ནུབ་རྒྱ་མཚོ་ཆེན་པོའི་ཕར་ངོགས་ཀྱི་མ་ཡུམ།

    རྩོམ་པ་པོ། ཀུན་དགའ་དོན་འགྲུབ།


ནུབ་རྒྱ་མཚོ་ཆེན་པོའི་ཕར་ངོགས་ཀྱི་མ་ཡུམ། ཤར་གངས་རི་དཀར་པོའི་ཚུ་རོལ་གྱི་མ་ཡུམ།


                        ཀུན་དགའ་དོན་གྲུབ།



ད་ནངས་ཞོགས་པ། སྨུག་པ་ཤིང་བལ་འདྲ་བ་དག དུམ་བུ་དུམ་བུར་ཆགས་འདུག
ད་ནངས་ཞོགས་པ། སྤྲིན་པའི་ཁོང་གསེང་ནས་ཉི་འོད་གསེག་གིས་འཕྲོ་ཞིང་། རྩྭ་ལྗང་གི་ལོ་མ་ཟིལ་བས་ལྕིད་འདུག
ད་ནངས་ཞོགས་པ། དམའ་མོའི་གཅོང་ཆུང་དག་ནས། ཆུ་ཕྲན་འབབ་ཅིང་། ལོགས་དང་ལོགས་སུ་རྩྭ་ཉོབ་དང་གད་སྙིག་གཡུག་འདུག

 
ང་རང་ཆུང་དུས་ཆུང་དུས། ཨ་མའི་རུམ་ན་ཡོད་དུས། ནངས་ཇར་རྩམ་པ་བརྫིས་ནས་ལག་ཏུ་འཇོག་དགོས་དུས། ད་ནངས་ཀྱི་ཞོགས་པ་འདི་འདྲར། ཨ་མས་མདང་ནུབ་མཚན་གང་བོར་བབས་ཐལ། ཡང་ན། མདང་སྟོང་ཆར་གྱིས་གྱུ་ལོག་ཐལ་སོགས་གསུངས་ཐེངས་མང་པོ་ཐོས་མྱོང་།


ད་ནངས་ཀྱི་ཞོགས་པ་འདིས། ང་ལ་ཨ་མ་དྲན་དུ་བཅུག མཚན་མོ་ཡིན་ཡང་གཉིད་སྲབ་མོ་ལས་མི་ལོག་པའི་ཨ་མ།
ཁྱིམ་ཚང་གི་དོན་དུ་སྒོ་ཁྱི་བཞིན་གཉིད་བསངས་བྱས་བྱས་ལ་ཡོད་པའི་ཨ་མ།


ཉིན་མོའི་ཨ་མས་རྒྱང་སོ་བྱས་ཏེ་རི་སྒང་ལ་ལྟ་དགོས་ཤིང་། ཉི་ཡོལ་འཐེན་ནས་ལུང་ཆེན་ལ་ལྟ་དགོས།
མཚན་མོའི་ཨ་མས་རྣ་བ་ཆོན་ཐག་ལ་འཕངས་ནས། ལུག་ལྷས་ལ་ཉན་དགོས་ཤིང་། གཉིད་སྲབ་མོ་ལས་མི་ལོག་པར་འཁོར་བ་སེམས་ལ་འཛིན་དགོས།


ཨ་མས་ལུག་ཁྱུ་སྣེ་འདྲོག་ཙམ་བྱས་ཀྱང་གསལ་པོར་ཐོས་པས། མཚན་མོའི་མུན་ནག་གི་དཀྱིལ་ནས་ཀི་དང་བཤུག་རིང་བྱེད་འོང་། ནོར་ལྷས་ནས་འབྲི་མོས་ངུར་ཆུང་ཙམ་བྱས་ཀྱང་གསལ་པོར་གོ་བས། འཛར་ཆུ་ཤག་ཤག་བཞུར་བའི་སྦྲ་འབབ་བཀྱགས་ནས་ཡང་ཡང་བལྟ།

