སྐྱེ་འཆིའི་ཟློས་གར།

    རྩོམ་པ་པོ། ཨ་ཀྲད།


སྐྱེ་འཆིའི་ཟློས་གར།

 
                 
 ཨ་ཀྲད། ཡུལ་ཤུལ།
            
སྙིང་ཉེ་བའི་མི་ལགས།  གལ་ཏེ་ང་རང་གནས་ངེས་མེད་ཅིག་ཏུ་ཁེར་རྐྱང་དུ་རྒྱང་བཞུད་བྱས་སོང་ཚེ། ཁྱོད་ཀྱིས་ང་ལ་འདི་དང་དེ་ཞེས་སྐད་ཆ་མ་བཤད་རོགས།   ང་ཚོར་སྐྱེས་པ་ནས་ཁེར་རྐྱང་གིས་གྲུབ་པའི་མི་ཚེ་ཞིག་ཡོད་པས། གྲོགས་པོ་དམ་པ་རེ་དང་གཉེན་ཉེ་དགའ་བོ་རེ་ཇི་འདྲ་མང་ན་ཡང་ང་ནི་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་བར་གཏན་དུ་འབད་བཞིན་ཡོད་པའང་ཡིན།   ང་རང་ལོ་ན་ཧ་ཅང་ཆུང་བའི་ན་གཞོན་ཞིག་ཡིན་ན་ཡང་།   ང་ལ་མཐའ་མེད་པའི་རྨི་ལམ་དང་གཏིང་མེད་པའི་ཕུགས་བསམ་མང་པོ་ཡོད།  དེ་དག་ནི་ང་ཡི་མི་ཚེའི་ཁྲོད་དུ་རྫོགས་རྒྱུ་མེད་པའི་ལམ་ཐག་རིང་པོ་ཞིག་ཀྱང་ཡིན།
 
སྙིང་ཉེ་བའི་མི་ལགས། 
  ང་ཚོ་ལ་ཆུང་དུས་ནས་ལྷན་སྐྱེས་ཀྱིས་ནར་སོན་བྱས་པའི་བྱ་བ་དང་དམིགས་འདུན་རེ་ཡོད་པ་མ་ཡིན་ནམ། དམིགས་འདུན་དེ་དག་ནི་རང་ཉིད་ཀྱིས་རང་ཉིད་ཀྱི་རྩུབ་སྤྱོད་ཀྱི་ལྟ་བ་དང་ཁེར་ལངས་སུ་གྱུར་པའི་གཤིས་ཀ་དེ་དག་བསྒྱུར་ཆེད་མ་ཡིན་ནམ།  ང་ཚོ་ལ་ད་དུང་དུས་ཚོད་རིང་པོ་ཞིག་མེད་པ་ཨེ་རེད།   མི་ཚེ་ནི་ཅི་འདྲ་ཡུན་ཐུང་གི་འཚོ་བ་ཞིག་རེད།   མིག་རྡེབ་ཡུན་ཙམ་གྱིས་ས་ཡ་མང་པོ་ཞིག་མི་མཐོང་བར་གྱུར་ཞིང་ཁ་སྐོར་སྟངས་ཤིག་གིས་མང་པོ་ཞིག་སླར་ཡང་སྐྱེ་བ་མ་ཡིན་ནམ། ང་ཚོ་འཆི་དུས་ཀྱི་མནར་གཅོད་དང་འཇིགས་སྐྲག་དེ་དག་ལ་དམིགས་ནས་ཆོས་སྒོར་ཞུགས་ཤིང་ཆོས་ལ་སྐྱབས་སུ་འཆི་བ་མ་ཡིན་ནམ། མཐའ་ན་རྐང་མགོ་རྡོ་ལ་ཐོག་པ་ཙམ་ཞིག་བྱུང་ན་ཡང་དཀོན་ཅོག་དང་དཀོན་ཅོག་ཅེས་རང་དབང་མེད་པར་འབོད་པ་ཞིག་མ་ཡིན་ནམ། སྐྱེ་ནས་ད་ཡི་བར་དུ་ང་ཚོས་ང་ཚོ་ལ་བོད་ཅེས་ཐ་སྙད་ལྗིད་པོ་ཞིག་བཏགས་ཏེ་འཇིག་རྟེན་གྱི་རྩོད་ལ་འགྲན་པ་མ་ཡིན་ནམ། 
 
