དགུན་མཚེར།

    རྩོམ་པ་པོ། བརྩོན་འགྲུས་རྒྱ་མཚོ།


དགུན་མཚེར།
 

                       བརྩོན་འགྲུས་རྒྱ་མཚོ། རྔ་བ་དགེ་འོས་སློབ་ཆེན།



    མདང་དགོང་ཁ་པར་ལས་མ་ལགས་དང་ཁ་བརྡ་ཅུང་ཙམ་བྱས་པར།  མོས་སང་ཉིན་ངེད་སྡེ་བའི་རུ་བ་སྟོན་མཚེར་ནས་དགུན་མཚེར་དུ་འབབ་རྒྱུ་ཡིན་ཚུལ་དང་ད་ལོ་འབབ་ཞོད་ཀྱིས་རྩྭ་ཁ་ཡང་ཧ་ཅང་བཟང་ཚུལ་བཤད་བྱུང་།  ཁ་པར་བཏང་ཚར་རྗེས།  ངས་མ་ལགས་ཀྱི་ངག་ལས་བྱུང་བའི་རུ་བ་དགུན་མཚེར་དུ་འབབ་ཚུལ་ལ་བསམ་གཞིག་རེ་བཏང་མོད།  དྲན་པའི་ཡོལ་གོ་རུ་འཆར་བའི་སྣང་བརྙན་མཐའ་དག་ནི་དེ་འདྲའི་རྒྱང་ཐག་རིང་ཞིང་མག་མོག་ཏུ་སྣང་།  དེ་ལུགས་ཀྱིས་ང་ལ་རུ་བ་དགུན་མཚེར་དུ་འབབ་ཚུལ་དེ་བླ་ལྷག་གིས་མཐོང་འདོད་སྐྱེས་མོད།  དྲན་པ་ནི་སྔར་བཞིན་ས་སྲོད་ཀྱི་དཀར་ཆ་བཞིན་མག་མོག་ནས་རབ་རིབ་ཏུ་གྱུར། 
 

     བར་སྐབས་ཤིག་ལ། ངས་གཞི་ནས་རང་ཉིད་ཀྱིས་རུ་བ་དགུན་མཚེར་དུ་འབབ་པའི་རྣམ་པ་མ་མཐོང་བར་ཡུན་རིང་འགོར་བ་ཚོར་བྱུང་སྟེ། ཆེས་ཐོག་མར་སློབ་ཆུང་གི་སྒོ་ཐེམ་བརྒལ་བ་ནས་ད་ལ་ཐུག་གི་བར་གྱི་མི་ལོ་བཅོ་ལྔ་ལྷག་ལ། ངས་རུ་བ་དགུན་མཚེར་དུ་འབབ་ཐེངས་བཅོ་ལྔ་ལྷག་མ་མཐོང་བ་ཚོར་བྱུང་། དེ་བས། ད་ལྟའི་ངའི་དྲན་ངོགས་ཀྱི་སྐྱ་ལ་ནག་ཞད་ཆེ་བ། མཚམས་རེར་ཡུག་ཡུག་ཡུག་གིས་གཟུགས་རིས་དག་ཉོག་པར་བསྲེ་བའི་ཚོན་མེད་བརྙན་འཕྲིན་གྱི་བརྙན་རིས་ལྟ་བུའི་དྲན་པ་འདི་ཁོ་ན། ངས་དངོས་སུ་མྱངས་པའི་རུ་བ་དགུན་མཚེར་དུ་འབབ་པའི་སྣང་བརྙན་ཡིན་འདུག  


      མི་ལོ་བཅོ་ལྔ་ལྷག་འདས་སོང་། བྱིས་བློའི་དྲན་རྟོག་ལ་ཉར་བའི་སྣང་བརྙན་འདིས།  ང་རང་སྔར་བཞིན་རུ་བ་དགུན་མཚེར་དུ་འབབ་ཚུལ་དང་མ་བྲལ་བར་བཟུང་།  སྐབས་དེའི་རྩྭ་མགོ་ཡོབ་ཆེན་ལ་ཐུག་ཅིང་ནོར་ལུག་བག་ཕེབས་སུ་གནས།  རྫི་བོ་དག་ལྷན་འདུས་ཀྱིས་ཀྱལ་ཀ་རྩེ་ཞིང་སྨན་ཆུང་ཚོ་བག་ཡོད་ཀྱིས་ཆུ་ལ་འགྲོ།  ད་དུང་རྟ་ཁ་ཐུབ་ཙམ་གྱི་བྱིས་པ་དག་རུ་སྔུན་དུ་བུད་དེ་རྟ་ཕོའི་བང་རྩལ་འགྲན།  དུས་དེར།  ་ནི་མི་ཆེན་གྱི་ཕག་དང་རྟ་ཆེན་གྱི་ཕོངས་སུ་ཡོད་ཀྱང་།  ཕུགས་ཀྱི་འདུན་མ་དང་འཕྲུལ་གྱི་རྨི་ལམ་ནི་མང་ཙམ་རྨིས་མྱོང་བ་འདྲ་སྟེ།  ཐོང་ལམ་གྱི་སྣང་ཆོས་ཡོད་རྒུ་སྟོང་བསམ་གྱིས་བདག་ཏུ་བཟུང་མྱོང་། 
 