སྐབས་སྐབས་སུ་མཚན་སྨག་གི་ཆར་ལུང་ཁྲོད་ནས་ཨ་མ་འཁང་ར་དང་ལས་འདེད་མེད་པར་ཡར་ལངས་ཏེ་རྡང་སྐོར་ལ་སོང་བའི་ཡར་མ་དང་ཤད་རུག་གི་ཕུར་བ་ཕྱིར་བརྡབ་དུས་ཕུར་རྡེབ་དང་ཕུར་བ་འཕྲད་པའི་སྒྲ་ང་ཚོས་སྦྲ་ནག་ནང་ནས་ཆར་སྒྲ་དང་ལྷན་དུ་ཐེངས་མང་པོ་ཐོས་མྱོང་།

ཆར་སྨག་འདྲེས་ཏེ་གནམ་སྔོན་པོས་ས་རྡུང་ཐེངས་རེ་རེར་ཁ་དམ་གྱིས་ངེད་ཚང་གི་ལུག་ཁྱུ་ལྷས་ནས་ཐེངས་མང་པོར་ཕུད་ཅིང་། ཕུད་ཐེངས་རེ་ལ་ཨ་མ་ཡར་ལངས་ནས་མུན་ནག་གཤགས་ནས་འགྲོ་ཞིང་། ཕྱི་ཆུས་ནང་ལ་རྡོལ་ཡང་ཕྱོགས་ཕྱོགས་ནས་ལུག་ཁྱུ་ལྷས་ལ་འཛོམས་པར་བྱེད། མ་ཚད་སྤྱང་ཀིས་སྐེ་བླངས་སོང་བའི་མ་མོ་རེ་ཡང་ཁྱིམ་ལ་བླངས་འོང་དུས་ཡོད།

མཚན་གང་བོར་ཐིགས་ཆུས་གདུང་བའི་ཨ་མ། སྐྱ་རེངས་ཀྱི་འདབ་མ་མ་བཀྱགས་གོང་། སྔོ་རེངས་ཀྱི་ལོ་མ་མ་འབུས་གོང་། ཡར་ལངས་ཏེ་ཤག་ཤག་འབབ་པའི་ཆར་ནང་དུ་བཞོ་ཟེའུ་ཐོགས་ནས་བུད་འགྲོ། སྔུར་བ་ཡང་མོས་གཉིད་པའི་བུ་ཕྲུག་དག་ལ་ཕྱིར་ལྟས་ཙམ་ཡང་མི་བྱེད་པར་གཅིག་པུར་ནོར་ལྷས་སུ་བུད་འགྲོ། 


སྐྱ་མདའ་བཀྱགས་དུས། ཨ་མས་སྔ་མོ་ནས་བཞོས་ཟིན་པའི་འབྲི་མོ་འདང་ཆེན་ཚོས་རི་སྒང་དང་རི་ཤོད་དག་ན་བསིལ་རྩྭ་ཟོས་ནས་རྩྭ་རྐང་ཆོག་ལ་ཉེ་ཤིང་། ཨ་མས་སྔ་མོ་ནས་གསོས་པའི་མེ་ལ་ཁ་སྒོང་འཇོག་མཁན་མེད་པས་སྦྲ་ནག་གི་སྒལ་ཚིགས་ན་གཡུ་དུད་སྔོན་པོ་ཞིག་མཁའ་ལ་གྱ་གྱུར་འགྲོ་བ་སྣང་། ཨ་མས་ལྷས་མཐའི་ལྕི་བ་ཡང་གླེབས་ཚར་ནས། བཞོ་ཟེའུ་གསེག་གིས་ཁྱེར་ཏེ་ཁྱིམ་ལ་ལོག་འོང་། སྐབས་དེ་དུས་ངས་ཨ་མར་ཉོབ་རྒྱུ་དང་དཀའ་རྒྱུ་ཡོད་སྣང་སྐྱེ་མ་མྱོང་། 