སྙིང་ཉེ་བའི་མི་ལགས།   ཡིན་ན་ཡང་།  ང་ཚོས་ང་ཚོ་ལ་བསྲེག་བརྡར་གྱི་བྱ་བར་འགོ་བརྩམས་པར་གཏན་ནས་འབད་མ་མྱོང་བ་ཨེ་རེད།   མི་དང་མི་ཡི་བར་དུ་འཆི་བ་ནི་ཅི་འདྲ་སྐྱོ་དྲག་པའི་གནས་ཚུལ་ཞིག་རེད།  ཁྱོད་རང་སྐྱེས་པ་ནས་འཆི་བར་མངོན་དུ་ཕྱོགས་དགོས་པ་ཞིག་ངེས་རྐྱེན་རེད།  ང་ཚོས་རང་ཉིད་སྐྱེ་བ་ནས་ད་ཡི་བར་དུ་མི་ཚེའི་ལོ་འཁོར་རེ་རེར་སྐྱེས་སྐར་ལ་རོལ་བ་ནི་གྲངས་ཉུང་ཞིག་གཏན་ནས་མ་རེད། འོན་ཀྱང་།  ང་ཚོས་ལོ་རེའི་ཟླ་བ་དེ་དང་ཉིན་མོ་དེ་ནི་རང་ཉིད་སྐྱེ་བའི་ཉིན་མོ་ཞིག་ལ་ངོས་བཟུང་བཟོ་བ་ལས་རང་ཉིད་འཆི་བའི་ཉིན་མོར་འདང་རྩིས་གཏན་ནས་བྱེད་ཀྱི་མི་འདུག་ཨང་།  དེ་ནི་ང་ཚོ་བོད་དང་ནང་པ་བ་ཡིན་ཞེས་བཤད་པའི་སྐད་ཆ་དེ་དག་གི་རྔ་མ་མ་སོང་བའི་རྟགས་གཙོ་བོ་ཞིག་རེད་ཨང་།
 
 སྙིང་ཉེ་བའི་མི་ལགས།  དེ་བས་ན།  ང་ཚོས་ཉིན་བཞིན་དུ་འཆི་བ་ནི་རང་ཉིད་ཀྱི་གྲིབ་མ་དང་མཚུངས་པར་རྟག་ཏུ་རང་ཉིད་དང་འགྲོགས་ཤིང་རང་ཉིད་དང་ལྷན་དུ་རྩེ་བཞིན་ཡོད་པ་ནི་ཤེས་དགོས་པ་ཞིག་ཀྱང་མིན་ནམ། ང་ཚོ་ནི་སྐྱེ་འཆིའི་ཟློས་གར་ཁྲོད་ཀྱི་འཁྲབ་སྟོན་པ་ནུས་མེད་ཅིག་ཡིན་པས་ང་ཚོ་ལ་མི་ཚེའི་ཟླ་ཕོགས་དང་ལོ་ཕོགས་ལས་སངས་རྒྱས་དང་བྱང་ཆུབ་ཀྱི་ལས་བྱེད་ལྟ་བུའི་དངུལ་ཕོགས་ནི་གཏན་ནས་མེད།  ཡང་དེ་བས་ན། མ་མཐའ་འཆི་ཁ་མ་དང་འཆི་བའི་ཚེ་ནའང་རང་ཉིད་ནི་རང་ཉིད་དང་འགྲོགས་པའི་མི་ཞིག་ཡིན་པ་ལས་ཁྱོད་ལ་སྙིང་ཉེ་བའི་མི་ཞིག་གཏན་ནས་ཡོད་པ་མ་རེད།   འཇིག་རྟེན་ན་འཚོ་སྡོད་ཀྱི་བར་རླག་དེ་དག་ནས་ང་ཚོ་ལ་བརྩེ་དུང་དང་དགའ་སྐྱོ།   སྙིང་གཏམ་དང་ཆགས་ཚུལ་གྱི་རྣམ་བཞག་དང་དབྱེ་བ་ཧ་ཅང་མང་ན་ཡང་།  མི་ནི་ནམ་མཁའ་དང་ཚེ་ནི་དུ་བ་ལྟར།  རླུང་བུ་ལྡང་ཕྱོགས་ཤིག་གིས་གཡས་འགྱུར་དང་གཡོན་འགྱུར་རྒྱག་འགྲོ་བ་ཞིག་ཀྱང་མ་ཡིན་ནམ།     
 