     འོན་ཀྱང་།  དུས་ཀྱི་ཆུ་མོ་ཤང་ཤང་དུ་བབས་པས།  ང་ཡང་ཆེས་ཐོག་མར་ཁྱིམ་དང་བྲལ་ནས་སློབ་གྲྭར་ཞུགས་དགོས་བྱུང་། སློབ་གྲྭ་རུ་རས་ལྷམ་དམག་མདོག་མ་དེ་སྔས་འོག་ཏུ་བསྡུས་ནས་པང་ཀྱལ་དུ་ཉིན་དྲུག་ལ་ཉལ་ན།  སླར་ཡང་ཁྱིམ་དུ་ངལ་གསོ་རུ་བཏང་འོང་བས། ང་ལ་ཁྱིམ་གྱི་ཡོད་ཚད་དང་གཏན་བྲལ་གྱི་བློ་ཞིག་སྐྱེས་མ་མྱོང་། དེ་ལྟར་ལོ་རིམ་རིམ་བཞིན་འཕར་ཤིང་གཟའ་འཁོར་རེ་རེའི་གཟའ་མཇུག་དང་སློབ་སྐབས་རེ་རེའི་གུང་གསེང་ནི་རྒྱུན་ལྡན་དུ་ཡོད་མོད།   གཟའ་མཇུག་རེ་རེ་དང་གུང་གསེང་རེ་རེ་རུ་བ་དགུན་མཚེར་དུ་འབབ་པའི་སྐབས་དང་ཁེལ་བ་ནི་གཏན་དུ་མ་ཡོད།  ཕལ་ཆེར་དུས་དེ་ནས་བཟུང་།  ངས་ལོ་རེ་རེའི་དགུ་བའི་ཉེར་གཉིས་ཀྱི་དགུན་མཚེར་མཐོང་མ་ཐུབ།  དེང་ཐོག་ཉིན་དེའི་དགུན་མཚེར་མ་མཐོང་བ་ཙམ་གྱིས་ང་ལ་སྣང་ལ་མ་ངེས་པའི་སྐྱོ་ཡུས་ཀྱི་ན་བུན་སྲབ་བུ་རེ་འཐིབས་ཀྱང་།  དེ་ཉིད་ཡུད་ཙམ་ནས་སློབ་རའི་ཟིང་ཟིང་གི་འཚོ་བ་ལས་རང་ཡལ་དུ་བུད་འགྲོ། འོན་ཀྱང་།  སྐབས་དེར་ང་ལ་རང་ཉིད་དགུན་མཚེར་གྱི་མཛེས་སྡུག་དང་གཏན་བྲལ་གྱི་གདུང་བ་གང་ཡང་མེད་དེ། ནམ་རྒྱུན།  རུ་བ་དགུན་མཚེར་དུ་འབབ་ཚུལ་དེ་རང་དང་རྒྱང་ཐག་མི་རིང་ཨང་སྙམ་མྱོང་། 
 

   རིམ་བཞིན།  ལོ་རིམ་རེ་རེ་བཞིན་འཕར་མོད།  གཟའ་མཇུག་དང་གུང་གསེང་སྔར་བཞིན་རུ་བ་དགུན་མཚེར་དུ་འབབ་སྐབས་དང་མ་ཁེལ། ང་ཡང་ཐོག་མའི་རས་ལྷམ་དམག་མདོག་མ་དེ་བདག་མི་ཐུབ་མཁན་ཞིག་ནས་སློབ་མ་རྒན་རབས་པ་ཞིག་ཏུ་གྱུར།  སྐབས་དེར།  ང་ཚོས་ཉིན་རེ་བཞིན་ལས་བྱ་མང་པོ་འབྲི་དགོས་ཤིང་ཀློག་འདོན་དང་བློ་འཛིན་ཡང་སུ་མགྱོགས་འགྲན་དགོས།  མ་ཞིག་ནས་འགྱུར་བ་མ་ཤེས་མོད།  ང་ཚོའི་བསླབ་དེབ་དག་ཀྱང་ཚོན་རིས་ཉུང་ལ་བམ་ཁ་འཐུག་པོ་ཅན་དག་ཏུ་གྱུར་འདུག དེ་ཙམ་ནས།  ངའི་རྟ་ཕོངས་ཀྱི་རྨི་ལམ་ལ་ཚོན་མདོག་འགྱུར་ཞིང་དྲན་རྟོག་གི་བག་ཆགས་ལ་གས་ཆག་འགྲོ་མགོ་བརྩམས། 