ད་ནངས་ཞོགས་པ་འདིས། ང་ལ་དབྱར་ཆར་ཆུ་དང་འཐབ་ནས་འོང་བའི་ཨ་མ་དྲན་དུ་བཅུག 

 
ནུབ་མོ་ང་ཚོས་གོ་གཉིད་བྱ་སྟེ། གཉིད་གཉིད་ལ་མལ་སར་དལ་བུས་འཇོག་པའི་ཨ་མ་ཡོད་པས་སོ།། ནུབ་མོ་ང་ཚོས་སྔ་ཉལ་ཡང་བྱ་ཏེ། ནུབ་ཇ་ལག་ལ་སྤྲོད་པའི་ཨ་མ་ཡོད་པས་སོ།། ཨ་མས་ང་ཚོར་ཉལ་ཇ་སྤྲད་དགོས། ཨ་མས་ང་ཚོས་གོ་གཉིད་བྱས་དུས་ག་ལེར་གཉིད་མི་དཀྲོག་པར་མལ་སར་བདེ་བླག་གིས་སྐྱེལ་དགོས། ཨ་མས་ཆུར་ཁུ་ཧྲུལ་དགོས་ལ། བཀབ་བསུམ་བྱེད་དགོས། ཐལ་འོག་ཏུ་མེ་གསོ་དགོས་ལ། མར་མེ་ངོགས་སུ་བྱིས་པ་ཚོའི་གོས་ལྷམ་འཚེམ་དགོས་པས་ཨ་མ་ཉལ་དུས་མཚན་ཕྱེད་ལ་ཐོན་འགྲོ།


ང་ཚོས་བདེ་སྐྱིད་ཀྱི་རྨི་ལམ་ནས་ཀྱང་ཁྱིམ་ལས་ཙག་ཙིག་གིས་མཚན་ཕྱེད་བར་ལུས་པའི་ཨ་མ་རྨི་མི་སྲིད་ལ། ཨ་མས་ཀྱང་བདེ་བར་གཟིམས་པའི་ང་ཚོར་ཁྱིམ་ལས་བྱེད་བཞིན་མིག་ཟུར་ཙམ་ཡང་ལྟ་མི་སྲིད། 


ཨ་མ་སྐེ་ལ་རལ་གྲི་བཞག་ཀྱང་མི་མཐོང་བའི་མུན་ནག་ཏུ་སོང་ནས་བེའུ་ལུག་གཅུས་ཡོད་མེད་ལྟ་དགོས་ལ། ཡར་མ་བསྐོར་ཡོད་མེད་ལྟ་དགོས། ཨ་མས་ཚུར་ལམ་ཁ་ཚབས་འཐེན་ནས་ཁྱིམ་དུ་ལོག་དགོས་ཤིང་། ཡ་སྒྱེད་ན་འཛུམ་དམུལ་དམུལ་གྱི་འབར་བའི་མར་མེ་སྐོང་ཆུང་གི་འོད་སྣང་ངོགས་ནས། ཧ་ཅང་སྟབས་བདེ་བའི་སྟན་ལིང་ཁེར་བཏིང་གི་སྟེང་ནས་ལོག་ཐབས་བྱས་དུས། ཨ་མའི་པུས་མོ་དང་གྲུ་མོ། རྐང་འགོ་སོགས་འཁྱག་ཆུ་ཆུ་ཡིན་ཡང་། དེ་ནི་ཨ་མ་ལས་སུས་ཀྱང་མྱོང་མི་ཐུབ་པའི་རེག་བྱ་འཁྱག་པ་ཞིག་གོ། 

ཨ་མ་དེ་ལྟར་ཉལ་ནས་རྐང་ལག་ལ་དྲོད་ཁོལ་རྒྱས་ལ་ཉེ་དུས་སླར་ཡང་། བུས་ཕྲུག་ཚོའི་སྔུར་དབྱངས་ཁྲོད་ནས་ཨ་མ་ཁེར་བུས་སྐྱབས་འགྲོ་དང་སེམས་སྐྱེད་གསོག་གིན་ཡར་ལངས་ཏེ་མཁུང་ལ་འགྲོ་དགོས།

 
ངའི་ཨ་མ། ཁྱོའི་ཨ་མ། ཁོའི་ཨ་མ། མོའི་ཨ་མ། ཡ་ཐ་ཚང་དང་མ་ཐ་ཚང་གི་ཨ་མ། ནུབ་རྒྱ་མཚོའི་ཆེན་པོའི་ཕར་ནང་གི་ཨ་མ། རི་ཧི་མ་ལ་ཡའི་ཚུར་ནང་གི་ཨ་མ། ཨ་མ་ཐམས་ཅད་ལས་ངན་ཡིན་པས་དཀའ་སྡུག་གི་ཁུར་བོ་ཕྲག་ལ་ལེན་མཁན་ཡིན། ཨ་མ་ཡོད་ཚད་བྱང་སེམས་ཡིན་པས་དཀའ་སྡུག་གི་ཁྲེས་པོར་ལས་ལན་མི་འདེད་པ་ཡིན། 