སྙིང་ཉེ་བའི་མི་ལགས།    ང་ནི།  འཇིག་རྟེན་ཁྲོད་ཀྱི་ཁྱོད་དང་གནས་སྐབས་ཀྱི་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཞིག་ལས་ཁྱོད་ལ་གཏན་དུ་འགྲོགས་ནུས་མཁན་ཞིག་ཀྱང་གཏན་ནས་མ་རེད།   དཔེར་ན་རྫོང་སར་མཁྱེན་བརྩེ་རིན་པ་ོཆེས/ཁྱོད་ཀྱིས་རང་གྲོགས་དམ་པ་གང་ཞིག་ཁྱོད་དང་རྒྱང་ཐག་རིང་བའི་རྒྱལ་ཁབ་ཀྱི་ཤར་ནུབ་གང་རུང་དུ་ཕྱིན་ཚེ། དུས་ཚོད་རིང་དུ་ཕྱིན་པ་དང་བསྟུན་ནས་ཁྱོད་གཉིས་ཀྱི་མཛའ་གཅུགས་གསེར་གྱི་མདུད་པ་ཡང་ཇེ་ལྷོད་དུ་འགྲོ་བ་ཡིན།  གལ་ཏེ་ཁྱོད་ཀྱི་གྲོགས་དམ་པ་གང་གིས་སྤྱི་ཚོགས་སྨྱན་བྱེད་ཀྱི་བརྒྱུད་ལམ་གང་རུང་དུ་ཁྱོད་ཀྱི་ལྟ་ཚུལ་དང་རྦད་དེ་རྒྱབ་ཏུ་ཕྱོགས་པའི་རྩོམ་ཡིག་གང་རུང་བྲིས་ཚེ། གྲོགས་དེ་ནི་ཁྱོད་ཀྱི་ཆེས་ཆེ་བའི་དགྲ་བོ་རུ་ཆགས་སྲིད། མི་ཚེ་ཟེར་བ་ནི་འདི་ལྟ་བུའི་དོན་དངོས་མང་པོ་ཞིག་གིས་ཡོངས་སུ་བརླམས་འདུག དེས་ན་འདོད་ཡོན་ཉུང་ངུ་བསྟེན་པར་བྱ་བ་ནི་འཆི་སྟངས་བཟང་ཤོས་ཤིག་རེད།/ཅེས་བཤད་པ་ལྟར་རེད་ཨང་།
 
སྙིང་ཉེ་བའི་མི་ལགས།  ད་ནི་ང་ཚོ་ལ་དུས་ཚོད་རིང་པོ་ཅིག་མི་འདུག   ང་ཚོས་འཚོ་བའི་ཁྲོད་དུ་འདོད་ཡོན་མང་པོ་ཞིག་བསྟེན་པ་དག་ལས་མང་ཤོས་ཤིག་འཆི་ལམ་ནས་རང་ཉིད་དང་བྲལ་དགོས་པ་ཤིག་རེད།   དེ་བས་ངའང་དེ་བཞིན་དུ་འཇིག་རྟེན་གྱི་བྱ་ཚོགས་མང་པོ་ཞིག་དང་བྲལ་དགོས་པ་རེད།  ཁྱོད་ཀྱིས་ང་རང་འཆི་བ་ལས་གཞན་དུ་མི་འབྲལ་བར་མ་བསམ་རོགས།  ང་རང་ད་དུང་འཇིག་རྟེན་འདི་ནས་རྒྱང་རིང་ག་ཤེད་ཅིག་ཏུ་འགྲོ་དགོས་པའང་རེད། དེ་ནི་ང་རང་མི་ཚེ་འདིར་གསོན་བསྡད་པའི་ཕུགས་འདུན་ཆེ་ཤོས་དེ་ཡིན།    ངས་རང་ཉིད་ལས་ལྷག་པའི་ཕ་མ་དང་གཅེན་གཅུང་ཀུན་དང་བྲལ་ནས་མཐའ་མེད་པའི་བྱང་ཐང་ཞིག་ཏུ་རང་ཉིད་ཁོ་ནས་དཀའ་རྩོལ་འབད་པ་ཆེན་པོས་སློབ་སྦྱོང་དཔེ་མེད་ཅིག་བྱེད་འདོད་འདུག  ང་རང་ཉིད་ཀྱང་ད་བར་དུ་བཤད་བཤད་པའི་སྙན་ངག་པ་ངོ་མ་ཞིག་ཀྱང་བྱ་འདོད་ཀྱི་འདུན་པ་མི་དམན་པར་འདུག
 
