ཚོང་ལས་བྱས་ནས་ཟླ་དགུ་ལྷག་ལ་བསྡད་པ་དང་། དེ་ནས་ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་དབང་གིས་གོས་ཚོང་སྒོ་བརྒྱབ་པ་ཡིན། དེའི་རྗེས་སུ་ལས་ཀ་ཅི་ཡང་མེད་པར་སྤྱི་ཚོགས་སུ་འཁྱམ་མགོ་བརྩམས་པས། རེ་ཞིག་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་མང་པོ་ཞིག་གི་བློ་ངོར་ང་ནི་འཁྱམ་པོ་ལྡོམ་པོ་ཞིག་ཏུ་གྱུར་སོང་ལ། ཕ་མ་དང་ཕུ་བོ་སོགས་ཀྱང་རེ་ཞིག་ཡིད་ཆད་ཀྱི་གནས་སུ་ལྷུང་།


བཞི།
ཡང་བསྐྱར་རིག་པའི་གནས་ལ་སྦྱོང་བ་བྱས་པའི་ལོ་རྒྱུས་མདོར་ཙམ།
སྤྱི་ལོར༢༠༡༦ལོའི་ཟླ་བ༤པའི་ཚེས༣༠ཉིན།    
བདག་གི་ཕུ་བོ་ཐང་སྤེ་བློ་མིག་གི་ལས་དོན་སྒྲུབ་ས་སྟེ་འཛམ་གླིང་མཐོ་སྒང་ལི་ཐང་རྫོང་དུ་ཕྱིན་ནས༼་ བོད་རྟགས་ཅན༽ ་ཟེར་བའི་བོད་རིགས་རང་གི་ལྭ་བ་བཙོང་སའི་ཡན་ལག་ཚོང་ཁང་ཞིག་གི་ཚོང་སྒོ་ཕྱེས་པ་དང་། ༢༠༡༧ལོའི་ཟླ་བ༣པའི་ཚེས༨ཉིན། སྤུན་གྲོགས་གཉིས་དང་ལྷན་དུ་༼ སྤུན་གྲོགས་གསོལ་ཟས་ཁང༽ ་ཞེས་པའི་ཟ་ཁང་ཆུང་ཆུང་ཞིག་གི་ཚོང་སྒོ་ཡང་ཕྱེས་པ་ཡིན། ལི་ཐང་ནས་ཚོང་ལས་བྱས་ཏེ་ཅུང་ཙམ་ཡུན་རིང་བསྡད་པའི་རྗེས་སུ་ཕུ་བོ་བཀའ་དྲིན་ཅན་ཐང་སྤེ་བློ་མིག་གི་སྐུལ་མ་དང་བཀོད་སྒྲིག་འོག་རང་ཉིད་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་འཛིན་གྲྭར་རྒྱུགས་སྤྲོད་པའི་མིང་ཐོ་བཀོད་འདུག་པ་དང་། རང་ཉིད་ལ་ལམ་འགྲོ་བྱུང་བ་དང་དཀོན་མཆོག་གསུམ་པོའི་བཀའ་དྲིན་གྱི་དབང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་འཛིན་གྲྭ་རུ་རྒྱུགས་འཕྲོད། དྲང་མོར་བཤད་ན། དེའི་ཡར་སྔོན་དུ་ཚོང་ལས་གཉེར་བ་སོགས་བྱ་བ་འདྲ་མིན་ལ་ཞུགས་ཀྱང་ཡོད་ཚད་དུས་ཚོད་འཕྲོ་བརླག་གི་རྒྱུ་རུ་སོང་འདུག་པས། ཡང་བསྐྱར་ཕུ་བོ་བཀའ་དྲིན་ཅན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག་ཏུ་སློབ་སྦྱོང་གི་གོ་སྐབས་བྱུང་བ་ནི་ཅི་འདྲའི་དགའ་འོས་པའི་དོན་དག་ཅིག་མ་ཡིན་ནམ། དེ་ནས་བཟུང་རང་ཉིད་ནི་བོད་མདོ་དབུས་ཁམས་གསུམ་ལ་སྐད་གྲགས་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་མ་ཞིག་མིང་ཐོབ་པ་དང་སླར་ཡང་ཤེས་བྱའི་རྒྱ་མཚོ་རུ་ཉུལ་བའི་མགོ་བརྩམས་པ་ཡིན། ད་ལྟ་ནི་རང་སེམས་ལ་བདག་པོ་བརྒྱབ་སྟེ། གོ་སྐབས་བཟང་པོ་འདི་དང་བསྟུན་ནས་རང་གིས་ཅིས་ཀྱང་སློབ་སྦྱོང་ལ་འབད་བརྩོན་དགོས་པའི་དམ་བཅའ་བཞག་ཅིང་། དམ་བཅའ་བཞིན་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་ཡོད། ངའི་སློབ་སྦྱོང་གི་ཁ་ཕྱོགས་སམ་ཆེད་སྦྱོང་གཙོ་བོ་ནི་རི་མོ་འབྲི་བ་ཡིན་ལ། དེར་འབད་བརྩོན་བྱེད་པ་དང་མཉམ་དུ་དགའ་ཕྱོགས་ལྟར་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་རྩོམ་ཡིག་ཐན་ཐུན་རེ་འབྲི་བར་འབད་བཞིན་ཡོད་ལགས།

                                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease