ང་རང་དྭ་ཕྲུག་ཅིག་ཡིན།

    རྩོམ་པ་པོ། དཀར་མེ།


ང་རང་དྭ་ཕྲུག་ཅིག་ཡིན།

 
                       
    དཀར་མེ། ལན་གྲུ།

  སྐབས་དང་སྐབས་སུ་ངས་འོ་སྐོལ་ཡོད་དོ་ཅོག་དྭ་ཕྲུག་ཅིག་ཡིན་པ་དྲན་ན་མགྲིན་པ་མཆི་མས་བརྣངས་ཤིང་མིག་ཟུང་ལིང་ཏོག་གིས་སྒྲིབ་པ་སྙམ་པའི་ཚོར་ཤེས་སྟེར་འོང་།  ཡིན་ནའང་དངོས་ཡོད་ལ་མེ་མདས་འཇིགས་སྐུལ་བྱས་ཀྱང་ཇི་མི་སྙམ་པར་འདུག་སྲིད་པས་ང་ཚོར་ཐབས་ཤེས་གཞན་ཞིག་ག་ལ་མཆིས། དངོས་ཡོད་འཚོ་བའི་ཁྲོད་དུ་ང་ནི་ཅི་ཡང་བཤད་པར་མི་ལོབས་མཁན་ཞིག་རེད། ཡང་ན་ཅི་ཡང་བཤད་པའི་སྤོབས་པ་མེད་མཁན་ཞིག་རེད། གང་ལྟར། སེམས་ཀྱི་འདོད་པ་བཤད་བཏུབ་མཁན་ཞིག་མ་རེད།  དོན་དག་གང་ཞིག་ཡིན་ཡང་རང་གི་བློར་མི་འབབ་པ་དེར་དགག་པ་གཏོང་ཐུབ་མཁན་མ་རེད།
 
ངས་ང་རང་དྭ་ཕྲུག་ཅིག་ཡིན་བསམས་ཡོད། འོ་ཅག་ཚང་མ་དྭ་ཕྲུག་ཅིག་ཡིན་བསམས་ཡོད། དྭ་ཕྲུག་ཅེས་པ་འདིའི་འགྲེལ་བ་ནི་“ཆུང་དུས་ཕ་མ་ཤི་བའི་བྱིས་པ་སྤྱིའི་མིང”ལ་ཟེར་བ་འདྲ་ཞིག་ལགས་མོད། ཡིན་ནའང་ངས་དྭ་ཕྲུག་ཟེར་ཡ་ནི་དེའི་དོན་མིན། ཡང་ན་དེའི་དོན་ཞེ་ནའང་མི་འགབ་པ་མེད། ངས་ང་རང་དྭ་ཕྲུག་ཅིག་ཡིན་པ་ན་སོ་ཡར་སོན་དུས་མ་རྟོགས་མ་ཤེས། ལོ་རྒྱུས་ཀྱི་དེབ་རེ་ཟུང་བཀླགས་རྐྱེན་དང་། ངག་སྒྲོས་ཐན་ཐུན་གྱིས་ད་གདོད་ངས་ང་རང་དྭ་ཕྲུག་ཅིག་ཡིན་པའི་ངེས་ཤེས་རྙེད། བདག་མེད་དུ་ལུས་པའི་ཕོ་བྲང་དཀར་དམར་མཐོང་བས་ད་གདོད་ངས་ང་རང་རྒྱལ་ཁབ་བོར་བའི་དྭ་ཕྲུག་ཅིག་ཡིན་པའི་གསང་བ་བརྟོལ། རང་རེའི་ལྷ་སྐལ་དུ་མཇལ་བར་འགྲོ་ནའང་ལག་རྟགས་དང་ལམ་ཡིག་དགོས་པས་ངས་ང་རང་གཞི་ནས་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་ཅིག་ཡིན་པ་ཉི་མ་སྤྲིན་གསེབ་ནས་མངོན་པ་ནང་བཞིན་གསལ་གྱི་ལེར་རྟོགས། 
 
  ང་རང་མུན་ནག་ལ་ཤིན་ཏུ་དགའ། དེ་བས་ངའི་ཉེ་འཁྲིས་ཀྱི་མི་ཕལ་བོ་ཆེས་ང་ལ་མཚང་མིང་ངམ་གཅེས་མིང་དུ་མུན་ནག་ལ་དགའ་བའི་མི་ཞེས་འབོད། ང་རང་མིང་དེར་ཤིན་ཏུ་དགའ། ང་རང་མིང་དེར་དགའ་བའང་ཏན་ཏན་ང་རང་དྭ་ཕྲུག་ཅིག་ཡིན་པར་འབྲེལ་བ་ཟབ་མོ་ཡོད། མུན་ནག་ལ་དགའ་བ་ནི་དོན་དུ་འཆི་བ་ལ་དགའ་བས་ཡིན། འཆི་བ་ལ་དགའ་བ་ནི་དོན་དུ་རང་དབང་ལ་དགའ་བས་ཡིན། རང་དབང་ལ་དགའ་བ་ནི་དོན་དུ་དངོས་ཡོད་ལ་ཞེན་ཁ་ལོག་པས་ཡིན།

    སུམ་གཉིས་སུའི་དཀྱིལ་འཁོར་བདག་ཏུ་བཟུང་མྱོང་བའི་ང་ཚོ། སྨད་རྒྱ་ནག་དང་སྟོད་རྒྱ་གར་ལག་པའི་མཐིལ་བྱས་མྱོང་བའི་ང་ཚོས་ད་ལྟ་རང་དོན་གང་ཞིག་མ་འགྲུབ་པར་རེ་ཆད་དང་ཁེངས་རས་འཚོས་ཡོད། གཞན་ས་ལག་མཐིལ་བྱས་མྱོང་བའི་ང་ཚོས་ད་ལྟ་རང་ས་མཐེ་བོང་འདྲ་ཞིག་བརྩད་དེ་ནང་ཕུ་ནུའི་འདང་བརྩེ་རི་ཆུས་བཅད་ནས་ཡོད་པ་འདི་ག་རེ་ཉེས་སམ། སྟོན་པས་གསུང་མྱོང་བའི་བསྐལ་པ་མར་འགྲིབ་ཀྱི་སྙིགས་མ་ལྔ་བདོའི་(ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ། སེམས་ཅན་གྱི་སྙིགས་མ། དུས་ཀྱི་སྙིགས་མ། ལྟ་བའི་སྙིགས་མ།)དུས་སུ་སླེབས་པས་ལན་ནམ། 
 
  ང་ཚོ་གང་ཞིག་མ་འགྲིག་པ་དེར་འགྲིག་གིན་མི་འདུག་ཅེས་སྐྱོན་ལ་མཛུབ་མོ་ཀེར་ཡང་སྐྱོན་ལ་སྐྱོན་དུ་མི་འཛིན་པར་བདེན་དུ་འཛིན་པའི་གོམས་གཤིས་ཐབས་ཆག་ཅིག་ལོབས་ཀྱིན་འདུག  དོན་ལ་ལོ་བརྒྱ་བུད་རུང་བསམ་གཅིག་མི་ཤེས་ཞེས་པ་འདིར་ཁེལ་ནས་འདུག  
                        2019.9.22ཉིན་གྲུབ། 

                                   རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease