ཚིག་གི་སྐྱོ་བ་དང་དབྱངས་ཀྱི་རོལ་རྩེད།

    རྩོམ་པ་པོ། ཁམས་པ་རབ་དབྱངས།


ཚིག་གི་སྐྱོ་བ་དང་དབྱངས་ཀྱི་རོལ་རྩེད། 

 
                   
ཁམས་པ་རབ་དབྱངས། རྫ་སྟོད། 

      སེམས་པ་སྔར་བཞིན་སྟོང་འཇགས་ཡིན་པའི་དུས་དེར། ངས་མཚན་མོ་མང་པོ་ཞིག་ལ་ཉར་བའི་གླུ་སྐད་ཅིག་གིས་རོལ་དབྱངས་དྲན་སོང་། རོལ་དབྱངས་དེ་དྲན་དྲན་པའི་མཐའ།
རླུང་བུ་ཤུར་ཤུར་ཞིག་གིས་སྟོན་མཇུག་གི་མཚན་མོ་སྒུལ་བཞིན་འདུག ལམ་འགྲམ་གྱི་སྡོང་ལོ་དང་ནགས་ཚལ་གྱི་ཡན་ལག་ཚང་མ་སྒུལ་བཞིན་འདུག ང་ཡང་སྐྱོ་ངལ་གྱི་དབུགས་དབྱུང་ལྕི་མོ་ཐར་ཐོར་བྱེད་བཞིན་སྔར་བཞིན་སྟོང་འཇགས་རེད་འདུག  ཁྱེད་ཅག་གི་ཚེ་སྲོག་དབུགས་རྒྱུན་ཅི་འདྲ་རེད། 



      རང་གི་ཉིན་གཅིག་གི་དུས་ཚོད་དང་བྱ་བ་དག་ཉི་མ་ཤར་ནས་བསྒྲོན་ཚར་བ་ལྷན་དུ་མེད་པར་གྱུར་སོང་། ཤུལ་དུ་ལུས་པའི་སྐར་ཚོགས་བཀྲ་བའི་མཚན་མོ་འདི་རེད།  དཔེ་ཀློག་གི་ཡི་ག་མེད་ལ། ཞིབ་ཏུ་བསམ་བློ་གཏོང་འདོད་མེད་པའི་དུས་ཚོད་དེར།  ཞིབ་ཏུ་གཉན་རྗེས། ཕྱི་རོལ་དུ་ཁུར་གྱིན་པའི་སྡོང་ལོའི་ལོ་འདབ་དག་གིས་ཤག་སྒྲ་སྒེའུ་འགྲམ་དུ་སྒྲོག་བཞིན་འདུག མཚན་མོ་དེར་རང་ཉིད་ཀྱིས་ཚིག་གི་སྐྱོ་བ་དང་དབྱངས་ཀྱི་ཁོང་ཁྲོ་དག་ཁེར་རྐྱང་གི་སྡུག་ཡུས་དེ་ཡིན་ནམ། ཡང་ན་ཅི་ཞིག་བཞུད་ཟིན་པའི་དྲན་གདུང་ལྷག་མ་ཡིན། 


      དུས་ཚོད་ཀྱི་ཟེར་བ་འདིའི་མི་སེམས་ལ་དགའ་དུང་དང་བརྩེ་བ་སོགས་སྤང་ཐང་གི་མེ་ཏོག་བཞིན་སྟེར་ན་ཡང་།  དེ་དག་གི་ཁྲོད་ནས། གཡོ་ཟོལ་དང་ཚུལ་ཆོས་སྐྱོ་གདུང་དག་མཐའ་མི་མངོན་པའི་བྱེ་ཐང་གི་ཕུང་པོ་ཞིག་གོ། དུས་ཚོད་འདིའི་ཕ་རོལ་ན་ང་ཚོ་ལ་སྐྲ་ལོ་ལྟར་འཛིངས་པའི་སྐྱོ་གདུང་དང་དགའ་སྐྱོ་ཡི་ནགས་ཚལ་ཆེན་པོ་ཞིག་ཡོད། ནགས་ཚལ་དེ་དག་གིས་འདབ་མ་དང་ནགས་ཚལ་རེ་རེ་རྐང་ལ་གྱེས་བྲལ་གྱི་མིག་ཆུ་དང་། བྲིས་ན་མ་ཚར་བའི་ལུས་པའི་ཚིག་གི་སྐྱོ་བ་དང་དབྱངས་ཀྱི་ཁོང་ཁྲོ་དག་ཡོད། དེ་དག་ནི་ང་ཡི་སྐྱོ་གདུང་གི་ཀློང་ནས་ལྷ་སྒྲུང་གི་རོལ་རྩེད་ཅིག་བྱེད་འདོད།


      རང་བྱུང་ཁམས་ནས་ང་རང་ཁེར་རྐྱང་ངང་གནས་འདོད། སྐྱེ་དངོས་ཀྱི་དྲི་བསུང་།
ཆུ་ཕྲན་དང་རྩྭ་ཐང་ཚོགས་ལ་ཁེར་རྐྱང་གི་སེམས་པ་སྐྱོར་བཞིན། བྱིས་དུས་ཀྱི་གནས་ལམ་དང་ལོ་ཟླ་རེ་རེ་དྲན་པར་བྱེད།
སྤྲིན་དཀར་གྱི་བང་རིམ་མྱུར་བར་ཤར་ཕྱོགས་སུ་རྒྱུགས་ཞིང་། མཐར་གནམ་མཐའ་ལ་འཁྲིགས་རྗེས།
དེ་དུས་ཆར་བས་ས་གཞི་དང་སྐྱེ་དངོས་ལ་གཙང་འཁྲུད་བྱེད་པའི་སྟ་གོན་རེད་འདུག
ར་བ་ཟིམ་ཟིམ་ཞིག་གིས་སྣེ་དྲངས་ནས་འཇའ་འོད་ཀྱི་གུར་ལས་འབབ་དུས། རང་བྱུང་ཁམས་དང་མི་སེམས་དག་ཇི་འདྲའི་ཉམས་དགའ་བ་ཞིག་རེད་ཨང་།  ཚོར་བ་དང་མཛེས་སྡུག་ཚང་མ་ཁྱེད་ཀྱིས་རུམ་རྗེས། སྙན་ངག་སྐུད་སྣེ་དྭངས་མོ་དེ་ཡང་ཁྱེད་ལ་སྤྲིངས་དགོས་བྱུང་སོང་། དེ་ནི་ཁེར་རྐྱང་གི་འཚོ་བ་བསྐྱལ་ཚུལ་དང་། ཡང་ན་ནམ་ཟླ་ཞིག་གིས་དུས་ཚོད་ཀྱི་བང་རིམ་ཡིན།  



      རྩྭ་ཐང་གི་ལུག་ཁྱུ་མང་ས་ནས། ང་ལ་ཡོད་པའི་ཁེར་རྐྱང་གི་གླིང་ཕྲན། ཁེར་རྐྱང་གི་གནས་མལ། ཁེར་རྐྱང་གི་རྩྭ་ཐང་། ཁེར་རྐྱང་གི་བཞུད་ཟིན་པའི་ལམ་བུ་དག་ཞེ་ལ་ཡོང་ཐེངས་རེ་ལ། ང་ནི་ཅི་མི་སྙོམ་པའི་དྲན་པ་ཉེར་བཞག་གི་ཚུལ་དུ་ཐོན་འདུག དེ་དག་ཡང་སྟོན་མཇུག་འདབ་མ་བཞིན་ད་ལྟ་ཅི་ཡང་མི་འདུག རི་ཆུ་དང་རྩྭ་ཐང་དག དུས་ཚིགས་ཀྱི་གོ་རིམ་བཞིན་ཉིན་རེ་ལ་འགྱུར་རྗེས། སྐབས་དེར་ང་རང་ཟེར་བའི་མི་ཞིག་འཚོལ་གྱིན་ཡོད།  མི་དེ་དྲན་པའི་གདུང་བ་ལྕི་དྲགས་པས་དྲན་པ་ནམ་མཁའི་མཐོངས་སུ་སླེབས་འགྲོ། མི་དེ་སེམས་ནང་ནས་ཆུང་དྲགས་པས་ཉི་ཟེར་གྱི་རྡུལ་ཆའི་སྟེང་ནས་ཡིབས་འགྲོ། ངས་མིག་ཟུང་བསྒྲིབ་པའི་མཆི་མ་ལག་པས་ཕར་ཕྱེས་ཏེ་ཡང་བསྐྱར་འཚོལ་དུས། དྲན་གདུང་དང་སྐྱོ་བ་རིང་དྲགས་པས་ཡུན་རིང་ཞིག་ལ་བརྩལ་བའི་མི་དེ་ཉིད་སྨུག་པ་རབ་རིབ་གཅིག་གིས་བཏུམས་སོང་། 


      དུས་ཚོད་ཀྱི་འཆར་སྣང་དང་རྟོག་འགྱུ་ནི་ཚོར་བའི་འཁྲབ་གཞུང་ཡིན་པར་ཆ་བཞག་ན། དགའ་སྡུག་གི་སྣང་བ་ནི་ཚོར་བའི་འགྱུར་ལྡོག་གི་ཆོས་ཉིད་ཅིག་ལ་འབྲེལ། སྨུག་རླུང་འཁྱིལ་བའི་རི་རྩེ་དང་། མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ནེའུ་གསང་གི་ཁོར་ཡུག་མཐོང་ཐེངས་རེར། བྱ་ཚོགས་ཀྱི་སྐད་སྒྲ་སྙན་པའི་ཚོར་བ་དང་། ཆུ་འགྲམ་ནས་རྩེད་རྡོག་བསྒྲིགས་པའི་གཏམ་རྒྱུད། རྩི་ཏོག་གི་ཞྭ་མོ་བསླས་པ། ལྕང་མའི་རྟ་མཆོག་བཞོན་པ། རྩྭ་ཐང་ལ་མེ་ཏོག་བཞིན་འདྲེས་པའི་ལུག་ཁྱུ་ཡི་འབའ་སྒྲ་སོགས་མོད་པའི་དབྱར་གཞུང་དེ་དག་གི་གཏམ་རྒྱུད་ནི།  དུས་ཚོད་ཅུང་ཙམ་རྒས་ཤིང་འཁྱོག་པར་གྱུར་རྗེས། མྱང་མི་ཚར་བའི་ཚོར་བ་སྦྱིན་ལ། དྲན་ན་མ་ཚར་བའི་གཏམ་རྒྱུད་རེ་དྲན་པར་བྱེད། དབྱར་གཞུང་གི་རྟོག་འགྱུ་དང་འཆར་སྣང་དག་ཅི་འདྲའི་མཐའ་ཡས་པའི་རྩྭ་ཐང་། མ་རྙིང་ན་རུལ་རྒྱུ་མེད་པའི་ཕྱི་དྲན། དེ་ནི་ད་ལོའི་དབྱར་གཞུང་གི་བསྣོལ་མཚམས་སུ་འགྲེང་བའི་རྟོག་འགྱུ་དང་ཆར་སྣང་གི་དབུ་ཁྱུད་ཡིན།  རྟོག་འགྱུ་དང་འཆར་སྣང་དེའི་གྲིབ་ལ་ང་ལ་ཅི་ཞིག་ལྷག་སོང་། རྨི་ལམ་ཐེངས་གཅིག་གི་འཆར་སྣང་། གོ་རིམ་ཚང་མ་ལྷག་སོང་། དེ་དག་ལ་ཚིག་གི་སྐྱོ་བ་དང་དབྱངས་ཀྱི་ཁོང་ཁྲོ་ཡོད།


      ཁེར་རྐྱང་གི་བཞུད་ལམ་རིང་མོ་དེ་ནས་ཁོ་བོས་སྡུག་ཡུས་སྨྲེང་ངག་རླུང་ལ་བསྐུར་རྗེས། བཞུད་ལམ་གྱི་དཀྱོག་མཚམས་སམ་བསྣོལ་མཚམས་དེ་ནས། ཁོ་བོ་ལ་མྱ་ངན་དང་སྐྱོ་གདུང་གི་དྲན་པ་བསམ་མི་ཁྱབ། ཉི་འོད་དང་རྒྱང་ཐག་རིང་བའི་ཡུལ་གྲུ་ཞིག་ཏུ། ང་རང་གནས་བཅར་རྗེས།  བྱིའུ་དེ་ཡང་འཕུར་ནས་ཡུན་རིང་རེད་སོང་། དུས་ཚིགས་སེར་བོ་དེ་ཡང་སྟོན་དགུན་གྱི་བར་ནས་ཡལ་སོང་། ཤུལ་ན། ཞེ་སྨྲེང་སའི་ཁོར་ཡུག་དེ་ནས་སྙན་ངག་གི་མིག་ཆུ་ཁྱོར་བཞིན་གནས་ཡོད།

                                     རྩོམ་སྒྲིག་པ། མྱི་གསར་བ།