    ལོ་ཟླ་ཁད་ཅིག་ལ་འདས་པའི་མི་ལོ་བཅོ་ལྔ་ལྷག་གི་རྗེས་ཀྱི་དེ་རིང་།  ང་རང་སྔར་བཞིན་ལོ་རིམ་རེ་རེ་བཞིན་འཕར་ཏེ་རྒྱང་ནས་རྒྱང་ལ་ཕྱོགས་ཀྱིན་ཡོད། ནམ་རྒྱུན།  དགུན་གནང་གི་གུང་གསེང་བཏང་སྟེ་ཕ་ཡུལ་ལ་ལོགས་ཚེ།  དགུན་མཚེར་གྱི་རྩྭ་ཁ་ཧ་ཅང་སྲབ་བུར་ཆགས་ཏེ་སྡེ་མཐའ་ནས་འཚུབ་སྐོར་རེ་དང་ལྷན་ཏུ་ས་རྡུལ་དག་ཀྱང་སྐྱ་ལང་ངེར་བྱེད།  མ་ལགས་ནས་རུ་བ་དགུན་མཚེར་དུ་བབས་ནས་ཟླ་གཅིག་གམ་གཉིས་རེད་སོགས་ཟེར་མོད། ཇི་ལྟར་བབས་ཚུལ་སོགས་ཅི་ཡང་མི་བཤད།  དེ་ལས་ཀྱང་། ཡུལ་མི་དག་གི་ངག་ནས་རུ་ལམ་དུ་ཁལ་ལོག་བྱུང་ཚུལ་དང་རི་མགོ་ནས་ཀྱལ་ཀ་རྩེེས་རབས་སོགས་ཀྱང་ཅི་ཡང་མི་ཐོས། 


    ལོ་འགའི་སྔོན་གྱི་འབྲོག་དམངས་གཏན་སྡོད་ཀྱི་རྣམ་གྲངས་དེས་ཁྱིམ་མཚེས་དག་གི་སྒོ་ཁྱིམ་ཧ་ཅང་དོག་པོར་བཟོས་ཤིང་སྡེ་མཐའ་རུ་སྐ་རགས་བཞིན་བཅིངས་པའི་ལམ་ཕྲན་དེས།  ཡུལ་མི་དག་འཆར་ལྡན་བུ་བཙའ་ལ་མོས་པའི་བསམ་འདུན་ཡང་རྟོགས་སོང་བ་འདྲ།  མཚམས་རེར།  ང་རང་སྒོ་ཆེན་དང་ཉེ་བར་བཅར་བའི་ལམ་ཁར་བསྡད་དེ་དགུན་མཚེར་གྱི་ཕྱོགས་དང་ཕྱོགས་སུ་རྒྱང་ལྟ་བྱས།  སྐབས་དེར། ངས་ཅི་ཞིག་བོར་སོང་བ་མི་དྲན་ཡང་། ཆ་མ་ཚང་ཞིང་འདྲིས་མི་ཐུབ་པའི་ཚོར་བ་སྐྱུར་མོ་རེ་འགོག་མེད་དུ་སྐྱེས་མྱོང་། ཡིན་ན་ཡང་།  ཚོར་སྣང་དེས་སྔར་བཞིན་ང་རང་ཕ་ཡུལ་ལ་ཆགས་པའི་ཞེན་པ་འདོར་མ་ཐུབ།  ད་ལྟ་བསམ་ན།  དེ་ནི་བློ་ཡིས་མ་བཏང་བའི་དྲན་པ་ཞིག་གི་གཟུགས་རིས་ཏེ། རུ་བ་དགུན་མཚེར་དུ་འབབ་པའི་མཚར་སྡུག་དང་རྫོགས་ལྡན་ཡིན་འདུག འདི་ཉིད་ངའི་སེམས་ཀྱི་ཟབ་ས་རུ་ལྷིང་འཇགས་ཀྱིས་འཁྱིལ་བས།  ངས་ཕ་ཡུལ་གྱི་ཡོད་ཚད་སྔར་བཞིན་གང་ཞིག་ན་ལྷུན་ནེར་ཡོད་པའི་ཡིད་ཆེས་རྙེད་དེ། སང་ལོའི་སྟོན་ཁ་རྫོགས་ན།  དགུན་མཚེར་ལ་མདངས་ཆགས་ཤིང་ཡུལ་མི་དག་ངོ་འཕྲོད་ཡོང་ཨང་།                        
                  ༢༠༡༩ལོའི་ཟླ་༡༠བའི་ཚེས་༢༧ཉིན། 
                           
རྩོམ་སྒྲིག་པ། མྱི་གསར་བ།


         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།