ཨ་མས་དང་པོ་འུ་ཅག་ཤ་ཁྲག་གིས་གསོ་དུས། ཨ་མའི་ལང་ཚོ་ཉམས་ཤིང་། མཁུར་གོང་གི་དམར་བཀྲ་དེ་ཡང་ཡོངས་སུ་ཡལ་སོང་། བར་དུ་ཨ་མ་ནང་སྔ་ལངས་དང་། དགོང་ཕྱི་ཉལ་གྱིས་འུ་ཚོའི་ཟས་གོས་ལ་འབད་དུས། ཨ་མའི་ཞལ་རས་དྭངས་མོར་གཉེར་མ་ཆགས་ཤིང་། གནག་སྣུམ་ལན་བུར་སེ་མདའ་ལྷུང་སོང་། ཐ་མ་ཨ་མས་འུ་ཚོ་སེམས་ཀྱིས་འཚོས་ཤིང་ངག་གིས་སྐྱོང་དུས། ཨ་མའི་གསུང་སྐད་ལ་འདར་ཆ་བབ་ཅིང་། ཨ་མའི་མིག་ཟུང་ལས་སྤྱན་ཆབ་རྡོལ་བྱུང་།

 
ཨ་མ་དང་བུས་ཕྲུག་ལ་སྐྱེ་བ་སྔ་མའི་ཁ་ཆད་ཅིག་ཡོད་དེ། ཨ་མ་ནི་སྡུག་དང་དཀའ་ལས་མྱོང་མཁན་དང་། བུས་ཕྲུག་ནི་སྐྱིད་དང་ལོངས་སྤྱོད་རོལ་མཁན་ཡིན། ཨ་མ་ཁ་དན་འདི་ལས་འདའ་སྟེ། བུས་ཕྲུག་ལ་དཀའ་ལས་དང་སྡུག་བསྔལ་ཕྲད་ཚེ། ཨ་མས་མིག་ཆུ་ཤམ་ཤམ་དུ་གཏོང་ཞིང་། ཤུག་རིང་ནར་ནར་གྱིས་འབྱིན། བུས་ཕྲུག་དག་གཡར་དམ་ལས་འདས་ཏེ། ཨ་མ་སོས་དལ་ངང་ཅུང་ཙམ་རེ་སྡོད་དུ་སྟེར་ན་ཁོ་ཚོས་ལས་འདེད་དང་འཁང་ར་བྱེད་དོ།། མདོར་ན་ཚེ་ཐོག་འདིར་ཨ་མ་ནི་ལས་བ་པོ་ཡིན་ཡང་། ཟ་བ་པོ་མིན་ལ། བུས་ཕྲུག་དག་ཟ་བ་པོ་ཡིན་ཡང་ལས་བ་པོ་མིན་པའོ།།

 
ད་ནངས་ཀྱི་ཞོགས་པས་ང་ལ་ཨ་མ་དྲན་དུ་བཅུག་ཅིང་། ངའི་ཨ་མས་འུ་ཚོའི་ཨ་མའི་བཀའ་དྲིན་དྲན་དུ་བཅུག


སྨུག་པ་སྲབ་མོ་དག་ས་རུ་ཐག་ཚར་འདུག ཨ་སེར་ཉི་མ་ནི་སྔོ་ཁྲང་ཁྲང་གི་མཁའ་དབྱིངས་ན་གཡུ་ཡི་གཞོང་པར་གསེར་གྱི་འཕང་ལོ་བཞག་པ་དང་འདྲ། ངས་རྩོམ་འདི་ཡོངས་སུ་མཇུག་གྲུབ་ལ་ཉེ། ང་ཆུང་དུས་ནམ་ཚོད་འདི་ལ་སླེབས་དུས། ཨ་མས་ང་རང་གཉིད་ལས་བསླངས་ཏེ། གོས་ལྷམ་བྱས་ཚར་ནས། གཅེས་ལོ། ད་འོ་འབྱོག་ཟོ་ལ་བེའུ་ཡར་ཁ་ལོང་ཤོག་ཟེར་བའི་དུས་ཚོད་རེད་ཨང་།

     2019 9 20 བོད་ཟླ་བདུན་པའི་ཚེས་ཉེར་གཅིག་ལའོ།།
                 རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།