སྙིང་ཉེ་བའི་མི་ལགས།  ངས་ད་ནས་བཟུང་ཁྱོད་རང་ཧ་ཅང་སྟབས་བདེའི་ངང་ནས་འཆི་བར་སྨོན་ལམ་རྒྱག་བཞིན་ཡོད།   ང་རང་ཇི་སྲིད་དུ་ཁྱོད་དང་འབྲེལ་འདྲིས་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་སྟེ་ཁྱོད་རང་ཅི་ཙམ་དུ་འཇིག་རྟེན་འདིར་འཚོ་སྡོད་བྱས་པ་ཡིན་ན་དེ་ཙམ་དུ་བདེ་ཞིང་སྐྱིད་པར་ཡོང་བའི་གསོལ་བ་ནི་ལྷད་མེད་དྭངས་སེམས་ཀྱིས་མཆོད་བཞིན་ཡོད་ལ། རང་ཉིད་སེམས་ཚིམས་པའི་འཁོར་བའི་རི་ཆུ་དང་ནགས་ཀླུང་ལ་ལོངས་སུ་སྤྱད་ཟིན་རྗེས་ཁྱོད་རང་འཇིག་རྟེན་གྱི་སྣ་མང་ཅི་ལ་ཡང་སེམས་པ་མ་ཆགས་པར་འཆི་འགྲོ་རོགས།   མཐའ་ན་ད་བར་དུ་བརྩེ་འདང་མཚོ་གཏིང་ལས་ཟབ་པའི་སྙིང་ཉེ་བའི་ནང་ཉེ་དེ་དག་དང་མཛའ་མཐུན་རི་བོ་ལས་བརྗིད་པའི་གྲོགས་པོ་དེ་དག་ལ་ཆགས་ཞེན་ཙམ་ཡང་མེད་པར་འཆི་འགྲོ་རོགས།
 
སྙིང་ཉེ་བའི་མི་ལགས།  ང་ནི་བྱེ་ཐང་འདིའི་མགྲོན་པོ་ཙམ་ལས་ཡུན་རིང་ཞིག་ཏུ་ཁྱོད་ཅག་དང་མཐུན་པ་ཟབ་ཐུབ་པའི་མི་ཞིག་གཏན་ནས་མ་ཡིན་པས་ངས་ཁྱོད་ཅག་ལ་སྔ་ཚེ་ནས་དགོངས་དག་དང་བཅས་ཏེ་གུ་ཡངས་བཟོ་རོགས་ཞེས་ཞུ་དགོས།  ངས་རང་ཉིད་ཀྱི་ཆེད་དུ་མང་པོ་ནས་མང་པོ་ཞིག་བློས་བཏང་བར་སྲིད་ཅིང་མང་པོ་ནས་མང་པོ་ཞིག་ལ་དགྲ་བོར་འགྱུར་ཡང་སྲིད་པས་ང་ལ་གཤེ་གཤེ་མ་བཏང་རོགས།  ང་ཚོ་ནི་ཆག་གྲུམ་ཤོར་བའི་རུས་པ་ཞིག་ལྟར་མཐའ་མཇུག་གི་རྩྭ་ཐང་ལ་སྙིང་པོ་འཚོལ་མི་ཐུབ་པའི་བྱ་ཁྱུ་སྐོར་ཞིག་ཡིན་པས་སུས་ཀྱང་སུ་ལ་ལེ་བདའ་མི་བྱེད་རོགས། འཆི་བ་ནི་མངོན་གྱུར་གྱི་ལམ་ཐག་ཅིག་ཡིན་ཞིང་འཆི་བ་ནི་ང་གཉིས་ཀྱི་ཆེས་མཐའ་མའི་རྫོགས་ཚིག་གི་དབུ་ཤད་ཡིན་པས་དེ་ལ་ནན་ཏན་མཛད་རོགས།
 
སྙིང་ཉེ་བའི་མི་ལགས། སྙན་ངག་གིས་ང་ཚོར་ཁྲེལ་མེད་བཟོ་མི་སྲིད་ལ་འཆི་བས་ཀྱང་ང་ཚོར་ཁྲེལ་མེད་བཟོ་མི་སྲིད།
                     2019/9/15ཉིན་མཚན་མོར་མཇུག་གྲུབ།

                                                རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease